ད་ནི་འུ་བུ་ཅག་ལ་སྒུག་ཁོམ་མེད།

མི་ཁོམ་པའི་རྒྱལ་སྲས།

དགུན་གཞུང་འདིར་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་ཁངས་ཆག་ལྷུང་བས་མི་ཕྱུགས་ཡོད་ཚད་ཁ་བའི་ཁྲོད་དུ་ཁུ་སིམ་མེར་ལུས་སོང༌། ཡོད་ཚད་ཁུ་སིམ་མེར་འདུག་སྟངས་འདིའི་ཀློང་ན་གནམ་རྒན་མའི་ངོ་གདོང་ལའང་འགྱུར་ལྡོག་རབ་དང་རིམ་པ་མང་པོ་འབྱུང་གི་འདུག ཕར་བལྟས་ཚོད་ལ་མཐོ་སྒང་གི་མི་ཕྱུགས་རྣམས་རེབ་འདིའི་ཁངས་ཆག་གི་མནར་ཚུལ་འདིར་ཡིད་མ་སྤྲོ་བར་གནམ་རྒན་མའི་ཐུ་འོག་ནས་ཟས་བཅད་ངོ་རྒོལ་བྱེད་པ་དང་ཀུན་ནས་མཚུངས་ཀྱང་མི་ཕྱུགས་ཁྲོད་དུ་གནམ་ལ་མཛུབ་མོ་ཀེར་ཐུབ་མཁན་ནི་སུ་ཡོད་ཨང༌།
ཉི་འོད་དང་གནམ་གཤིས་ཀྱི་དྲོད་ཚད་དམའ་དྲགས་པའི་ཕ་ཡུལ་མཐོ་སྒང་གི་སྒལ་གཞུང་རིང་མོའི་ཁ་བ་གདུག་རྩུབ་ཀྱིས་འཕུར་བའི་ཀློང་ན་རྫི་བོ་ཞིག་གིས་འུར་ཆ་བསྐོར་ཞོར་མཛའ་མོ་དྲན་པའི་གླུ་གཞས་ཤིག་ལེན་བཞིན་ལེན་བཞིན་འཁྱག་ཤི་ཐེབས་པ་ནི་གནམ་རྒན་མའི་གདོང་ལ་སྡིགས་མཛུབ་བསྟན་པའི་རྣམ་སྨིན་རེད་ཅེས་དང་རྫི་བོ་ཁོ་འདས་གྲོངས་སུ་ཕྱིན་རྗེས་ནོར་ལུག་གི་གྲངས་ཀའང་སྔར་ནས་བོར་ཚར་བས་ཁོར་ཡུག་གི་མི་རྣམས་ཀྱིས་ད་བཟོད་ཁོ་རང་ནོར་ལུག་ལ་ཚང་རྩིས་རྒྱག་མཁན་དེ་ཡིན་པར་ངོས་འཛིན་གྱིན་འདུག་མོད། དེ་ལས་ཀྱང་ངོས་ཟིན་ཐོབ་དགོས་པ་ཞིག་ལ་ཐེངས་འདིའི་ཁངས་ཆག་ནི་རྫི་བོས་གནམ་ལ་སྡིགས་མཛུབ་བསྟན་པས་མ་ཡིན་པར་ཁངས་ཆག་གིས་རྫི་བོ་འཁྱག་ཤི་ཐེབས་སུ་བཅུག་སྟེ་ཕྱི་མར་བརྫངས་པ་དེ་རེད། འདི་ལྟ་བུའི་མཚན་ལྗོངས་རེ་རེར་འུག་པ་དང་བྱ་རོག་མང་པོས་ཨག་སྐད་འབྱིན་ཞིང་རི་སྤྱང་དང་ཝ་འདྲེའི་ཁྱུ་ཚོགས་སྦྲ་ནག་གི་ལྷས་འདབས་སུ་འདུར་འོང་དུས་གསལ་ལ་མི་གསལ་བའི་མར་མེའི་འོད་སྣང་རུམ་པའི་སྦྲ་ནག་གི་ཆོམ་ཐག་ཀྱང་ཆད་ལ་ཉེ།
