སེམས་གཏམ་དམར་ལྡང་མ།༼ཁག་གཉིས་པ།༽

ཡུས་ཅེ། ཨ་རིན་གྱིས་བསྒྱུར།


དུག་སྦྲང༌།
ལུན་ཁེན་འཁྲིས་ཀྱི་བློ་འདོན་པ་དེས་ཆེད་དུ་ཁོ་ལ་ངོ་རྒོལ་བྱེད་ཀྱི་ཡོད། གྲོས་ཆོད་རེ་རེར་དགག་སྒྲུབ་དྲག་པོ་གནང་བར། ལུན་ཁེན་གམ་གྱི་མཐོ་རིམ་དཔོན་པོ་ཚོས་དགེ་རྒན་ཆེན་མོའི་ལས་ཐོབ་ལས་མེད་པའི་བློ་འདོན་པ་འདིར་བཟོད་ཐབས་མེད་པར་གྱུར་ཏེ། ཚང་མས་ལྷན་དུ་མིང་རྟགས་བཀོད་དེ་བློ་འདོན་པ་ཕོ་བྲང་དཀར་པོ་ལས་བསྐྲད་དགོས་པའི་ཡར་ཞུ་བྱས། ལུན་ཁེན་དགོད་ཀྱིན་ཁོ་ཚོར་གཏམ་རྒྱུད་ཅིག་བཤད་དེ། ཁོ་བོས་ཞིང་གྲོང་ནས་ལས་ཀ་གཉེར་དུས། ཐེངས་ཤིག་ཞིང་པ་ཞིག་གིས་རྟ་རྐེ་པོས་ཞིང་རྨོ་ཡི་འདུག ཁོས་ཤུ་སྒྲོག་དུས་རྟས་ད་གཟོད་གོམ་ཆེན་གཅིག་སྤོས་བྱུང༌། སྐབས་དེར་ངས་རྟའི་སྒལ་ཚིགས་སུ་དུག་སྦྲང་ཞིག་འབྱར་ཡོད་པ་མཐོང་ཏེ་ཕར་བསྐྲད་བསམ་ཚེ། ཞིང་པས་མྱུར་དུ་ང་རང་བཀག་ཏེ་བཤད་རྒྱུར། “གལ་ཏེ་དུག་སྦྲང་འདི་མེད་ཚེ། རྟ་འདིས་གོམ་གང་ཡང་སྤོ་ནུས་མེད་”ཟེར།
ངོ་བོའི་སྟེང་ནས་བཤད་ན། ཤེས་ཡོན་ཅན་ནི་དུག་སྦྲང་ཡིན་འདུག ཏུའུ་ལྦུས་ཀྱིས་“བསམ་བློ་པས་བསམ་གཞིགས་གཏང་མགོ་ཚུགས་དུས། གཏན་འཇགས་ཀྱི་འཇིག་རྟེན་ཆེ་ཆུང་ཉེན་ཁའི་གནས་སུ་བསྐྱལ་ངེས་”ཞེས་བཤད་མྱོང༌། དེ་བས་ལུན་ཁེན་ལྟ་བུའི་མཁྱེན་དཔྱོད་ཀྱི་གཙོ་འཛིན་པ་མ་གཏོགས། ལར་“གཏན་འཇགས་”ཀྱི་འགན་ཁུར་བའི་ཆབ་སྲིད་པ་ཚང་མས་དུག་སྦྲང་ཕྱོགས་སུ་ལག་པ་རྡེབ་ངེས། དེ་ན་དེའི་མཇུག་འབྲས་བསམ་ནའང་ཤེས་ཐུབ།
