ང་ཚོར་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད།

སྙུག་བཅུད་ལེན།

མི་ནི་འགྱུར་ལྡོག་གི་བརྡབ་གསིག་ཁྲོད་བསྐྱེད་པའི་ནུས་པ་དམིགས་བསལ་མངའ་བའི་སྲོག་ལྡན་ཞིག་རེད། དེ་ནི་གཙོ་བོ་མིའི་ཀླད་པ་ནི་ངར་སྡུད་སླ་བའི་བྱེད་ནུས་ཁྱད་པར་བ་ཞིག་ཡིན་པས། ཕྱིའི་ཁོར་ཡུག་གི་ཟོལ་བཅོས་གང་ཞིག་གིས་མི་རྣམས་ལ་དྲན་ཤེས་གསར་པ་རེ་རྙེད་ཀྱིན་ཡོད་པ་དང་། དྲན་ཤེས་དེ་དག་གིས་ད་གཟོད་མི་རྣམས་ཀྱི་འཚོ་བ་རོལ་སྟངས་དང་བསམ་པའི་འཁྱེར་སོ་མཐའ་དག་ལ་འགྱུར་ལྡོག་འབྱུང་གིན་ཡོད་པ་རེད། དེ་ལྟར་ཡིན་ཙང་། གནའ་བོའི་གདོད་མའི་དུས་སྐབས་ནས་མི་རྣམས་ཀྱི་སེམས་ཀྱི་འཛིན་སྟངས་ཀྱིས། འཇིག་རྟེན་གྱི་རང་བྱུང་ཁམས་ཆེན་མོའི་དངོས་པོ་མཐའ་དག་ལོངས་སྤྱོད་ཀྱི་ངོས་ཟིན་ནས་དབྱེ་འབྱེད་ཀྱི་རིག་པ་བྱུང་བ་དང་། རིམ་གྱིས་སོ་སོའི་སེམས་ཀྱི་གཤིས་ལུགས་ལྟར་བག་ཆགས་དང་བརྩེ་བ་མཉམ་འགྲོས་ཀྱིས་ཡུལ་གྲུ་སོ་སོ་དང་། ཚོ་ཁག་སོ་སོར་གྱེས་ཏེ་ཚོགས་སྤྱི་ཡི་རྣམ་པར་གྲུབ་རྗེས་ད་གཟོད་ལོ་ངོ་མང་པོ་ཞིག་འདས་པའི་དུས་སྐབས་ཤིག་ནས། འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་དུ་རིགས་རྒྱུད་ཀྱི་གཤིས་ནས་མི་རིགས་ཀྱི་ས་བཅད་དུ་གྲུབ། དེ་ལྟ་དེ་ལྟར་མི་ནི་མ་གཞི་ནས་ཤ་ཁྲག་གདོས་བཅས་དང་དགའ་སྐྱོ་ཆགས་སྡང་གི་ཚོར་ཕུང་གིས་ཡོངས་སུ་སྤུབས་པའི་སྲོག་ལྡན་ཞིག་ཡིན་ཕྱིར། ད་གཟོད་མི་རྣམས་ཀྱི་སེམས་པའི་ནང་ལ་བརྩེ་བ་དང་དུངས་བ་དམིགས་བསལ་བ་ཞིག་ཡོད་པ་དེས་མི་རིགས་རིང་ལུགས་པ་དང་མི་རིགས་ཀྱི་བློ་ཁམས་ཅན་མང་དུ་གྲུབ་ཀྱིན་ཡོད་ཅིང་། མི་རིགས་སོ་སོའི་བར་ལ་འགྲན་རྩོད་ཀྱི་འདུ་ཤེས་དང་འགྲན་རྩོད་ཀྱི་བྱ་འགུལ་རབས་དང་རིམ་པར་བྱུང་ནས་འོང་བ་རེད། དེ་ནི་མི་རྣམས་ཀྱི་ལྷན་སྐྱེས་གཤིས་ལུགས་སུ་གྲུབ་པའི་སེམས་ཀྱི་གཉུག་མ་དང་དེས་བསྐྱེད་འབྲས་སུ་འཁུམས།
