རང་གི་བླ་སྲོག་གཡུགས་ཏེ་གཞན་གྱི་བེམ་རོ་བསྐྱོར་བ།

ལྡེ་མིག

དེ་རིང་འདིར་གླེང་བར་བྱ་བ་གཞན་གང་ཡང་མ་ཡིན་ཏེ། འོ་སྐོལ་ཚོས་ནམ་རྒྱུན་ཁ་ནས་མ་ཎི་ཟློ་ཟློ་དང་འཚོ་བའི་ཁྲོད་ ཁ་ཐུག་སྣ་ཐུག་རྒྱག་གིན་པའི་སྐད་དང་ཡི་གེའི་གནད་དོན་གཞན་ཞིག་ཡིན། ཤ་ཞེན་རུས་གདུང་ཟབ་པའི་རིགས་མཐུན་ སྤུན་ཟླ་མོད་པོ་ཞིག་གིས༼བོད་པ་མང་ཚོགས་ཀྱིས་བོད་སྐད་མི་བཤད། བོད་ལྭ་མི་གྱོན།༽ཞེས་ཕྱིའི་སྣང་ཚུལ་དང་ངོ་གདོང་ གི་འགྱུར་བག་ཙམ་ལ་འཁང་ར་དང་འབོད་སྐུལ་གཏོང་བ་ལས། དེ་དག་ལས་ཀྱང་ལྡབ་འགྱུར་གྱི་ཚབས་ཆེ་བའི་གནད་ དོན་གཞན་ཞིག་ཡེ་ནས་མཐོང་མེད་ཀྱང་སྲིད་ལ། མཐོང་ཡང་གཞན་ལ་ཕོག་ཐུག་དང་རང་གི་ཁེ་ཕན་ལ་དམིགས་ཏེ་མི་ སྨྲའི་བརྟུལ་ཞུགས་བཟུང་ཡོད་ཀྱང་སྲིད། དེ་ནི་བོད་ཡིག་རྟོགས་བཞིན་དུ་བོད་ཡིག་གིས་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་གི་ལས་དོན་མི་གཉེར་པར་ཡིག་རིགས་གཞན༼སྒོས་སུ་རྒྱ་ཡིག༽པ་བཀོལ་ཏེ་གསར་རྩོམ་གནང་མཁན་དང་། རིག་ གཞུང་ཞིབ་འཇུག་བགྱིད་མཁན། རང་གི་སྐད་ཡིག་སྤྱོད་པ་ཉུང་ཉུང་དང་གཞན་གྱི་ཡིག་རིགས་བཀོལ་བ་གཙུག་ཏུ་བཟུང་ ནས་འཚོ་བ་བསྐྱེལ་མཁན་དག་རེད། དེ་རིང་ངས་ཁོ་ཚོའི་རྣར་གཟན་པའི་སྐད་ཆ་རེ་གཉིས་བཤད་འདོད་པ་ཡིན།
ཁ་སང་དེ་རིང་གི་ང་ཚོའི་གནས་བབ་ངོ་མར་དམིགས་ཏེ་སྐད་ཆ་བཤད་ན། ཡང་ན་རྐང་བ་གཉི་ག་སར་བཙུགས་ཏེ་སྨྲ་ ལྕེ་འདིའི་མདུད་པ་དཀྲོལ་ན། སྐད་ཡིག་གི་ཚེ་སྲོག་ནི་དངོས་ནས་རྟ་རྔ་ལྟར་ཉག་ཕྲ་བ་ཞིག་རེད། འགྱུར་ལྡོག་ཆེ་བའི་སྤྱི་ ཚོགས་ཀྱིས་ཉིན་རེར་བཞིན་ང་ཚོའི་སྐད་ཡིག་འགེམ་གྱིན་ཡོད་ལ། གོ་ལ་ཟླུམ་པོ་གཅིག་གྱུར་དུ་འགྲོ་བའི་གོ་རིམ་འདིས་ ཀྱང་ང་ཚོའི་སྐད་ཡིག་ཁྱུར་མིད་བཏང་དང་གཏོང་བཞིན་མཆིས། དེ་བས་ང་ཚོའི་སྐད་ཡིག་གི་སྤྱོད་རྒྱ་ཇེ་ཆུང་དང་ཉམས་ ཉེན་ཇེ་ཆེ་རེད། གོང་ཐང་ཡང་ཇེ་དམའ་རེད། གལ་སྲིད་ཕྱི་སྲོག་ཆད་དེ་ནང་སྲོག་ཆད་ལ་ཉེ་བའི་སྐད་ཡིག་འདིར་ཡང་ དུ་གསོན་པའི་སྟོབས་དང་བསྐྱར་དུ་འཚོ་བའི་ཤུགས་ཤིག་བསྩལ་དགོས་ན། ཡོན་ཏན་པའི་སྡེ་ཡིས་མགོ་ནས་སྣེ་ཁྲིད་དེ་ མང་ཚོགས་ཀྱིས་གཞུག་ནས་བསྐྱངས་དགོས།ཡིན་ཡང་ང་ཚོའི་ཡོན་ཏན་པ་རྣམས་ཀྱི་ཅི་ཞིག་ལ་སེམས་ཀྱིན་ཡོད་པ་ཧ་ཅང་ཁག།ཁ་ནས་བོད་ཡིག་བོད་སྐད།བོད་ཡིག་བོད་སྐད་ཅེས་མི་གཞན་ལ་སློབ་གསོ་གཏོང་སྤྱད་དང་རང་ཉིད་ཀྱིས་སྐད་ཡིག་གི་ལས་དབང་ལ་སེམས་ཁྲལ་ཆེ་མདོག་ཙམ་སྟོན་པ་ལས་དོན་དངོས་ཐོག་དང་ཡང་ན་ལག་ལེན་གྱི་སྐབས་སུ་རང་གི་སྐད་ཡིག་དོར་ཏེ་ཡིག་རིགས་གཞན་དག་སྤྱོད་ཀྱིན་ཡོད།དཔེར་གསོན་པོ་རེ་བཞག་ན། བོད་ཡིག་བཏང་སྙོམས་སུ་བཞག་ཏེ་རྒྱ་ཡིག་ གི་གསར་རྩོམ་གནང་མཁན། བོད་ཡིག་བསྐྱུར་ཏེ་རྒྱ་ཡིག་གི་རིག་གཞུང་དཔྱད་རྩོམ་སྤེལ་བ། བོད་ཡིག་བཞག་ཏེ་རྒྱ་ཡིག་གི་ དཔེ་ཆ་པར་དུ་བསྐྲུན་པ་བཅས་མཛུབ་མོ་ནང་དུ་བཀུག་ནས་བརྩིས་ན་ངལ་བ་ལྷག་མ་ཞིག་ལས་མི་སྲིད་པས་སྐད་ཆ་འདིས་ཁྲོད་ནས་རང་རང་སུ་སུ་ཡིན་པ་སེམས་སུ་གསལ་གྱི་ལེར་ཡོད་ངེས།
ཁྱེད་ཅག་གིས་བོད་ཡིག་གི་ལམ་ནས་མི་རྩོམ་པར་གནས་ལུགས་ཡོད་ཀྱང་སྲིད་ལ་གནས་ལུགས་དོན་དུ་མཆིས་ཀྱང་སྲིད། ཡིན་ཡང་ངས་ང་ཚོའི་འཚོ་བའི་དོན་དངོས་རྐང་སྟེགས་སུ་བསྐྲུན་ཏེ་ཁྱེད་རང་ཚོའི་གནས་ལུགས་དེ་ཅི་ཡིན་པ་ལྟ་བུ་ཞིག་ ཏུ་བསམ་གཞིག་བགྱིས་ན། གཅིག བོད་ཡིག་གི་ཆུ་ཚད་མཐོན་པོ་མིན་པ། གཉིས། བོད་ཀྱི་རིག་གནས་ཕྱི་རུ་བཀྲམ་སྟོན་བྱས་ པ། གསུམ། ཡིག་རིགས་གཞན་གྱིས་བརྩམས་ན་ཀློག་མཁན་མང་བ། བཞི་བ། འབྱོར་བ་འཕེལ་བ།༼དཔེ་རིན་དང་རྩོམ་ཡོན༽ ལྔ་བ།མཚན་སྙན་རྒྱས་བ། འདི་དག་ལས་ལོགས་སུ་བུད་པའི་གནས་ལུགས་ཤིག་ཡོད་ཚེ་རང་གི་སྐད་ཡིག་མི་སྤྱོད་པ་དེ་དག་ གིས་སེམས་སུ་ཆུ་དྭངས་མོ་ཞབས་ཀྱི་རྡེའུ་དཀར་ནག་ལྟ་བུ་ཡིན་ངེས།
