ཁྱེད་ཚོ། སུས་བཟུང་སྟེ་བསྡད་ཡོད།

——"གངས་ཅན་སྐྱེས་མ་ཚོར་ཕུལ་བ།"
ང་ཚོས་རྒྱུན་པར་མགོ་བོ་ནམ་མཁར་བཏེགས་ཏེ་ཅི་ཞིག་འགྲུབ་སོང་བའི་སྣང་བ་བན་བུན་ཞིག་གིས་མྱི་ཚེ་སྐྱིད་ལ་སྐུར་གྱིན་ཡོད་མོད། དོན་དུ་ཅི་ཡང་འཁྱོངས་མེད་པའི་གནས་ཚུལ་མང་བོ་ལྷགས་ཀྱིན་ཡོད། མི་ཚེ་ཕྱེད་ཀ་ཤོར་ལ་ཉེ་བའི་བདག་གིས་ཀྱང་ད་བར་དུ་རྩོད་ཉོག་གི་ལས་གཞི་མང་བོ་ཞིག་མཐོང་ལ་ཁྱད་པར་དུ་བུད་མེད་ཚོས་རང་ཉིད་མི་བསྲུང་བར་གཞན་ལ་ངན་ཁག་དཀྲི་བའི་སྣང་ཚུལ་སྐྱུག་བྲོ་བ་དང་ཡ་ང་བ་གང་མང་མཐོང་རྐྱེན། ཆོས་པ་དང་འཇིག་རྟེན་པ་སུས་བལྟས་ན་ཁོ་བོར་མི་རན་པའམ་མི་མཛའ་བའི་སྣང་བ་འཆར་བའི་རྩོམ་ཡིག་ཅིག་འབྲི་འདུན་སྐྱེས་སོང༌།

བུད་མེད་ནི་དོན་ངོ་མའི་སྟེང་ནས་བཤད་ན། ཆེས་རླབས་ཆེ་ཞིང་ཡ་མཚན་ཅན་གྱི་སྲོག་ཆགས་ཤིག་སྟེ། གོ་ལ་ཧྲིལ་བོའི་སྒང་གི་མི་དྲག་སྐུ་དྲག་སུ་ཡིན་ཀྱང་སེམས་ཤོར་ནས་དགའ་བཀུར་བརྩེ་བྱམས་གནང་གིན་ཡོད་ལ། སུས་ཀྱང་གདུལ་དཀའ་བའི་སེམས་སྲུང་མཁན་པོ་ཚོ་ཡང་གངས་ཁྲོད་དང་ནགས་ཁྲོད། གསེར་ཁྲི་དང་དངུལ་ཁྲིའི་སྟེང་ན་སེམས་ཅི་ཞིག་ལ་ཆགས་ཀྱིན་ཡོད་པ་རེད། ཁོ་ཚོ་ཅི་འདྲ་རྫིག་ཀྱང་བུད་མེད་ཀྱི་མངལ་ནས་ཐོན་པ་རྐྱང་རྐྱང་རེད་ཤག

བུད་མེད་མི་འདོད་སྐྱེས་པ་སུ་ཞིག་ཡོད། ། ཅེས་པའི་སྒྲོམ་གཞིར་གྱུར་བའི་བུད་མེད་ཚོ་གླེང་ན། ཐོག་མར་བུད་མེད་དང་སྐྱེས་དམན་ཞེས་པའི་ཐ་སྙད་འདི་ལ་འགྲེལ་སྟངས་སྣ་ཚོགས་ཤིག་མཆིས་ཏེ། སྐྱེས་པ་རྣམས་ཀྱི་གོང་ལ་བུད་དུ་མེད་པས་ན་བུད་མེད་ཅེས་པ་དང༌། དེ་བཞིན་སྐྱེ་བོ་རྣམས་ལས་དམན་ཤོས་ཡིན་པས་ན་སྐྱེས་དམན་ཟེར་བ་སོགས་བུད་མེད་མི་སྡུག་པའི་ཆོས་སུ་མཐོང་བའི་ཆོས་ལུགས་མི་སྣས་ཕོ་མོ་འདྲ་མཉམ་གྱི་ལྟ་བར་དམའ་ཕབ་ནས་བཏགས་པ་ཞིག་རེད་ཅེས་མང་བོ་སྒྲོག་གིན་འདུག་མོད། འོན་ཀྱང་ཁོ་བོས་བལྟས་ན་དེ་འདྲ་ཞིག་གཏན་ནས་མ་རེད། འདི་ནི་ཆོས་ལུགས་པས་བཏགས་པ་ཞིག་མིན་པར་མ་ཟད་བོད་ལ་བྲམ་ཟེའི་ཆོས་ལུགས་ཀྱིས་དཔུང་འཇུག་མ་བྱས་པའི་གོང་ནས་འབོད་པའི་ཐ་སྙད་ཅིག་སྟེ། བུད་མེད་དང་སྐྱེས་དམན་ཞེས་པ་ཕོ་དབང་དང་མོ་དབང་གི་རྟགས་ཀྱིས་ཕྱེས་པའི་མིང་བརྡ་མཁན་པོས་བཏགས་པའི་ཐ་སྙད་ཅིག་རེད།

