དབང་དང་རྒྱུ་ནོར་ལ་མགོ་མི་སྒུར་བའི་ཁྱེད།

གཡུ་མཚོ།

རྒྱུ་ནོར་ཡོད་ན་ས་དམ་ལམ་ཡང་བཟང་བའི་དེང་རིང་། དབང་ཆ་ཡོད་ན་ཅི་བསམ་དོན་རྣམས་འགྲུབ་པའི་དེང་རིང་། མི་ཕལ་ཆེར་སྤྱང་ཀི་ཤ་ལ་རྔམ་པ་བཞིན་རྒྱུ་ནོར་དང་དབང་ཆའི་ཆེད་དུ་འབད། རྒྱུ་ནོར་ཡོད་ན་དཀོན་མཆོག་བཞིན་དུ་བརྩི་བའི་དེང་རིང་། དབང་ཆ་ཡོད་ན་ལྷ་དང་འདྲེ་ཡང་འགུགས་ནུས་པའི་དེ་རིང་། རིག་གནས། ལ་རྒྱ། ཕུགས་བསམ་ཡོད་ཚད་བཙོངས་ནས་འདིའི་ཆེད་དུ་འབད། རྒྱུ་ནོར་ཆེད་དུ་རང་གི་ཕུ་ནུ་བཙོང་། དབང་ཆ་ཆེད་དུ་རང་གི་འདུ་ཤེས་བཙོང་། ཡོད་ཚད་འདིའི་ཆེད་དུ་འབུལ་བའི་དེང་རིང་། རྒྱུ་ནོར་མེད་ན་སྤྲང་པོ་ཟེར། དབང་ཆ་མེད་ན་གཡོག་པོ་ཟེར། མདོར་ན་ས་གནས་འདི་ན་ཡོད་ཚད་འདིའི་གཉིས་ཆེད་དུ་རྒྱུགས་པའི་དེང་རིང་། ཁྱེད་ཉིད་འདི་གཉིས་ལ་མགོ་མ་སྒུལ་སེམས་མ་ཤོར།
དེ་ཡང་ཀྲུང་གོའི་ཆེས་སྐད་གྲགས་ཆེ་བའི་སློ་གྲྭ་རུ་ཡོད་ལ་སྤོབས་པ་དང་སྙིང་སྟོབས་ནུས་པ་ལྡན་མཁན་གྱི་ཁྱེད་ལྟ་བུ་ལ་མཚོན་ན་དབང་དང་རྒྱུ་ནོར་འདི་དག་ཐོབ་པ་བྱ་རྒྱུ་ནི་ཧ་ཅང་ལས་སླ་མོ་ཞིག་ཅི་ལ་མིན། ༢༠༠༧ལོར་ཁྱེད་ཉིད་སློར་གྲྭ་དེ་ནས་མཐར་ཕྱིན་ལ་ཉེར་དུས། བོད་རང་སྐྱོང་ཁུལ་ཞིག་གིས་ཁྱེད་ཉིད་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལ་གདན་འདྲེན་ཞུས། བོད་ཐེབས་རྩ་ཚོགས་པ་ཞིག་གིས་ཁྱེད་ཉིས་གཙོ་འཛིན་པ་གཞོན་པར་གདན་འདྲེན་ཞུས། ད་དུང་དེ་དང་དེ་མཚུངས་ཀྱི་ལས་ཁུངས་མང་པོ་ཞིག་གིས་གདན་ཞུས་ཡི་གེ་འདྲ་མིན་གཏོང་། སློབ་མ་ཞིག་གིས་ངོས་ནས་བཤད་ན་འདི་ནི་ཅི་འདྲའི་སེམས་པ་ཤོར་བའི་ལས་གནས་ཤིག་རེད་ཨང་། ཁྱིམ་ཚང་ཞིག་གིས་ངོས་ནས་བཤད་ན་འདི་ནི་ཅི་འདྲའི་ང་རྒྱལ་འོས་པའི་བྱ་བ་ཞིག་རེད་ཨང་ཞེས་ཁྱེད་ཀྱི་གྲོགས་པོ་དང་ཁྱེད་ཀྱི་ཉེ་མཛའ་ཀུན་གྱི་རྫོགས་མཐའ་མེད་པ་ཞིག་བཤད་ལ། ལས་གནས་འདི་བཟང་དང་དེ་ཡག་ཅེས་ཁྱེད་ལ་གདམས་ཀ་བྱེད་རོགས་བྱས་མཁན་ཡང་གྲངས་ལས་འདས། ཡིན་ཡང་ཉིན་ཞིག་ལ་ཁྱེད་ཀྱིས་ང་ལ་ལས་གནས་འདི་དག་ལ་ང་དགའ་པོ་མི་འདུག