དང་པོ་བོད་ཡིག་ཆུ་ཚད་ལས་ཡིག་རིགས་གཞན་པའི་ཆུ་ཚད་མཐོ་བའི་དབང་གིས་བོད་ཡིག་མ་སྤྱོད་པ་ཡིན། རེད་ ལགས། བོད་ཡིག་སློབ་སྦྱོང་གི་ཁོར་ཡུག་དང་མཐུན་རྐྱེན་འཛོམས་རུང་ད་དུང་རང་གི་སྐད་ཡིག་ལས་མི་རིགས་གཞན་གྱི་ ཡིག་རིགས་ཀྱི་ཆུ་ཚད་མཐོ་ནས་དེས་ཁོ་ནས་རྩོམ་དགོས་ན། ངས་ཁྱེད་ལ་ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་ མཆོག་གིས་གསུངས་ཤིག་གི་ལན་བསྐྱོན་ཡ༼རང་གི་རིག་གནས་ལ་མཁས་པ། གཞན་གྱི་རིག་གནས་ལ་ཤེས་པ༽ ད་ནི་ཁྱོད།
འདིས་ཁོངས་སུ་འདུས་པའི་མི་རྣམས་ཀྱིས་གོང་གི་གསུངས་འདི་དེ་རིང་གི་ཡོང་འབབ་བྱོས་ཤིག
གཉིས་པ་བོད་ཀྱི་རིག་གནས་ཕྱི་རུ་བཀྲམ་སྟོན་བྱས་པ་ནི་དགའ་འོས་པའི་དོན་བྱ་ཞིག་རེད་མོད། ཡིན་ཡང་ཕྱོགས་ བཞིར་མཚམས་བརྒྱད་ན་ཆག་འཇིགས་ཀྱི་གས་ཁ་ཤོར་ནས་འཐོར་བཤིག་ཏུ་འགྲོ་བའི་བོད་ཀྱི་རིག་གནས་ཀྱི་ཁང་བ་གྲུ་བཞི་ འདིར།ཕྱིའི་རིག་གནས་དག་གིས་ལྷན་པ་དང་བཟོ་བསྐྲུན་མི་རྒྱག་པར།ད་དུང་ནང་གི་ཀ་བ་དང་གདུང་མ་དག་ཕྱི་རུ་དྲུད་ནས་ གཞན་ལ་མངོན་སྤྱད་བགྱིས་ན། རིག་གནས་འཇིགས་ཉེན་གྱི་ཚད་ཇེ་མྱུར་དུ་གཏོང་བ་མ་ཡིན་ནམ། གཞན་ཡང་ཡིག་རིགས་ གཞན་པ་སྦྱངས་པའི་མཐར་ཐུག་གི་དམིགས་ཡུལ་ནི་ང་ཚོ་རང་གི་རིག་གནས་འཕེལ་རྒྱས་སུ་གཏོང་ཐབས་ཀྱི་ལག་ཆ་ཙམ་ ལས། ང་རང་ཚོས་ང་ཚོའི་རིག་གནས་ཁྱེར་ནས་གཞན་རིག་གནས་ཀྱི་ཞབས་གཡོག་ཁོ་ན་བསྒྲུབས་ག་ལ་རུང་མི་རུང་སྟེ། ང་ཚོའི
་བརྒྱབ་རྟེན་སའི་རིག་གནས་ཀྱང་རིག་གནས་གཞན་གྱི་མངའ་འོག་ཏུ་བཅུག་ཚེ། ང་ཚོ་འཚོ་བ་ཡང་མིང་གི་ལྷག་མ་ཙམ་དང། དུས་ཡུན་ངེས་ཅན་ཞིག་འགོར་ཚེ་མིང་གི་ལྷག་མ་ཙམ་ཡང་མེད་སྲིད་ཆེ།
གསུམ་པ་ཡིག་རིགས་གཞན་པའི་བརྩམས་ཚེ་ཀློག་མཁན་མང་བ། རེད་དེ། དངོས་ནས་རེད། ང་ཚོའི་བོད་རིགས་ས་རྒྱ་ ཆེ་བ་མ་གཏོགས་མི་གྲངས་ཤིན་ཏུ་ཉུང་། རིག་གནས་ལ་འཇུག་པའི་མི་ཡང་ཤིན་ཏུ་ཉུང་། དེ་བས་ཁྱོད་ཀྱི་བརྩམས་ཆོས་ལ་ ཀློག་མཁན་ལོས་མྱོང་། ཀློག་མཁན་ཉུང་ཚོད་རེད། ཡིན་ཡང་འདྲི་རྒྱུ་ཞིག་ལ་ཁྱོད་ཀྱི་བརྩམས་ཆོས་རྩོམ་དགོས་པའི་མཐར་ ཐུག་གི་དམིགས་ཡུལ་གང་ཡིན། དྲི་བ་འདི་ཁྱོད་ཀྱི་དེ་རིང་གི་ཡོང་འབབ་བྱོས། གཞན་ཡང་། ད་དུང་མུ་མཐུད་དུ་བོད་ཡིག་གི་