སྤྱིར་བུད་མེད་ཚོ་དང་སྐྱེས་པ་ཚོ་སུ་ཞིག་ཡིན་ཀྱང་སྙིང་སྟོབས་དང་བྱམས་བརྩེ་སོགས་ཀྱི་རིན་ཐང་དང་བྱེད་ནུས་འདྲ་མཚུངས་ཡིན་ལ། ལྷག་པར་དུ་བུད་མེད་ཚོའི་ལང་ཚོའི་སྟོབས་ཤུགས་དང་ལྷད་མེད་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག་ནས་ང་ཚོའི་རླབས་ཆེ་བའི་མེས་པོ་གོང་མ་ཚོ་འཁྲུངས་པ་མ་ཡིན་ནམ།

ང་ཚོ་ནམ་རྒྱུན་བུད་མེད་ཚོ་དང་འབྲེལ་འདྲིས་བྱས་པ་ལས་སྙིང་སྟོབས་དང་གསོན་ཤུགས་འཕར་ཏེ་བྱ་དངོས་གང་མང་གི་བཟོ་སྐྲུན་པ་དང་སྲོལ་འབྱེད་པར་འགྱུར་གྱིན་ཡོད་ལ། ད་དུང(ཀུ་རེ་དང་འབྲེལ)ཕྱོགས་གཞན་ཞིག་ནས་གླེང་ན་བུད་མེད་ཚོའི་བྱེད་ནུས་ཕུན་སུམ་ཚོགས་པའི་དབང་གིས་ད་གཟོད་ང་ཚོ་སངས་རྒྱས་ཀྱིན་ཡོད་པ་མ་རེད་དམ། འཁོར་བའི་བདེ་བ་འདི་ཅམ་གྱིས་བཞག་སྟེ་འགྲོ་ས་སྐྱིད་པོ་ཞིག་གཏན་ནས་ཡོད་པ་མིན་ལ། འཁོར་བའི་ཁྲོད་ནས་ཆོས་པ་ཚོ་ལའང་ངེས་འབྱུང་དང་བྱམས་པ། བརྩེ་བ་དང་སྙིང་རྗེ་སྐྱེས་པ་ཡིན་ལ། ད་དུང་ང་རྒྱལ་དང་ཕྲག་དོག་སོགས་ཆགས་སྡང་གི་སྐྱོན་ཡོན་མཐོང་ནས་བླ་ན་མེད་པའི་སེམས་བསྐྱེད་རླབས་ཆེན་གྱིས་འཇིག་རྟེན་བསྒུལ་དགོས་པ་མ་ཡིན་ནམ།