འདི་ལྟར་ཁངས་ཆག་གི་མནར་གཅོད་འོག་ནས་ལོ་ཟླ་དང་ཉིན་ཞག་ག་ཙམ་འགོར་དགོས་པ་སུས་ཀྱང་ཁས་ལེན་དཀའ་མོད་ཁ་ཆར་བུ་ཡུག་གིས་སྦྲ་ནག་གི་ཁ་དོག་ཟ་དུས་ལག་ཏུ་མ་ནི་འཁོར་ལོ་བཟུང་ཞིང་སྐྲ་ལོ་ཁ་བས་མནན་པའི་ཨ་མ་རྒན་མོས་ད་དུང་སྦྲ་ནག་གི་ཐུ་འོག་ན་གནམ་རྒན་མར་སྐྱབས་འཇུག་ཞུ་བཞིན་ཡོད། ནོར་ལུག་གི་སྐེ་རྩ་བསྡམས་ནས་སྙིང་ཁྲག་འབྱིན་པའི་རི་སྤྱང་དང་ཝ་འདྲེའི་ཚོགས་ཀྱི་ནང་དུ་སྤྱང་ལྟོགས་དཀར་ཟས་པ་ཞིག་དང་ཝ་འདྲེ་དྲང་བདེན་པ་ཞིག་ལ་ཡིག་དྲུག་གི་དབྱངས་རྟའི་ཁྲོད་ཕྱག་ཕྲེང་གིས་གཡབ་མོ་བྱེད་པ་ནི་ཁོ་མོར་ནམ་རྒྱུན་གོམས་དྲགས་པའི་གཤིས་ཀ་ཤེལ་གོང་འདྲ་བོ་དེ་ཡོད་པས་རེད། ཨ་མས་ལན་རེར་སྤྱང་ཀི་རྩྭ་གཟན་ནི་མོ་གཤམ་གྱི་བུ་ཆུང་ལོ་བརྒྱད་སྙིང་རྗེ་བོ་དེ་མ་གཏོགས་མེད་པ་ཤེས་བཞིན་དུ་སླར་ཡང་ཨུ་ཚུགས་དང་ན་རག་གིས་མི་ཡུལ་གྱི་ཆེད་དུ་སྤྱན་ཆབ་འདོན་པ་ནི་འུག་པ་ཚོ་དགོད་ཁ་ཤོར་བའི་གནས་ལགས་སོ།
རེ་སྒུག་གི་ཁ་ཏོན་འདོན་པ་ལས་རྩོད་ལེན་གྱི་ཁུ་ཚུར་གནམ་དུ་བསྒྲེངས་ཐུབ་པ་ནི་འུ་བུ་ཅག་གི་ཁྲོད་དུ་མེད་པ་ཨེ་རེད་ཅེས་ན་གཏན་ནས་མ་ཡིན་དེ་ང་ཚོ་ནི་བཙན་པོའི་ཁྲག་རྒྱུན་གྱིས་འཚོ་ཞིང་བཞེས་པའི་མི་རིགས་ཤིག་དང་པོ་ཏ་ལའི་གཟི་བརྗིད་ཀྱི་ང་རྒྱལ་སྙིང་ལ་བཅངས་པའི་འུ་བུ་ཅག་དེ་ལགས་པས་ང་ཚོའི་ནམ་མཁའ་ནི་ང་ཚོར་དབང་ཆོག་ལ་མཐོ་སྒང་གི་ཉི་འོད་ཀྱང་མཐོ་སྒང་གི་མི་རྣམས་ཁོ་ནས་ལོངས་སྤྱད་ཆོག་ལ་སྤྱོད་ཐུབ་པ་ཞིག་ཡིན་དགོས། འདི་ནི་འུ་བུ་ཅག་ལ་དགོས་པའི་གཞིས་ཁྱིམ་དེ་ཡིན་ལ་འདི་ནི་རེ་སྒུག་གིས་མི་ཐོབ་པའི་རྩོད་ལེན་བྱེད་རེམ་པའི་ཕ་ས་དེ་ཡིན་འདུག ཁངས་ཆག་བསྟུན་མར་ལྷུང་པས་སྦྲ་ཁྱིམ་ཡོད་ཚད་ཁ་བས་མནན་ཞིང་ལུག་ཁྱུ་སྤྱང་ལྟོགས་ཀྱི་ཁ་ཟས་སུ་གྱུར་ཡང་གནམ་རྒན་མ་དང་ང་ཚོའི་བར་ཐག་དུད་སྤྲིན་གྱི་བཅད་སོང་བས་འདི་ལྟ་བུའི་རེ་སྒུག་ཁྲོད་ཉི་འོད་ཀྱིས་ང་ཚོ་ནམ་ཡང་མཐོང་ཐབས་མེད་པ་ཤེས་ཡོང༌། དེའི་ཕྱིར་ཁ་བས་མནན་པའི་མཐོ་སྒང་ནས་འུ་ཚོས་རྐང་ལམ་ཕྲ་མོ་ཞིག་དེད་དེ་ཉི་འོད་ཀྱི་ཞིང་ཁམས་ཤིག་ཏུ་ངེས་པར་དུ་བགྲོད་ཨང༌།
ཁ་བ་བསྟུན་མར་འབབ་པའི་ཉིན་ཞག་ཁྲོད་རི་སྤྱང་དང་ཝ་འདྲེ་ཚོ་ཡུན་གྱིས་རྫ་གསེབ་ནས་མར་བབས་ཏེ་སྦྲ་ནག་གི་ཕྱི་ནང་དུ་ཚང་མལ་བཅོས་ཏེ་སེམས་བདེ་བག་ཕེབས་ཀྱིས་སྔུར་བ་འཐེན་པ་ནི་ཨ་མའི་ཕྱག་ཕྲེང་ལ་རལ་གྲི་ལྟ་བུའི་རྣོ་ཁ་མེད་པ་དང་ལྷས་འདབས་ཀྱི་ལུག་ཁྱུ་ཚོགས་ནམ་ཡང་ཁོ་ཚོའི་ཁ་ཟས་ཡིན་ཆོག་ཆོག་གི་བསམ་པས་རེད། ང་ཚོ་དམར་དྲི་འཐུལ་བའི་སྤྱང་ལྟོགས་ཀྱི་ཁ་རླངས་དང་ཝ་མོ་བརྒྱལ་བའི་ཐན་སྐད་ལ་འཇིགས་ནས་སྦྲ་ཁྱིམ་གྱི་ལྟག་ལོགས་སུ་ཉུལ་ཞོར་སྡུག་སྨྲེ་དང་མ་ནི་སྦྲགས་འདོན་བྱེད་པ་ནི་དོན་དུ་རི་སྤྱང་དང་ཝ་འདྲེའི་ཁྱུ་ཚོགས་སྦྲ་ནང་དུ་གཡབ་མོ་བྱེད་པ་དང་ཅིས་མི་མཚུངས་ཨང༌། ང་ཚོས་ཅིའི་ཕྱིར་ཁངས་ཆག་གི་ཁོར་ཡུག་ནས་ལ་རྒྱའི་ཀི་རིང་བཏབ་སྟེ་ཁོར་ཡུག་གི་མི་རྣམས་སད་དུ་འཇུག་ཅི་ལ་མི་ཐུབ། ང་ཚོས་མུན་ནག་གི་མཚན་ལྗོངས་སུ་སྤོབས་པ་སྟོང་ཕྲག་གི་དཔའ་འབར་བཟུང་སྟེ་ཕ་མེས་ཀྱི་བསྐྱུར་བའི་གློ་གྲི་ཆུང་ཆུང་ཤུལ་ནས་འདོན་ཅི་ལ་མི་ཐུབ། ང་ཚོས་འཁྱག་ཤི་ཐེབས་པའི་ཁོར་ཡུག་ནས་མི་ཟོག་ཡོད་ཚད་སྤྱང་ལྟོགས་ཀྱི་ཁ་ཟས་སུ་འཇུག་དགོས་དོན་གང་ཡིན་ནམ།
དུས་ཚིགས་ཀྱི་འགྱུར་ལྡོག་བར་ནས་ཚ་གྲང་རེས་མོས་ཀྱི་མྱོང་དགོས་པ་འཇིག་རྟེན་གྱི་ཆོས་ཉིད་དུ་གྲུབ་ཚར་ན་ཁངས་ཆག་འདིའི་རྗེས་ན་ཉི་འོད་འཇམ་པའི་དབྱར་ལྗོངས་ཤིག་བསུ་རྒྱུ་ཡོད་པ་མ་བརྗེད་རོགས། སྤྲིན་རྒྱབ་ཀྱི་ཉི་མ་འདིའི་ལྟག་ན་གསལ་ཐིངས་དྲོད་འཁྱིལ་གྱི་འཆར་བའི་དུས་ཚིགས་ཤིག་ཅིས་ཀྱང་ཡོད་ངེས་པས་ང་ཚོས་ཁངས་ཆག་དང་མུན་ནག