བརྩམས་ན་ཀློག་མཁན་ཉུང་གི་དེ་ལས་ཡིག་རིགས་གཞན་ནམ་རྒྱ་ཡིག་གི་བརྩམས་ན་བཟང་ཟེར་ན། ང་ཚོས་སྨྱུག་ཐོགས་པ་ མང་བོ་ཞིག་གིས་ཡིག་རིགས་གཞན་གྱི་བརྩམས་ནས་ཀློག་མཁན་གང་མང་ཞིག་ཀྱང་ངང་ངམ་ཤིག་གིས་དེའི་ཕྱོགས་སུ་འཁོར་ན། བོད་ཡིག་གི་རྩོམ་མཁན་དང་བོད་ཡིག་གི་ཀློག་པ་པོ་རྣམས་ཀྱི་རྒྱུན་རྩ་བ་ནས་བཅད་སོང་བ་མ་ཡིན་ནམ། དེ་དུས་ཁྱོད་
ཀྱིས་པུས་མོ་ལྷ་ང་སར་བཙུགས་ནས་ཉེས་པར་འགྱོད་བཤགས་བྱ་དུས་འཕྱི་དྲགས་ཚོད་རེད།
བཞི་བ་འབྱོར་བ་འཕེལ་བ། ང་ཚོ་སྲོག་ལྡན་མི་ཞིག་ཡིན་པས་ཆ་ནས་ད་དུང་མུ་མཐུད་དུ་འཚོ་དགོས། རྒྱུ་འབྱོར་བ་ལོས་ དགོས། འདོད་ཡོན་ཕུན་ཚོགས་ལ་ལོས་དམིགས། སྐུ་ཞབས་ལུའུ་ཞུན་གྱིས་ཀྱང་མི་ཞིག་ཡིན་ན་དང་པོར་འཚོ་དགོས། གཉིས་པ། ལྟོ་བ་རྒྱགས་དགོས། གསུམ་པ་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་ཡོད། འཚོ་བ་དང་ལྟོ་བ་རྒྱགས་པའི་རྨང་གཞིའི་སྟེང་ ད་གཟོད་འཕེལ་རྒྱས་གཏོང་དགོས་མོད། ཡིན་ཡང་ཤེས་རྒྱུ་ཞིག་ལ་ང་ཚོ་མཐོ་རིམ་སྲོག་ཆགས་ཡིན་པས་ཆ་ནས་འཚོ་བ་ལ་ ཡང་ཆ་རྐྱེན་གྱིས་གྲུབ་ཡོད། འཚོ་སྟངས་ཀྱང་ཚད་གཞི་ངེས་ཅན་ཞིག་ཡོད། བོད་ཡིག་གི་དུས་དེབ་དང་ཚགས་པར་ དག་གི་རྩོམ་ཡོན་དང་བྱ་དགའ་སོགས་དམའ་འདོད་ནས་ཡིག་རིགས་གཞན་གྱི་རྩོམ་སྤེལ་བ་དང་། དཔེ་ཆ་པར་དུ་བསྐྲུན་ན།
ད་ནི་ཁྱོད་ཀྱིས་རང་ཉིད་ཀྱི་འཚོ་སྟངས་ལ་ཡང་དོགས་འདྲི་མི་བྱས་ཐུ་མེད་རེད་ལགས།
མཚན་སྙན་རྒྱས་པ། ང་ཚོས་ཐུན་མོང་གི་སྣང་ཚུལ་ལ་དམིགས་ཏེ་སྐད་ཆ་འཆད་ན། སྤྱིར་ཡིག་རིགས་གཞན་གྱི་རྩོམ་ཚེ་ཡིག་རིགས་གཞན་པའི་ཁྲོད་དུ་མིང་གི་གོ་གནས་ལས་རང་གི་མི་རིགས་ཀྱི་ནང་དུ་མཚན་སྙན་ཡོད་ཤག་ཤག་ཡིན། མང་མང་དང་ བྱིངས་ཀྱི་ཁེ་ཕན་ལ་མི་དམིགས་པར། རང་གི་མཚན་སྙན་གྱི་སྟེང་དུ་རང་གི་སྒེར་དོན་འབའ་ཞིག་སྤུངས་ན། མཚན་སྙན་དེ་ ཡང་སྟོང་བ་ཞིག་མ་རེད་དམ།