ང་ཚོའི་ཆོས་གཞུང་ཁྲོད་བུད་མེད་ལ་འཛེམ་དགོས་(བཙུན་མ་ཚོས་ཀྱང་སྐྱེས་པ་ལ་འཛེམ་དགོས་ཚུལ་ཀྱང་གསུངས་ཡོད)པའི་ཚིག་ཁ་ཤས་འབྱུང་གིན་ཡོད་པ་ནི་བུད་མེད་ལ་དམའ་ཕབ་པའི་ཚིག་རྩུབ་ཅིག་ག་ལ་ཡིན། དེ་ནི་སྐབས་དེ་དང་དེའི་སྙིང་སྟོབས་བསྐྱེད་ཕྱོགས་དང་བཅས་པ་མཛད་ཚུལ་གྱི་དབང་གིས་ཡིན་པ་ལས་གཞན་ཞིག་མིན། ཆོས་གཞུང་ནའང་བུད་མེད་དང་སྐྱེས་པ་ཚོར་མཆོག་དམན་གྱི་ཁྱད་བཀར་མེད་པར་མ་ཟད། བསྟན་པའི་ཡང་སྙིང་ལམ་གཙོ་རྣམ་གསུམ་ལས་ཆེས་མཆོག་ཏུ་གྱུར་བའི་ཐེག་ཆེན་གྱི་འཇུག་སྒོ་རྨད་དུ་བྱུང་བའི་ལམ་བཟང༌། བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་པའམ་སྒོམ་པའི་ཚེ་ཡང་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཞེས་ཕ་ལས་མ་གཙོ་བོར་དགར་བ་འདིས་ཀྱང་ཕ་ལས་མ་དྲིན་པོ་ཆེ་ཚུལ་དང་རིན་ཐང་མཆོག་ཏུ་གྱུར་བ་བསྟན་པ་ལས་གཞན་ཅི་ཞིག་རེད། གཞན་ང་ཚོའི་སྤྱི་ཚོགས་ཁྲོད་དུའང་ཨ་ཕའི་བུ་མི་ཟེར་བར་ཨ་མའི་བུ་ཟེར་བ་ལས་ཀྱང་བུད་མེད་ཀྱི་བླ་ན་མེད་པའི་སྙིང་སྟོབས་དང་བྱམས་བརྩེ་ཞིག་མཐོང་གི་མི་འདུག་གམ།

ང་ཚོས་ཞིབ་འདང་ཞིག་བརྒྱབ་སྟེ་བུད་མེད་ཚོའི་རིན་ཐང་གཞལ་བར་དཀའ་བའི་ཐད་ནས་བལྟས་ན། བོད་ཀྱི་སྐྱེས་མའི་སྙན་ངག་པ་ཐོག་མ་སད་མ་ཀར་གྱིས་ཁོ་མོའི་མེས་པོ་གནམ་རི་སྲོང་བཙན་གྱི་དབང་འོག་ནས་ཤོར་བའི་ཞང་ཞུང་རྒྱལ་ཕྲན་རང་གི་ཡབ་ཀྱི་བཀའ་དགོངས་བཞིན་སླར་ཡང་བཙན་པོའི་མངའ་ཞབས་སུ་བསྡུས་པར་རླབས་ཆེ་བའི་ནུས་པ་གང་འདྲ་ཐོན་འདུག་པ་དང༌། བོད་ཀྱི་རྒྱལ་མོ་ཐོག་མ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་མངའ་ཐང་རྒྱ་བསྐྱེད་དང་རང་སྲིད་བརྟན་སྲུང་གི་ཆབ་སྲིད་བསམ་བློའི་ཐུགས་དཀྱེལ་ཧ་ལས་པ་ཡིན་ཚུལ་དང༌། ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་མེ་ཏོག་སྒྲོན་གྱིས་སྐབས་དེ་དང་དེའི་ཆོས་སྲིད་ལུགས་ཟུང་གི་ལྡོག་ཕྱོགས་ནས་བྱེད་ནུས་རླབས་ཆེན་ཐོན་ཡོད་པ་སོགས་དཔྱོད་ཤེས་ཀྱི་བློ་མིག་དང་སྙིང་སྟོབས་ཕུལ་དུ་ཕྱིན་པའི་སྐྱེས་མ་གང་མང་ཡོད་པར་ལོ་རྒྱུས་ཡིག་ཚང་དག་ལས་ཤེས་ཐུབ།
བོད་སིལ་བར་གྱུར་ནས་བཟུང་བོད་ལ་རང་བདག་རང་སྲུང་གི་འགན་འཁྲི་རྩ་བའི་ཆ་ནས་མེད་རྐྱེན་སྲིད་ཀྱི་ཆ་ནས་དཔེ་མཚོན་རླབས་ཆེན་མེད་ཀྱང༌། གྲུབ་དགུའི་མེས་པོ་རྗེ་མི་ལའི་ཡུམ་ཆེན་མྱང་ཚ་དཀར་རྒྱན་གྱིས་སེམས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་བུ་ཆུང་དགྲ་ཚོགས་ལས་རྒྱལ་བར་བྱས་ཤིང་མཆོག་གི་དངོས་གྲུབ་ཐོབ་ཏུ་བཅུག་པ་དང༌། མ་ཅིག་ལབ་ཀྱི་སྒྲོལ་མས་ཞི་བྱེད་གཅོད་ཀྱི་གདམས་པ་ས་ཁྱབ་གནམ་ཁྱབ་ཏུ་མཛད་པས་ཆོས་ཕྱོགས་ཀྱི་མཛད་རྗེས་རྨད་དུ་བྱུང་བའི་འཕྲིན་ལས་ཀྱི་རྒྱུན་ད་དུང་གསོན་ཤུགས་ཆེན་པོས་སྐྱོད་ཀྱིན་ཡོད་པ་འདི་ག་རེད།