དེ་ལས་ད་དུང་མི་རེ་གཉིས་ཀྱང་ཡོད་དེ། སྔོན་ཆད་“ཤེས་ཡོན་ཅན་ནི་སྤྱི་ཚོགས་ཀྱི་བདེ་འཇགས་ཡོད་ཚད་གཏོར་བྱེད་ཡིན་”ཞེས་གསུངས་མྱོང་བའི་ཅེ་ཁེའི་འཁྲབ་གཞུང་རྩོམ་མཁན་ཧའ་བེར་སྲིད་བློན་དུ་བསྡད་མྱོང༌། འོན་ཀྱང༌། ཧའ་བེར་སྲིད་བློན་དུ་བསྡད་པ་ནས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་མ་མྱོང་བ་འདྲ་སྟེ། བརྙན་འཕྲིན་གསར་འགྱུར་ལས་ཁོའི་ཐང་ཆད་པའི་ངོ་གདོང་མཐོང་དུས། མིག་ཟུང་རིག་རིག་གིས་ལྕགས་དྲའི་ཕྱི་རོལ་གྱི་ནམ་མཁར་བལྟ་བཞིན་པའི་བཙོན་ཁང་ནང་གི་ཁོའི་འདྲ་པར་ཞིག་བསྟན་ན་དགའ་ཨང༌།
དུག་སྦྲང་ནི་དུག་སྦྲང་ཡིན་པ་ལས། དུག་སྦྲང་ཕྱེ་ལེབ་དུ་འགྱུར་དབང་ཡོད་རེ་སྐན།

ཕི་ཞེ་ཅིན་ཤི་རྗེས།
ཨུ་རུ་སུའི་གོང་མ་དགའ་བ་ཕར་ཞོག་དེ་ལས་ལྡོག་སྟེ་སེམས་ཁྲལ་གྱི་ནང་དུ་ལྷུང༌། ཁོས་“མི་དམངས་ཀྱིས་ཕི་ཞེ་ཅིན་གྱི་ཆེད་དུ་སེམས་སྡུག་བྱེད་པ་དེས། རང་དབང་རིང་ལུགས་པས་རྒྱལ་ཁ་བླངས་པའི་ཨ་ཙ་རའི་སྣང་བརྙན་མཚོན་གྱི་འདུག་”ཅེས་སྐད། དེ་བས་ཁོས་བཀའ་ཕབ་དོན། “གུས་བརྩི་བྱེད་པའི་བྱེད་སྒོ་སྣ་ཚོགས་གསང་བའི་སྒོ་ནས་མེད་པར་བཟོ་བ་སྲིད་གཞུང་གི་ལས་འགན་ཡིན་”ཟེར།
རྩོམ་སྒྲིག་པ་ཁུ་ལའ་ཡེ་ཧྥུའུ་སི་ཅེས་《ཨུ་རུ་སུའི་དབང་སྐྱོན་པའི་ཚགས་ཤོག་》སྟེང༌། “ང་ཚོའི་སྙན་ངག་གི་ཉི་མ་འགྲིབ་སོང༌། ཕི་ཞེ་ཅིན་གྱི་ལང་ཚོས་ཕྱུག་པའི་ལོ་ཟླ། རླབས་ཆེན་གྱི་ལམ་བུའི་ཁྲོད་གཤེགས་སོང་”ཞེས་སྙན་ངག་པ་སྐུ་གཤེགས་པར་རྗེས་དྲན་རྩོམ་ཡིག་ཅིག་སྤེལ། ཉིན་གཉིས་པར་ཁོ་རང་དུས་དེབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དུ་བོས་ཏེ། ཀྲུའུ་ཞིས་“གོ་ཐོབ་དམའ་ལ་གཞུང་ཕྱོགས་ཀྱི་ལས་འགན་གཙོ་གྲས་ཀྱང་ཁུར་མ་མྱོང་བའི་མི་ཞིག་ཤི་བའི་ཆ་འཕྲིན་ལ་ཟུར་བརྒྱན་དོན་ཅི་ཞིག་ཡིན། འདི་‘རླབས་ཆེན་གྱི་ལམ་བུར་’བརྩི་དབང་ཡོད་དམ། ཕི་ཞེ་ཅིན་དམག་དཔོན་ནམ་དམག་སྤྱི། པུའུ་ཀྲང༌། ཆབ་སྲིད་པ་ཞིག་ཡིན་ནམ། ཆ་མ་ཆོལ་གྱི་སྙན་ངག་བྲིས་པར་རླབས་ཆེན་གྱི་ལམ་བུར་བསྐྱོད་ཚུལ་གླེང་རིན་མི་འདུག་”ཅེས་སྡུག་དམོད་དྲག་པོ་བཏང༌།
སུ་ཞིག་“རླབས་ཆེན་གྱི་ལམ་བུ་”འགྲོ་ཡི་འདུག ལོ་ངོ་བརྒྱ་དང་ལྔ་བཅུའི་རྗེས་ཀྱི་དེ་རིང༌། སྟོབས་ཤུགས་ཆེ་བའི་ཨུ་རུ་སུའི་གོང་མའི་རྒྱལ་ཁབ་ཤུལ་མེད་ལྷག་མེད་དུ་གྱུར་ཏེ། གོག་ཧྲུལ་གྱི་ས་འོག་ཁང་ཆུང་ཞིག་ཏུ་ཆེས་མཇུག་མཐའི་གོང་མའི་ཁྱིམ་མི་ཡོངས་ཀྱང་མེ་མདས་བསད་འདུག ཡིན་ཡང་ཕི་ཞེ་ཅིན་གྱི་སྙན་ངག་མུ་ནས་རབས་རེ་རེའི་མི་ཡི་སེམས་ཁོངས་སུ་ཟུག་ཡོད།

པེ་ཅིང་སློབ་ཆེན་གྱིས་“དཔལ་ཡོན་རང་གཅུན་གྱི་བཟོ་སྐྲུན་”ཚ་ཚ་འུར་འུར་གྱིས་སྤེལ་གྱི་འདུག་སྟེ། ཁྲོམ་བཤད་དང་འཆད་ཁྲིད། གསར་འགྱུར་གཏོང་བ། གར་སྟེགས་སྟེང་བྲོ་གར་འཁྲབ་པ་སོགས་མཆིས།
“དཔལ་ཡོན་རང་གཅུན་”ནི་གསར་གཏོད་ཅིག་རྩ་ནས་མ་རེད། 1933ལོར་ཡིད་འཕྲོག་མ་ཅཱང་ལྕམ་མོས་སྤྱི་ཚོགས་ཀུན་སྤྱོད་ཉམས་ཞན་དུ་འགྲོ་བར་གཞིགས་ཏེ་“འཚོ་གསར་ལས་འགུལ་”བསླངས། ཅཱང་ཅེ་ཧྲིས་སྔར་ལས་ནན་བཤད་ཀྱིས་“གལ་ཏེ་ང་ཚོས་གུས་ལྡན་ཁྲེལ་ཡོད་ཀྱི་འཚོ་བ་གསར་བ་ཞིག་རོལ་འདོད་ན། རང་ཉིད་ནས་རང་དགར་ཁ་ལུད་ཐང་དུ་མི་འཕེན་པ་ནས་མགོ་བརྩམས་དགོས་”ཟེར། “ཁྲིམས་ཀྱིས་མི་རུ་གཏོང་ནུས་”པར་ཁས་འཆེས་པའི་ཅཱང་སྐུ་ཞབས་ཀྱི་སེམས་སུ། ནམ་ཞིག་ཀྲུང་གོ་བ་ཚང་མས་རང་དགར་ཁ་ལུད་ཐང་དུ་མི་འཕེན་པ་དང་གསང་སྤྱོད་ཁང་དུ་གཅིན་ཁོ་ན་གཏོང་བ། ཆུ་འཁྱགས་ཀྱིས་ཁ་ངོ་བཀྲུ་བ་སོགས་བྱས་ན། མ་འོངས་པར་“མིའི་སེམས་ཁམས་”སུ་འགྱུར་ལྡོག་བྱུང་ངེས་ཤིང་ཞར་དུ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱང་རྣམ་པ་གསར་བ་ཞིག་ཏུ་འགྱུར་བར་ཡིད་ཆེས་བརྟན། ཅཱང་སྐུ་ཞབས་ཀྱིས་མུ་ནས་བཤད་རྒྱུར། “ངས་གླེང་གིན་པའི་འཚོ་གསར་ལས་འགུལ་ནི་ཅི་ཞིག་ཡིན་པ་ཅུང་གོ་བདེ་མོས་བཤད་ན། རྒྱལ་ཡོངས་ཀྱི་སྤྱི་དམངས་ཚང་མའི་འཚོ་བ་རྩ་ནས་དམག་དོན་ཅན་དུ་བསྒྱུར་བ་དེ་ཡིན། འདི་ལྟར་ན་ཁོ་ཚོའི་སྙིང་སྟོབས་དང་བློ་མིག་གསོས་ཏེ་དཀའ་སྤྱད་སྡུག་རུས་ཅན་དུ་གཏོང་ཐུབ་ཁར། སྒོས་སུ་གཅིག་གྱུར་གྱི་འགུལ་སྐྱོད་ནུས་པ་དང་གོམས་སྲོལ་ཡང་གསོ་ནུས། མཐར་ཁོ་ཚོས་ནམ་ཡིན་ཡང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་གཏོང་ཕོད་”ཟེར། འོན་ཀྱང༌། 1934ལོའི་སྟོད་ལ་འཚོ་གསར་ལས་འགུལ་ཁུ་སུམ་མེར་མཇུག་མི་བསྡུ་ག་མེད་བྱུང༌། དེའི་ཤེད་དུ་དམངས་ཁྲོད་དུ་དགོད་འཚར་འདི་འདྲ་ཞིག་མཆིས་སྟེ། ཧུའུ་ནན་ས་ཁུལ་གྱི་ཞིང་པས་“འཚོ་བ་གསར་བ་”ཞེས་པ་ཨམ་བན་ལྟ་བུའི་བློན་ཆེན་ཞིག་ཏུ་ངོས་བཟུང་ཏེ། ལུང་ཁུག་འདིར་ཡོང་ནས་བཤུ་གཞོག་བྱེད་པར་སྙམ་པས་དུས་ཡུན་རིང་བོར་སེམས་པ་བདེ་ལ་འབབ་མ་ཐུབ་སྐད། ལོ་དྲུག་ཅུའི་རྗེས་སུ་པེ་ཅིང་སློབ་ཆེན་ཡང་ཧུའུ་ནན་དུ་གྱུར་འདུག སློབ་མའི་མལ་ཁང་གི་བྱི་དོར་ཁང་གི་སྒོ་ཐོག་ཏུ་གུང་གཞོན་ཡན་ལག་ཚོགས་པས་“རང་གི་ལག་པར་བརྟེན་ན་ཅིའི་མི་བཟང་”ཞེས་པའི་སྦྱར་ཡིག་ཅིག་སྦྱར་སོང་ལ། ནང་དོན་ནི་བྱི་དོར་ཤུལ་ཏུ་ཆུ་ཡིས་བཤུལ་དགོས་པའི་བདེན་ལུགས་དྲིལ་སྒྲོག་བྱས་པ་རེད། ཉིན་གཉིས་ཀྱང་མ་འགོར་བར་སྦྱར་ཡིག་འདི་ལ་བཟོ་བཅོས་པར་མ་གཉིས་བྱུང་སྟེ། “རང་གི་ལག་པར་བརྟེན་ན་ཅིའི་ཕྱིར་བཟང་”ཞེས་དང་“རང་གིས་རང་ལ་ལག་གཡེམ་བྱས་ན་ཅིའི་མི་བཟང་”ཞེས་པ་དེ་རེད། ཅཱང་སྐུ་ཞབས་ལ་འདི་ལྟ་བུའི་གནས་ཚུལ་འཕྲད་ཚེ་སེམས་བྱུང་ཅི་འདྲ་ཞིག་ཡིན་ནམ། “དབུ་རུའི་དམག་དཔུང་སོང་སྟེ་ལག་དམར་སོད་ཅིག་”ཟེར་ངེས།