ང་འགྲོ་རྒྱུ་མིན་ཟེར་བའི་གཏམ་དེ་བཤད་དུས། ང་ཧང་སང་སོང་། ང་ཡ་མཚན་སོང་། ལས་ཀ་དེ་ཚོ་ཡག་པོ་རེད་ཡ་མི་འགྲོ་བའི་རྒྱུ་མཚན་ཅི། རྗེས་མ་དཔོན་པོ་རེ་ཆགས་སོང་ན།མི་རིགས་ཆེད་དུ་བྱ་བ་མང་པོ་བསྒྲུབ་ཐུབ་རྒྱུ་རེད་ཅེས་སྔོན་ནས་གྲོགས་པོ་ཚོས་ཡང་དུ་ཡང་དུ་བཤད་པའི་སྐད་ཆ་དེང་རིང་ཡང་བསྐྱར་དུ་ཁོ་ལ་བཤད་པ་ཡིན། གལ་ཏེ་ང་དྲུང་ཡིག་བྱེད་དུ་བུད་སོང་ན། ངའི་ཉེ་འགྲམ་དུ་མི་སྣ་ག་འདྲ་ཡོད་པ་གསལ་པོ་ཤེས་ཀྱིན་འདུག ངས་ལས་ཀ་ཅི་ཞིག་བསྒྲུབ་དགོས་པ་ཡང་གསལ་པོ་ཞིག་ལས་ཤེས། དེ་ཡང་ལོ་གཅིག་ནང་ལ་ངའི་བསམ་བློ་དང་ངའི་སྙིང་སྟོབས་ལ་འགྱུར་བ་མི་འགྲོ་བ་ངས་ཤེས་ཀྱིན་རེད། ཡིན་ཡང་ཁོར་ཡུག་དེ་འདྲ་འོག་མི་འདྲ་མིན་དང་འབྲེལ་བ་ཡུན་རིང་བྱ་ན་ངའི་བསམ་བློ་ལ་འགྱུར་བ་མི་འགྲོ་ཟེར་བ་དཀའ་མོ་རེད་ལ། རྗེས་མ་ང་ལ་དངོས་ཀྱི་དབང་ཆ་ག་འདྲ་ཡོད་མིན་ང་ཚོས་ཧ་ཅང་གསལ་པོ་ཞིག་ཤེས་ཀྱིན་མི་འདུག་གམ། དེས་ན་ཉེན་ཁ་དེ་འདྲ་མི་འོང་བའི་ཆེད། ང་རང་གི་ཕུགས་བསམ་གྱི་ཆེད། ལས་གནས་དེ་ཚོ་ལ་མི་འགྲོ་བའི་ཐག་གཅོད་ཚར་ཞེས་ཉིན་དེ་ལ་ཁྱེད་ཀྱིས་སྙིང་གཏམ་གྲངས་མེད་ཅིག་བཤད་སོང་། རེད་ལགས། གལ་ཏེ་ཁོ་དང་ཁོ་ལྟ་བུའི་དབང་ཆ་དང་རྒྱུ་ནོར་ལ་མགོ་མི་སྒུལ་བའི་ན་གཞོན་པ་གྲངས་ལས་འདས་པ་ཞིག་ཡོད་ན། གལ་ཏེ་ཁོ་ལྟ་བུའི་གཞུང་ཞབས་པའི་ཡང་སྙིང་ཤེས་མཁན་གྲངས་འདས་ཤིག་ཡོད་ན། གལ་ཏེ་ཁོ་ལྟ་བུའི་མི་རིགས་ལ་སྙིང་ནས་དུང་བའི་མི་མང་པོ་ཞིག་ཡོད་ན། ང་ཚོ་ལ་རེ་བ་ཞིག་ཡོད་ངེས་རེད།
རང་གིས་བསྒྲུབ་འདོད་པའི་བྱ་བ་དེ་མ་བསྒྲུབ་ན་དེ་ནི་ཆེས་སྐྱོ་འོས་པའི་དོན་ཞིག་རེད་ཅེས་འདི་ནི་ཁོས་རྒྱུན་དུ་བཤད་པའི་གཏམ་ཞིག་རེད། རེད་ལགས། ཁྱེད་ཀྱིས་རང་གི་ཕུགས་བསམ་ཆེད། ཁྱེད་ཀྱིས་རང་གི་བསྒྲུབ་འདོད་པའི་བྱ་བའི་དེ་ཡི་ཆེད། མི་ཕལ་ཆེར་གྱི་ཡིད་དབང་འཕྲོག་པའི་དབང་དང་རྒྱུ་ནོར་ཐལ་བཞིན་དོར། དེ་ལྟར་ཁྱེད་རང་ཉིད་ཀྱིས་བདམས་པའི་ལམ་དེའི་ནང་ཐེ་ཚོམ་མེད་པ་མཆིས་པས། ཨ་ཁུ་ཚང་ལ་ཕོག་ཐུག་ནན་མོ་ཞིག་གཏོང་ཡོད་པ་ཁྱེད་ཀྱིས་ཨེ་ཤེས། དེ་ཡང་ན་ནིང་ཟླ་གཉིས་ཙམ་རིང་ལ་ཁྱེད་ཀྱིས་མྱོང་བའི་སྡུག་བསྔལ་དེ་སུ་ལ་བཤད། གཟའ་འཁོར་གཅིག་ཙམ་ལ་ཆུ་ཐིགས་པ་ཙམ་ཡང་སྟེར་མ་སོང་ལ་རྡུང་རྡེག་གཏོང་བའི་གནས་ཚུལ་དག་ཞིབ་གསལ་བཤད་དུས། དམྱལ་ཁམས་བཅོ་བརྒྱད་ལས་ཀྱང་སྐྱི་གཡའ་བའི་གནས་ཚུལ་འདི་དག་ང་ཚོས་སུ་ལ་བཤད། ཁྱེད་དང་མཉམ་དུ་ཡོད་པའི་མི་དེ་ཚོའི་སྡུག་བསྔལ་མྱོང་ཚུལ་བཤད་ཚེ་སྐྲག་དང་འཇིགས། སྡུག་དང་སྐྱོ་ཟེར་བ་མེད་མཁན་ཁྱེད་ཀྱང་མིག་ཆུ་ཤོར། འདི་ལྟ་བུའི་ཡིད་སྐྱོ་བའི་གནས་ཚུལ་དག་ང་ཚོས་སུ་ལ་བཤད།
ང་རང་གིས་བདམས་པའི་ལམ་དེ་ནོར་མི་འདུག ངས་རང་གི་ཕུགས་བསམ་ཆེད་འབད་ངེས་ཡིན། འདི་ནི་ཀྱ་ཀྱོག་གི་ལམ་ཕྲན་མང་པོ་བརྒྱུད་རྗེས་སུ་ཁྱེད་ཀྱིས་བཤད་པའི་གཏམ་ཞིག་རེད་ལ། ཁྱེད་ཀྱི་སྤོབས་པ་དང་སྙིང་སྟོབས་སོགས་འགྱུར་མེད་པའི་རྟགས་ཤིག་ནི་ཅི་ལ་མིན། འདི་ནི་དབང་དང་རྒྱུ་ནོར་ལ་མགོ་མི་སྒུལ་བའི་རྟགས་མཚོན་ཞིག་ཀྱང་ལས་ཡིན།
སྤུན་ཟླ་རྣམས་པ་ཁོ་དང་ཁོ་ལྟ་བུའི་མི་མང་པོ་ཞིག་གིས་དབང་དང་རྒྱུ་ནོར་ལ་མགོ་མ་སྒུལ་ནས་རྒྱང་རིང་གི་ཕུགས་བསམ་ཞིག་གི་ཆེད་ཡོད་ཚད་ཕུལ་ནས་འབད་དང་འབད་བཞིན་ཡོད་པས། དཔའ་བོ་ཟེར་བ་དེ་འདི་འདྲ་ཞིག་ལ་ཟེར་བ་ཡིན་པས་ང་ཚོས་དུས་ནམ་ཡང་ཁོ་ཚོ་ལ་རྗེས་སུ་ཡི་རངས་བྱེད་དགོས། ཤི་ཚར་བའི་རྗེས་ཁོ་ཚོ་ནི་དཔའ་བོ་རེད་ཟེར་ནས་བསྟོད་བསྔགས་དང་མཐེ་བོང་བསྒྲེངས་པ་ལས་ཁོ་ཚོ་འཇིག་རྟེན་འདི་ལ་འཚོ་ཡོད་དུས་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ་ནས་རྒྱབ་སྐྱོར་བྱེད་དགོས། འདི་ནི་ང་ཚོས་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ཞིག་རེད།
དབང་དང་རྒྱུ་ནོར་ལ་མགོ་མི་སྒུར་བའི་ཁྱེད་དང་ཁྱེད་ཚོ་ལ་དུས་ནམ་ཡང་རྗེས་སུ་ཡི་རངས་བྱེད་བཞིན་ཡོད། ཁྱེད་ཚོ་ནི་མི་རིགས་ཀྱི་དཔའ་བོ་དང་མ་འོངས་པའི་བདག་པོ་ངོ་མ་དེ་རེད་ལགས།

བསྟོད།9

དཔྱད་མཆན་སྤེལ།