དེ་ནས་རིམ་གྱིས་བཀས་བཀོད་རྒྱུན་འཛིན་ལམ་ལུགས་དང་ཁེ་ཕན་རང་སྲུང་སྒེར་སྒྲུབ་ཅན་གྱུར་ནས་བོད་ཁམས་སླར་ཡང་རྨོངས་མུན་གྱིས་བཏུམས་པ་དང་ལྷན་དུ་ང་ཚོ་དང་ཁྱད་པར་དུ་བུད་མེད་ཚོ་ཤེས་ཡོན་གྱི་ཐེམ་སྐས་ལས་བབས་ཏེ་ལྷ་ཆོས་མི་ཆོས་གཉིས་མེད་ཀྱི་འཚོ་བ་ཐབས་རྡུགས་འདི་ལ་རོལ་དགོས་བྱུང་སྟབས་ཅི་ཡང་མེད་པ་ལྟ་བུའི་གནས་བབ་སྡུག་པོ་འདི་མགོ་ཐོག་ཏུ་ལྷུང་བ་རེད། རང་གཞན་གཉིས་ཕུང་གི་དོན་མེད་འུར་ལངས་དང༌། རང་དབང་དང་འདྲ་མཉམ་མི་ཡོང་གི་ཟེར་བའི་ཀུ་ཅོ་ནམ་མཁའི་མཐའ་ཀླས་པར་བསྒྲགས་ཀྱང་ཉེན་ཁ་ལས་བཟང་ཆ་ཏིལ་འབྲུ་ཙམ་ཡང་འཐོབ་དཀའ།

དེ་བས་དུས་རབས་ཉེར་གཅིག་པའི་བརྡ་འཕྲིན་གྱི་ལམ་ཁ་ཡག་པོ་འདི་དམ་འཛིན་བྱས་ཏེ།དཔའ་ངར་ཆེར་བསྐྱེད་ཀྱི་སྤོབས་པས་སྐྱོད་དང༌། ང་ཚོ་ལ་སད་མ་ཀར་དང་ཁྲི་མ་ལོད་ལྟ་བུའི་ཆབ་སྲིད་པ་དང༌། མྱང་ཚ་དཀར་རྒྱན་དང་མ་ཅིག་ལབ་སྒྲོལ་ལྟ་བུའི་དཔའ་མཛངས་ཀུན་འཛོམས་ཀྱི་མ་ཡུམ་འཁྲུངས་ཆོག་ཆོག་ཡིན་ནོ། །

ཞེས་སྒང་བ་བོད་ཀྱི་མྱི་ཆེན་དུ་འབོད་པས་ཡུལ་རེབ་གོང་སྟོད་དུ་སྦྱར་བ་དགེ །

བསྟོད།7

དཔྱད་མཆན་སྤེལ།