“དཔལ་ཡོན་རང་གཅུན་གྱི་བཟོ་སྐྲུན་”ཞེས་པ་འདི་ནི་ཀྲུང་གོའི་དེང་རབས་ཀྱི་ཆེས་ངོ་མཚར་བའི་རྒྱ་ཡིག་གསར་བ་ཞིག་རེད། “དཔལ་ཡོན་”དང་“རང་གཅུན་”གཉིས་ལྷན་དུ་སྦྲེལ་ན་མ་གཞི་ནས་བློ་ཡུལ་ལས་འདས་པ་ཞིག་ཡིན་ཁར། “བཟོ་སྐྲུན་”ཞེས་པར་དེའི་མཇུག་ཏུ་མཐུད་ཚེ་དེ་ལས་ཀྱང་བཤད་མི་ཤེས་པ་ཞིག་རེད། ཅི་ཞིག་ལ་“བཟོ་སྐྲུན་”ཟེར་ཞེ་ན། དེང་རབས་རྒྱ་ཡིག་ཚིག་མཛོད་དུ། “ས་ཤིང་གི་འཛུགས་སྐྲུན་ནམ་ཐོན་སྐྱེད་དང་ལས་བཟོ་ལས་ཁུངས་གཞན་གྱིས་ཅུང་ཆེ་ཞིང་རྙོག་འཛིང་གི་སྒྲིག་ཆས་བཀོལ་ཏེ་བྱས་པའི་ལས་ཀ་”ཞེས་འགྲེལ་གནང་འདུག དེ་ན་“རང་གཅུན་”ཞེས་པ་ཀྲུང་གོའི་དམ་པའི་ཤོད་སྲོལ་ལ་གཞི་བཅོལ་ན། རང་གཅུན་གྱི་རྩ་བ་་“རང་སེམས་འདུལ་བ་”ཡིན་པས། རང་གཅུན་ནི་མི་སྒེར་ཁོ་ནའི་བྱེད་སྒོ་རྐྱང་རྐྱང་ཞིག་རེད། རེད་མོད། ད་ལྟ་རང་གཅུན་ནི་སྲུབ་དཀྲུག་འཕྲུལ་འཁོར་དང་ལྗིད་འདེགས་འཕྲུལ་ཆས་སུ་གྱུར་འདུག པེ་ཅིང་སློབ་ཆེན་དུ་“རིག་གནས་མཁས་པ་”སྐར་ཚོགས་ལྟར་མང་ཡང༌། མཁས་པ་གང་ཞིག་ཕྱིར་ཐོན་ཏེ་བརྡ་སྤྲོད་སྟེང་གི་གོ་འཛོལ་ཆུང་ཆུང་འདི་ཡང་ནོར་བཅོས་བྱེད་མཁན་མེད་དོན་ཅི་རེད།

འདོད་ཆུང་ཆོག་ཤེས་ཀྱིས་གཟི་བརྗིད་དང་ངོ་ཚ་རྟོགས་ཞེས་པ་ནི་གནའ་བོའི་དམ་པས་གསུངས་པའི་ལེགས་བཤད་རེད། ད་ལྟ་རྒྱས་སྤྲས་ཆང་ཁང་དུ་མྱུལ་བཞིན་པའི་སྨད་འཚོང་མ་དག་ལས་སུ་ཞིག་གིས་ལྟོ་གོས་ཀྱི་ཆེད་དུ་རང་ལུས་འཚོང་གིན་ཡོད། ཁོ་མོ་ཚོའི་ལུས་ཐོག་གི་རིན་ཆེན་གྱི་རྒྱན་ཆ་སྣ་ཚོགས་ཀྱིས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དག་ཀྱང་ཁ་སྐྱེངས་སུ་འཇུག་ངེས།
༼མུ་འགོད།༽

བསྟོད།4

དཔྱད་མཆན་སྤེལ།