དཀྲོགས་དཀྲིག་དང་ཁ་གཡང་ལས་དངོས་དོན་གྱི་ལག་རྗེས་མཁོ།

གསར་འགོད་པ ། གཡུ་སྲས།

ཡུལ་ཤུལ་ས་ཁུལ་དུ་ས་འགུལ་བྱུང་ནས་ཉིན་ལྔ་ལྷག་འགོར་བའི་རིང་ལ། བོད་ཀྱི་གསོན་པོར་གནས་པའི་ཡུལ་མི་དག་གིས་རང་རང་གི་ཐེག་ཚོད་ཀྱིས་ཕྱོགས་གང་ཇུས་ཐད་ནས་ཡུལ་ཤུལ་གྱི་སྤུན་ཟླ་དག་ལ་རྒྱབ་སྐྱོར་དང་ཐུགས་ཁུར་མཛད་ཅིང་། ཚེས་བཅོ་ལྔ་ཉིན་ནས་བཟུང་རྨས་སྐྱོན་ཅུང་ཚབས་ཆེན་ཡིན་པའི་རྨས་མ་དག་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་དང་ཞི་ཨན། མཚོ་ལྷ་ཁུལ་བཅས་སུ་གནམ་གྲུ་སོགས་ཀྱིས་སྐྱེལ་འདྲེན་བྱས་ནས་ཞིང་ཆེན་དང་ཁུལ་རེ་འགའི་སྨན་ཁང་དུ་བསྐྱལ་ཞིང་། གོང་རིམ་གྱི་བཀའ་ཡིག་དང་མཐུན་རྐྱེན་མི་དམན་པའི་འོག་ཅུང་ཞིབ་ཚགས་ཀྱི་ལམ་ནས་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན་འདུག ཁོ་བོས་ཀན་སུའུ་ཞིང་ཆེན་རྒྱ་ལུགས་སྨན་ཁང་དུ་ཉིན་གསུམ་རིང་ལ་དང་བླངས་འོས་མའི་འགན་བསྒྲུབ་པ་ལས་རྒྱུས་ལོན་བྱུང་བ་ལྟར་ན། དེ་གར་ཁྱོན་བསྡོམས་ནད་པ་སོ་བདུན་འདུག་ཅིང་། ནད་པ་ཆེས་ཆུང་བ་ནི་བུ་མོ་བཀྲ་ཤིས་མཚོ་མོ་ལོ་དགུ་ཡིན་ལ་ཆེས་ཆེ་བ་དགུང་ལོ་རེ་ལྔར་སོན་པའི་ཨ་ཡེ་ལོ་ལོན་ཞིག་རེད། དེ་རུ་གནས་པའི་ནད་པ་མང་ཆེ་བ་ནི་རུས་ཚིགས་དང་རྐང་བ། སྒལ་གཞུང་དང་སྐཻད་པ། ལག་པ་དང་མགོ་བོ་སོགས་ལ་ཁང་བ་བརྡིབས་ཏེ་རྨས་སྐྱོན་ཚབས་ཆེན་བཟོས་པའི་ནད་པ་ཡིན་འདུག་ལ། འགྲོ་འདུག་དང་ཕར་འཁོར་ཚུར་འཁོར་སོགས་ཀྱི་འགུལ་སྐྱོད་ཐད་ལ་ཧ་ཅང་སྟབས་བདེ་མི་འདུག་པས། སྔ་ཕྱིར་ནུབ་བྱང་མི་རིགས་བརྡ་འཕྲིན་ཞིབ་འཇུག་གླིང་གི་དགེ་རྒན་ཟླ་བ་ཕུན་ཚོགས་ཀྱི་སྣེ་ཁྲིད་འོག་ཏུ་སློབ་གླིང་དེ་གའི་བོད་རིགས་སློབ་མ་བརྒྱད་དང་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དང་བླངས་འོས་མི་སོགས་ཀྱིས་ཡིག་བསྒྱུར་དང་སྐད་ཆའི་བརྡ་སྤྲོད་པ། ཞབས་ཞུ་ལེགས་པོ་བྱེད་པ་བཅས་ལ་རང་ནུས་གང་ཡོད་ཀྱིས་འབད་པ་ཆེན་པོ་བྱས་དང་བྱེད་བཞིན་ཡོད། ཀན་སུའུ་ཞིང་ཆེན་རྒྱ་ལུགས་སྨན་ཁང་གི་སྒོ་བསྟེན་ཁང་གི་རུས་ཀྲིག་ཅན་གྱི་སྨན་པ་གཙོ་བོས་མངགས་བཅོལ་ལྟར་དུ་ཚེས་ཉི་ཤུ་ཉིན་ནས་བཟུང་སྨན་ཁང་དེ་གར་ནུབ་བྱང་མི་རིགས་སློབ་ཆེན་བརྡ་འཕྲིན་ཞིབ་འཇུག་གླིང་གི་བོད་རིགས་སློབ་མ་དྲུག་ལྷག་གི་ཡིག་བསྒྱུར་དང་རམ་འདེགས་འོག་ཏུ་ནད་པ་རེ་རེར་སེམས་ཁམས་སླར་གསོའི་ཕྱོགས་ཀྱི་ལས་ཀའང་བསྒྲུབ་རྒྱུའི་འཆར་གཞི་བཟོས་ཡོད། སྨན་ཁང་དེ་གའི་ནད་པར་བདག་སྐྱོང་གི་བྱ་བ་ནི་ངོ་མ་ང་ཚོ་བློ་ཡུལ་ལས་འདས་པ་ལྟར་ཤིན་ཏུ་ལེགས་པོ་འདུག དཔེར་ན་ནད་པར་ཁེམ་བུ་རེ་རེ་བྱས་ནས་ཟ་མ་ལྡུད་པ་དང་། གྱོན་པ་གསོར་བ། རྐང་བ་འཁྲུད་པ། སྐྲ་བཀྲི་བ། ལུས་པོ་བཀྲི་བ་སོགས་མི་ཕལ་བ་དག་གིས་བསྒྲུབ་མི་ཐུབ་པའི་ལས་རྣམས་ཀྱང་སྒྲུབ་ཀྱིན་པ་ཁོ་བོས་དངོས་སུ་མཐོང་ལ། དེའི་མཇུག་མུ་མཐུད་དུ་སྐྱོང་ཐུབ་པའི་སྨོན་ལམ་འདེབས། གཞན་ང་ཚོ་དེ་གར་བསྡད་པའི་ཉིན་དེ་དག་གི་རིང་ལ།མཚོ་སྔོན་ཞིང་ཆེན་མི་དམངས་ཨུ་ཡོན་གྱི་འགོ་ཁྲིད་རྣམ་པ་དང་ནུབ་བྱང་མི་རིགས་བརྡ་འཕྲིན་ཞིབ་འཇུག་གླིང་གི་དགེ་རྒན་རྡོ་ལྷ། གེ་སར་ཞིབ་འཇུག་གླིང་གི་དགེ་རྒན་རྒྱལ་མཚན་ཚེ་རིང་། དཔལ་འབྱོར་སློབ་གླིང་གི་ནོར་བུ་མཚོ་དང་ཤེས་རབ་བཟང་མོ། གཞན་དཔའ་རིས་ས་ཆ་དང་ལན་གྲུ་གྲོང་ཁྱེར་ནང་ཁུལ་གྱི་བརྩེ་བ་དང་བྱམས་སེམས་བདོག་པའི་ཡུལ་མི་ཚོ་རེ་རེ་བཞིན་ལག་སྐྱེས་དང་སྙིང་རྗེ་བསྣམས་ནས་ནད་པར་འཚམས་འདྲིར་བྱེད་དུ་ཡོང་བཞིན་འདུག ཤེས་གསལ་བྱུང་བ་ལྟར་ན་མིག་སྔའི་བར་དུ་ཀན་སུའུ་ཞིང་ཆེན་དུ་ཡུལ་ཤུལ་ས་ཁུལ་ནས་གནམ་གྲུས་བསྐྱལ་ཡོང་བའི་ནད་པ་བརྒྱ་དང་སོ་གཅིག་ལྷག་ཀན་སུའུ་རྒྱ་ལུགས་སྨན་ཁང་དང་ཞིང་ཆེན་མི་དམངས་སྨན་ཁང་། སྐམ་དམག་སྨན་ཁང་ཆེན་མོ་སོགས་སུ་ནད་བཅོས་བྱེད་བཞིན་འདུག་ལ། སྨན་ཁང་དེ་དག་ཏུ་བོད་རིགས་སློབ་མ་ཚོས་ཡིག་བསྒྱུར་དང་ནད་པར་ལྟ་སྐྱོང་། དང་བླངས་འོས་མའི་འགན་བབ་ཕྲག་ཏུ་བླངས་ནས་ནན་ཏན་གྱིས་བྱ་བ་བསྒྲུབ་བཞིན་འདུག་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་དུས་ཐོག་གི་ཆར་བ་ཞིག་གོ། ང་ཚོས་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྡུས་ནས་ཡུལ་ཤུལ་གྱི་སྤུན་ཟླ་དག་ལ་དངོས་དོན་དུ་གྱུར་ལ་ཆེས་མྱུར་བར་ཐག་གཅོད་དགོས་པ། རང་ནུས་ཀྱིས་ལྕོགས་པའི་ལས་དག་བསྒྲུབ་རྒྱུ་ནི་ངས་བསམས་ན་ཆེས་ལག་རྗེས་ཆེ་བའི་བྱ་བ་ཞིག་ཏུ་མཐོང་ངོ་།།

བསྟོད།5

དཔྱད་མཆན་སྤེལ།