རི་སྤྱང་དང་ཝ་འདྲེ། འུག་པ་དང་བྱ་རོག་གི་སྡེ་ལ་རང་ཉིད་དམར་མཆོད་བྱེད་དོན་ག་ནས་ཡོད་ཨང༌། ཡབ་མེས་བཙན་པོའི་རྡོ་རིང་དག་ལ་བལྟས་ན་འུ་བུ་ཅག་ལ་ཡོད་ཆོག་ཆོག་གི་ཁོར་ཡུག་ཞིག་གི་མཁར་ཤུལ་རྗེན་པར་བྲིས་ཡོད་པས་ཕ་མཁར་བུ་ཡིས་འཛིན་པ་ནི་བཙན་པོའི་ཚ་བོ་དང་ཚ་མོ་འུ་བུ་ཅག་མིན་ན་སུ་ཡིན། ང་ཚོས་འདི་ལྟར་ཁ་ཆར་དང་བུ་ཡུག་གདོང་གིས་བསུ་སྟེ་རི་སྤྱང་དང་ཝ་འདྲེའི་ཚོགས་ལ་གློ་གྲིའི་རྩེ་མོ་གཏོད་ཐུབ་པར་གྱིས་ཤིག ང་ཚོས་མཐིང་སྨུག་སྦྲ་ཆུང་ལ་བཙན་རྫོང་བརྩིགས་ཏེ་རང་ཉིད་ཀྱི་ཁྱིམ་གཞིས་དྲོད་མོར་ལྷགས་རླུང་གིས་མི་གཙེས་པའི་རེ་བ་རྒྱག་དགོས། ང་ཚོས་བཙན་པོའི་ཞབས་རྗེས་དང་དཔའ་སྤོབས་རྣལ་མ་དེ་བཙལ་དེ་པོ་ཏ་ལའི་བར་སྣང་ལ་ཉི་འོད་བསུ་དགོས། ང་ཚོས་སྔར་བཞིན་མཐོ་སྒང་གི་ཁོར་ཡུག་འདིར་སྔོ་ཞིང་བསངས་པའི་ནམ་མཁའ་དང་དྲོད་ཞིང་འཇམ་པའི་ཉི་འོད། མཐོ་ཞིང་བརྗིད་པའི་རི་བོ། དྭངས་ཤིང་གསལ་བའི་ཆུ་མིག ཡངས་ཤིང་ཆེ་བའི་ས་གཞི། མེ་ཏོག་རྣམ་པར་བཀྲ་བའི་རྩྭ་ཐང༌། རྟ་ནོར་ལུག་གི་ཕ་ས། ཞི་བདེ་དང་འཆམ་མཐུན་གྱི་འཚོ་བ་དངོས་མ་ཞིག་ཅིས་ཀྱང་བསུ་དགོས། ད་ནི་འུ་བུ་ཅག་ལ་སྒུག་ཁོམ་མེད་པས་སྦྲ་ནང་གི་སྤུན་ཟླ་ཚོ་གཉིད་ལས་སད་རན། ཅིས་ཀྱང་གཉིད་ལས་སད་དགོས།
ངའི་སྤུན་ཟླ་ཚོ། མཐིང་སྨུག་སྦྲ་ཆུང་འདི་སྤྱང་ལྟོགས་ཀྱི་ཚང་མལ་མིན།
མཐོ་སྒང་རྩྭ་ཐང་འདི་ཁངས་ཆག་གི་ལོ་ཟླ་མིན།
འུ་ཅག་མིང་སྲིང་ཚོ་གཞན་གྱི་བྲན་གཡོག་མིན།
འབྱུང་འགྱུར་གྱི་ཕ་ས་ནི་ལན་ཆགས་ཀྱི་ཁུར་བོ་མིན།
ད་ནི་འུ་བུ་ཅག་ལ་སྒུག་ཁོམ་མེད་པས་མྱུར་དུ་ལམ་ལ་ཆས་རོགས།

བསྟོད།8

དཔྱད་མཆན་སྤེལ།