ཕྱི་ཕྱོགས་རིང་ལུགས་པ་ཚོ། ད་ནི་ཁ་ནང་དུ་འཁོར་རན་རེད། རང་ཉིད་ཀྱི་སྐད་ཡིག་འདི་བདེ་སྤྱད་གཏོང་རན་རེད། རན་ནས་མི་ཚད་འཕྱི་ཚོད་རེད།
རྩོམ་ཐུང་འདི་བྲིས་ནས་མཇུག་བསྡུ་ལ་ཉེ་བའི་ཚེ། ངས་འཛམ་གླིང་ན་མིང་དུ་གྲགས་པའི་རྩོམ་པ་པོ་ཞིག་གིས་ རང་གི་སྐད་ཡིག་ལ་བྲིས་པའི་རྩོམ་ཐུང་གཉིས་ཡིད་ལ་དྲན་བྱུང་། ཁོང་ནི་ཨུ་རུ་སུའི་ཡིན་ལ། མིང་ལ་ཐུའུ་ཀུན་ཉན་ཧྥུའུ་ཟེར། འཐུས་ཚབ་བརྩམས་ཆོས་ལ༼རྔོན་པའི་ཟིན་ཐོ༽མཆིས། ཁ་བྱང་ལ་ཨུ་རུ་སུའི་སྐད་ཆ་དང་ནང་དོན་འདི་ལྟར་འདུག་ཏེ༼ཐེ་ ཚོམ་གྱི་དཔྱངས་ཐག་ལ་འཇུས་པའི་ཉིན་མོ་རུ། སྐྱོ་གདུང་ངང་རང་གི་མེས་རྒྱལ་གྱི་ལས་དབང་ལ་བསམ་གཞིག་བགྱིས་པའི་ ཉིན་མོ་རུ། ཁྱོད་ནི་ངའི་རྒྱབ་རྟེན་དང་སྲོག་ཤིང་ཉག་གཅིག་ཡིན། ཀྱེ། རླབས་ཆེ་ཞིང་སྟོབས་ལྡན་པའི་ཨུ་རུ་སུའི་སྐད་ཆ། ངེས་དོན་དང་རང་དབང་གི་ཨུ་རུ་སུའི་སྐད་ཆ། གལ་སྲིད་ཁྱོད་མེད་ཚེ། ཕ་ཡུལ་དུ་བྱུང་བའི་ཡོད་དོ་ཅོག་གིས་ངའི་ཡིད་ཀྱི་ རེ་བའི་ཐག་པ་གཅོད་མི་སྲིད་དམ། ཡིན་ན་ཡང་། སྐད་ཆ་འདི་འདྲ་ཞིག་རླབས་ཆེ་བའི་མི་རིགས་ཤིག་ལ་མི་དབང་ཞེ་ན། དེ་ ནི་ཅི་འདྲའི་རློམ་དཀའ་བ་ཞིག་རེད་ཨང་།༽གཞན་ཡང་གཅིག་བརྒྱད་དོན་བདུན་ལོར།ཐུའུ་ཀུན་ཉན་ཧྥུའུ་ཡིས་ཨར•ཧྥོ•ལེ་ཧྥོའུ་ཝ་ལགས་ལ་སྤྲིངས་པའི་ཁ་ཏའི་འཕྲིན་ཡིག་ཏུ་འདི་ལྟར་བྲིས་གནང་མཛད་ཡོད་དེ།༼ཁྱེད་ཀྱིས་མཆོག་ཏུ་གྱུར་བའི་དངོས་པོ་ཞིག་ལ་གཅེས་སྤྲས་བྱས་པ་བཞིན་སྐད་ཆའི་དྭངས་གཙང་ལ་ཡང་འགེབས་སྲུང་བྱོས་ཤིག ཕྱི་རྒྱལ་གྱི་སྐད་ཆ་བྱུང་རྒྱལ་དུ་ མ་སྤྱོད་ལགས། ཨུ་རུ་སུའི་སྐད་ཆ་ནི་འདི་འདྲའི་འབྱོར་ཕྱུག་ལྡན་ཞིང་སྙན་འཇེབས་ཡིན་པས། ང་ཚོས་རང་ཉིད་ཀྱི་སྐད་ཆ་ལས་ཀྱང་གྱ་མི་ནོམ་པའི་སྐད་ཆ་གཞན་ཞིག་གཡར་དོན་ཅི་ལ་མཆིས། ༽ཞེས་པའོ།
2010.02.06ཉིན་མགོ་ལོག་ནས།

བསྟོད།5

དཔྱད་མཆན་སྤེལ།