ཁ་མཚར་དམར་ལྡང་མ་ལས་ཁྲོ་ཐུང་གི་སྤུལ་སྐུ།

མེལ་ཚེ།

བོད་ནི་སྤྲུལ་སྐུའི་འབྱུང་གནས་རེད་ལ། སྤྲུལ་སྐུ་ནི་བོད་ཀྱི་ཁྱད་ཆོས་ཤིག་ཏུ་ཡང་བགྲང་མི་རུང་བ་མེད། ཡང་ན་དཔལ་འབྱོར་གྱི་དུས་རབས་འདིར་འཚམ་ནས་སྦྱར་ན། སྤྲུལ་སྐུ་ནི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཧ་ཅང་གིས་བྲིན་པ་ཞིག་ཏུ་ཡང་གྱུར་འདུག་ཚོད་རེད་དེ། ཡུལ་ལུང་ལ་ལར་ལྷ་སྒྲུང་གི་མི་སྣ་གལ་ཆེན་གླིང་གི་དཔལ་རྟུལ་སུམ་ཅུ་ལྟ་བུའི་སྤྲུལ་སྐུ་ཡང་ངོས་བཟུང་སྟེ་ཚར་ལ་ཉེ་བ་ཐོས་ན། ངས་གེ་སར་རིག་གནས་ཀྱི་སྲུང་སྐྱོང་པ་སྐུ་ཞབས་གཅོད་པ་དོན་གྲུབ་སྙིང་རླུང་ལྡིང་མི་འོང་ངམ་སྙམ་ནས་སེམས་ཚེགས་བྱེད་དགོས་བྱུང༌། རྒྱུ་མཚན་གང་ལ་ཐུག་ཡོད་ཟེར་ན། སྐུ་ཞབས་ཁོང་གིས་ལོ་ངོ་མང་པོའི་རིང་ལ་བོད་ཀྱི་ལྷ་སྒྲུང་ངམ་ཡང་ན་འཛམ་གླིང་གི་ལྷ་སྒྲུང་འདི་ལ་སྲུང་སྐྱོང་བླ་ལྷག་བྱས། དོ་ཁུར་ཚད་མེད་མཛད། ཞིབ་འཇུག་གནད་ཐིངས་གནང་མཐར། བོད་ལ་མཚོན་ན་མཚན་ཐོབ་གོ་ཐོབ་ཧ་ཅང་གིས་མཐོ་བའི་སྤྲུལ་སྐུའི་སྟེགས་བུ་འདིར། ཁོང་ལ་སྐལ་ཅི་ཡང་མེད་པ་མ་ཟད། ཁོང་གིས་སྲུང་ཞིང་བསྐྱངས་པའི་ལྷ་སྒྲུང་གི་དཔལ་རྟུལཡ་མེད་དག་གི་སྤྲུལ་སྐུ་ཡང་ཡུལ་ལུང་གི་བྱས་རྗེས་ཅི་ཡང་མེད་པའི་མི་འགའ་རེས་འཕྲོག་སོང་ན་དེ་ནི་དངོས་ནས་འདྲ་མཉམ་ཞིག་མ་རེད།
སྤྱིར་ན་འདྲ་མཉམ་མིན་པའི་གནད་དོན་འདིའི་ཐོག་ནས་སྐུ་ཞབས་ཁོང་གིས་རང་དོན་དུ་སྐད་ཆ་འགའ་ཅིས་ཀྱང་བརྗོད་ཆོག་ཆོག་ཡིན་ཀྱང༌། ཁོང་ནི་རིག་གནས་ཅན་དང་བློ་ཁོག་ཅན། མིག་རིང་ཅན། གཞན་ཕན་ཅན་གྱི་མི་རླབས་ཆེན་གྱི་རིགས་ཡིན་པས་སྙན་གྲགས་ཆུང་ངུ་འདི་རིགས་མིག་ནང་ལ་མི་འཇོག་པའམ་ཡང་ན་དེ་ལ་སྙེག་མི་སྲིད་ན་ཐང་མོད། མི་ང་ལྟ་བུ་ནི་གནད་དོན་དེ་རིགས་མཐོང་ན་སྙིང་ལ་ཙག་ཤད་རྒྱུག་ཡོང་བས་འདིར་འོས་སུ་མ་བབ་པའི་སྐད་ཆ་འགའ་ཅིས་ཀྱང་བརྗོད་དགོས་སོང༌། སྐུ་ཞབས་ཁོང་ཡང་གླིང་གེ་སར་གྱི་སྤྲུལ་སྐུར་མི་རུང་ན་ཡང་དཔའ་རྟུལ་ཞིག་གི་སྤྲུལ་སྐུར་ནི་རུང་ཐག་ཆོད་རེད། རྒྱུ་མཚན་གོང་ནས་བརྗོད་པའི་ཁོང་གི་གེ་སར་རིག་གནས་སྐོར་གྱི་བྱས་རྗེས་གཞིར་བཞག གཞན་བོད་ཀྱི་རྩོམ་རིག་གི་ངོས་ནས་ཀྱང་བྱས་རྗེས་མངོན་རུ་བ་ཡོད་པ་ནི་ཁོང་གིས་བྱ་དགའ་སྣ་ཚོགས་ལས་མཐོང་བ་དང༌། དེ་མིན་གསུམ་གཅིག་བཞིའི་དོན་རྐྱེན་ལས་ཀྱང་ཁོང་གི་གསུང་སྐད་མང་དུ་གནང་ཡོད་པ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་གི་སྣང་བརྙན་བོར་མེད། ད་དུང་གེ་སར་ཞིབ་འཇུག་བྱེད་མཁན་གྱི་ལས་མི་བསྡུ་དུས་ཀྱང་དེང་གི་ཞིབ་འཇུག་སློབ་མ་དག་ལ་ཆུ་ཚད་མེད་པ་མཐོང་ནས་གེ་སར་ཞིབ་འཇུག་གི་ལྷན་སྐྱེས་ཤེས་རབ་ལྡན་པའི་ཁོང་རང་གི་རྒྱུད་པ་བསྡུ་བ་སོགས་ལ་གཞིགས་ན། ཁོང་གི་བྱས་རྗེས་ནི་ཡུལ་ལུང་གི་སྤྲུལ་སྐུ་དེ་དག་ལས་ལྡབ་འགྱུར་གྱིས་མངོན་གསལ་ཡིན་པས་གླིང་གི་དཔའ་རྟུལ་དག་གི་སྤྲུལ་སྐུ་འདེམས་ན་ཁོང་ནི་ཤོར་མི་རུང་བའི་འདེམས་མི་ཞིག་ཡིན་པ་བསྙོན་དུ་མེད། འོན་ཀྱང༌། སྟབས་མི་ལེགས་པ་ཞིག་ལ་ད་ལྟ་དཔལ་རྟུལ་དག་གི་ཡང་སྤྲུལ་ངོས་བཟུང་ཚོར་སོང་བས་ཧ་ཅང་ཕངས་ཀྱང༌། འདང་ཞིབ་ཏུ་རྒྱབ་ན་ཁྲོ་ཐུང་མེད་ན་གེ་སར་མེད་ཅེས་པ་ལྟར་ཁོང་ནི་ཁྲོ་ཐུང་གི་སྤྲུལ་སྐུར་ཐག་བཅད་ན་ཡང་མི་འཕྲོད་ས་ཅང་མི་འདུག་སྙམ་ནས། འདིར་བདག་གིས་ལྷག་བསམ་རྣམ་དག་གིས་ཁོང་རང་ཁྲོ་ཐུང་གི་སྤྲུལ་སྐུར་གདམ་པའི་འདེམས་ཤོག་གཅིག་རང་ངོས་ནས་འཕང་བ་ཡིན་ནོ།། གལ་ཏེ་འདིར་མི་འཐད་པ་ཡོད་ན་དེང་སྐབས་ནི་མང་གཙོ་ཡིན་པས་ཁྱོད་རང་གིས་སུ་ཞིག་འདེམས་འདོད་ན་འདེམས་ཆོག་ཆོག་རེད།

གྲོགས་པོ་འགས་གླེང་མོལ་ལས་དགོད་གཏམ་ཞིག་བྱུང་བས་ཤར་མར་སྦྱར་བ་ཡིན།

བསྟོད།5

དཔྱད་མཆན་སྤེལ།