བཙན་ཚུགས་ཀྱི་ལག་ངར་དགུང་ལ་མ་བསྒྲེངས།

རྒོད་རྒྱལ་བློ་ཕུན།

----ཧོལ་རྒྱུགས་པའི་ཚོཊ་ཀྱི་བསམ་བློ་གླེང་བ།

དེང་གི་ཆར། རང་ཅག་ཁ་བའི་ལྗོངས་སུ་ཤེས་ཡོན་པའི་སྡེ་ཁག་མི་ཉུང་བ་དཔྱིད་མགོའི་གསར་སྐྱེས་ཀྱི་མྱུ་གུ་འབུད་པ་དང༌། དབྱར་གཞུང་གི་ཤ་མོ་བརྡོལ་བ་བཞིན་བོད་ཀྱི་རྩོམ་རིག་དང་རིག་གནས་ཀྱི་གཙོ་བོར་འགྱུར་བའི་ཁྱབ་ཁོངས་ནང་བྱུང་དང་འབྱུང་བཞིན་ཡོད། ཕྱོགས་མང་པོ་ནས་གླེང་ན་འདི་ནི་བཀྲ་ཤིས་པའི་བྱ་བ་ཞིག་རེད་ལ་སྤོབས་སེམས་ཆེན་པོས་མི་རིགས་ཤིག་འཕེལ་རྒྱས་འགྲོ་བའི་བསམ་བློའི་བཟོ་བ་པོའམ་བསམ་བློའི་སྡེ་ཁག་འགའ་གསར་དུ་བྱུང་བར་བཤད་ཆོག དེ་ཡང་བྱ་དངོས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཀྱི་བདེན་ལུགས་དང་མཐུན་པ་ཞིག་རེད་ལ། མི་རིགས་ཤིག་དང་ཁོར་ཡུག་གཅིག་གཏིང་ཟབ་ས་ནས་འགྱུར་བཞིན་པའི་ཕྱི་རོལ་གྱི་སྣང་ཚུལ་མངོན་པོ་ཞིག་རེད། ཕྱོགས་གཞན་ནས་ང་ཚོས་“བསམ་བློ་བ་”དང་“ཤེས་ཡོན་པ་”དེ་དག་ལ་ཉམས་འཇོག་བྱེད་དགོས་འདུག ཅོལ་ཆུང་ གི་རིག་གནས་པར་རློམ་
པའི་ཚོགས་དང༌། རང་ཤེད་ཅན་གྱི་ཤེས་ཡོན་པ་མང་པོས་དོན་དམ་དུ་གསར་རྙིང་གི་ཁྲོད་སྔར་བཞིན་ས་རྩོད་ཆུ་རྩོད་ཀྱི་ཁ་ངོ་འཁྱེར་ནས་ལམ་ཞིག་ལ་ཐོན་ཁུལ་བྱེད་ཀྱིན་འདུག ཁོང་ཚོར་སྤྱི་བགྲོས་སུ་སོང་བའི་བཤད་རྒྱུ་ཞིག་ཡོད་པ་ནི། ང་ཚོས་བསམ་བློར་བཅིངས་འགྲོལ་གཏོང་དགོས་ཟེར་བ་དེ་རེད། ཐོལ་དུ་སྐད་ཆ་དེར་ཉན་ན་དངོས་འབྲེལ་དོན་གནད་རྡོག་རྡོག་གཅིག་ཡོད་པའམ་གསར་བཏོད་ཀྱི་དོན་སྙིང་ཆེན་པོ་ཡོད་པར་སྙམ་ངེས།ཕྱིས་སུ་རང་ཉིད་ཀྱི་དོན་དངོས་བཞུར་བརྡར་ནང་སྐད་ཆ་དེར་བསམ་བློ་ཡང་ཡང་བཏང་མྱོང་ལ། དེ་དང་འབྲེལ་བའི་བདེན་རྫུན་གྱི་ཚ་འདྲི་ཡང་མི་གཏོང་ཐབས་ཤིག་མེད་ཀི གསར་རྙིང་གི་ཁྲོད་དུ་ཧོལ་རྒྱུགས་པ་མང་པོས་རྙིང་བ་དེ་རྦད་དེ་དོར་དགོས་ཚུལ་དང་གསར་པའི་ལམ་ཡངས་པོ་ཞིག་བཏོད་དགོས་ཚུལ་སྨྲ་བཞིན་ཡོད། དེས་ན་ངས་སྐད་ཆ་མཇུག་མ་ཞིག་མཐུད་ནས་“བསམ་བློར་བཅིངས་འགྲོལ་གཏོང་དགོས་ལ། བྱ་དངོས་དོན་དངོས་དང་བསྟུན་དགོས་”ཟེར་བ་ཡིན། མིའི་བསམ་བློའི་འཆར་ཡན་ལ་མཐའ་མེད་པས་སྟོང་སྣང་དང་སྟོང་བསམ་མང་པོ་ཕྱི་རོལ་སྣང་ཚུལ་མི་གཅིག་པའི་སྟབས་ཀྱིས་རེ་འགའ་གཡོ་ཁྲམ་གྱིས་འཆར་ངེས་ལ་རེ་འགའ་སྣང་གཟུཊ་སུ་འཆར་ངེས། གལ་ཏེ་བསམ་བློར་བཅིངས་འགྲོལ་གཏོང་དགོས་ཚུལ་དེ་གསར་རྙིང་རིག་གནས་འདུ་ཤེས་འཛིན་སྟངས་དང་མཛེས་དཔྱོད་ལྟ་བ། རིན་ཐང་ལྟ་བ་སོགས་ནང་འོས་ལ་མ་འོས་སུ་བསྐུངས་འོང་ན། བསམ་བློ་དང་དོན་དངོས་གཉིས་ཐིག་རིས་གཅིག་གི་སྟེང་དུ་གནས་ཐབས་མེད་སྙམ། མ་གཞི་ནས་དངོས་ཡོད་འཚོ་བའི་ནང་གནས་བཅའ་བའི་ང་ཚོར་བསམ་བློའི་བང་ཆེན་འཆར་ཡན་གྱི་ཐང་རྐྱལ་དུ་བཏང་ནས་ཅི་ཞིག་རྙེད་ཐབས་དང་ཅི་ཞིག་ཐོབ་འདོད་པའི་ཐབས་ཤིག་རྩ་བ་ནས་རྙེད་དུ་མེད་ལ་རྙེད་ཀྱང་མི་སྲིད། ཧོལ་རྒྱུགས་པས་རང་ཉིད་ཀྱི་ལྟེ་བར་བྱས་པའི་བསམ་བློའི་རིན་ཐང་ལ་བསྐྱར་བཤད་ཡང་བཤད་བྱས་སྟེ་མི་གཞན་ལ་དེ་འདྲའི་བཙན་ཚུཊ་ཀྱིས་བསམ་བློ་བཟུང་དགོས་ཚུལ་གླེང་གིན་ཡོད། རང་ཉིད་ཀྱིས་བལྟས་ནས་དེ་ཚོ་ནི་རང་ཉིད་ཀྱི་ཁྲོ་ཟངས་བདག་ཏུ་མ་རེག་པར་མི་གཞན་གྱི་རྫ་ཁོག་གཅོག་ཐབས་བྱེད་མཁན་འབའ་ཞིག་རེད་སྙམ།
2009ལོའི་ཟླ་4ཚེས་10ཉིན་བོད་ལྗོངས་སློབ་ཆེན་དུ་བྲིས།

བསྟོད།6

དཔྱད་མཆན་སྤེལ།