དེ་བས་ན། ད་ནི་རང་ཅག་བོད་ཆེན་པོའི་ལམ་གྱི་དཀྱོགས་མཚམས་འདིའི་ནང་དུ་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད། འགྱུར་ལྡོག་ཆེན་པོ་འདི་ནི་བོད་ཀྱི་ན་གཞོན་པའི་སྡེ་ཡི་བསམ་བློའི་འཁྱེར་སོའི་སྟེང་དུ་འབྱུང་གིན་ཡོད་ཅིང་། འགྱུར་ལྡོག་ཆེན་པོ་འདིས་བོད་ཀྱི་ན་གཞོན་པའི་སྡེ་ཡིས། རང་སྟེང་ནས་ཁེར་ཚུགས་ཀྱི་བསམ་བློ་དང་དཔྱོད་ཤེས་ཀྱི་ལམ་ཁར་སྙེག་པའི་གོམ་སྟབས་ཞིག་གསར་རྟོགས་འབྱུང་གིན་ཡོད་པས། ད་ནི་སྲོལ་རྒྱུན་གྱི་ལུགས་སྲོལ་ཟེར་ནས། གནས་ལུགས་དང་དུས་ཀྱི་ཆོས་ཉིད་ལ་མི་འཚམ་པའི་ལམ་ལུགས་ཤིག དབང་འོག་དང་ཐོབ་འོག་ནས་སྟིངས་འཛིན་བྱེད་ས་ཞིག་ཡེ་ནས་མེད་ལ། གནས་ལུགས་དང་བདེན་དོན་གྱི་རྒྱུ་ཡིས་དབུལ་བའི་མིང་མཐོ་ཅན་དང་དབང་མཐོ་ཅན་སུ་ཞིག་ལའང་། ལགས་སོ་ཟེར་མཁན་དང་མགོ་བོ་དུད་མཁན་ཞིག་གཏན་ནས་མེད་པར་ཆགས་བཞིན་ཡོད་པས། ངས་བསམ་ན། ད་ནི་བོད་ཀྱི་མཁས་རྒན་དུ་རློམ་པ་གང་དེ་དག་གིས་ཀྱང་ཨུ་ཚུགས་ཀྱི་སྤར་ཁ་བཙན་གྱིས་མི་འཆིང་པར། གནས་ལུགས་དང་དུས་ཀྱི་འཕོ་འགྱུར་གྱི་ཕྱོགས་སུ་བསྐྱོད་པར་ཤོག
ད་ནི་དུས་རབས་ཉེར་གཅིག་པ་སྟེ། མི་རྣམས་ཀྱི་བློ་རིག་གི་སྒོ་མོ་ཆེས་ཆེར་ཕྱེ་བཞིན་ཡོད་པའི་འགྱུར་ལྡོག་ཆེན་པོ་འདིའི་ནང་། འཛམ་གླིང་ཤར་ནུབ་ཀྱི་སྔོན་ཐོན་མི་རིགས་མཐའ་དག་གིས། ཉམ་ཆུང་མི་རིགས་དག་གཟུགས་མེད་ཀྱི་སྟོབས་ཤུགས་གཞན་ཞིག་གིས་རང་ཤུགས་ཀྱིས་དབང་དུ་བསྒྱུར་བཞིན་པའི་གནས་སྟངས་དང་དུས་སྐབས་འདི་ལ་མཚོན་ན། ང་ཚོས་ཅིས་ཀྱང་བསམ་བློ་གཞན་ཞིག་གཏོང་རན་པའི་དུས་ལ་ཁེལ་ཡོད་ཅིང་། ཐོག་མར་ང་ཚོས་ངེས་དགོས་པ་ཞིག་ལ། ང་ཚོ་ནི་འཛམ་གླིང་ན་ངོམ་དུ་རུང་བའི་སྲིད་འབྱོར་རིག་གསུམ་གྱི་ནུས་པ་ཆེས་ཆེར་འཛོམས་མྱོང་བའི་མི་རིགས་སྟོབས་ལྡན་ཞིག་ཡིན། ཡིན་ཡང་། རྒྱུ་རྐྱེན་བགྲང་དུ་མི་ལོངས་བ་ཞིག་གིས་དེ་དག་ནི་དགུང་གི་འཇའ་ཚོན་བཞིན་ད་ནི་རེག་ཏུ་མེད་པར་གྱུར་བ་ཡིན་མོད། དེ་ནི་ང་ཚོའི་ ༼ལོ་རྒྱུས་ཀྱི་ཆགས་འཇིག༽ རེད། འོན་ཀྱང་། དེ་ནི་ང་ཚོའི༼ ལོ་རྒྱུས་ཀྱི་དྲན་པ༽ ཞིག་ཀྱང་ཡིན་པར་མ་ཟད།
དྲན་པ་དེ་ང་ཚོའི་བླ་ན་མེད་པའི་སྟོབས་ཤུགས་ཤིག་ཡིན་པས། ད་ནི་ལོ་རྒྱུས་ཀྱི་དྲན་པ་དེས་ང་ཚོ་སླར་ཡང་ཡར་འགྲེང་གིན་ཡོད།
རེད་དེ། ད་ནི་ཏག་ཏག་ང་ཚོར་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད། ད་ནི་ང་ཚོའི་མི་རིགས་ལ་ལོ་རྒྱུས་སྟེང་ཟིན་ཐོར་འགོད་རུང་བའི་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད། ཁྱེད་ཚོས་ཡིད་ཆེས་སམ། ཁྱེད་ཚོས་འདང་ཆེན་པོ་ཞིག་རྒྱག་མི་དགོས་ཏེ། འགྱུར་ལྡོག་དེ་ནི་རང་ཅག་གི་ན་གཞོན་པ་དག་གི་སེམས་ཀྱི་འཛིན་སྟངས་ཐད་རྣོ་སྐུད་བྲག་ལ་བརྡར་བ་ལྟར་ཤེད་ཀྱིས་འབྱུང་གིན་ཡོད་ལ། དེ་ནི་ང་རང་དང་བཅས་པའི་བོད་ཀྱི་ན་གཞོན་ཡིག་འབྲི་བ་དག་གི་བླ་ན་མེད་པའི་བསམ་པའི་སྟོབས་ཤུགས་ཤིག་གི་སྟེང་ནས་མངོན་གྱིན་ཡོད་ཅིང་། འུ་ཅག་ན་གཞོན་པའི་སྡེ་ཡི་བསམ་པའི་འགྱུར་ལྡོག་ནི་མ་འོངས་པའི་བོད་མི་རིགས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་ཡིན་པར་མ་ཟད། འགྱུར་ལྡོག་དེ་ནི་ཏག་ཏག་དུས་སྐབས་འདིའི་ནང་གསར་དུ་འབྱུང་གིན་ཡོད་པའི་རྦ་རླབས་ཆེན་པོ་ཞིག་རེད། དེ་ནི་རང་ཅག་གི་སྔོན་བྱོན་དཔའ་བོ་སྟེ། འཛམ་གླིང་ཁྲོད་ངོམ་དུ་རུང་བའི་བཙན་པོའི་དུས་སྐབས་ཀྱི་དཔའ་གདེང་གི་ང་རོ་དེ་སླར་གསོ་བྱེད་ཀྱིན་ཡོད་ཅིང་དེའི་སྟེང་ཤེས་རབ་ཀྱི་གོ་ཆ་རྣོན་པོ་ཞིག་ཐོགས་ཀྱི་ཡོད་པའི་རྟགས་མཚན་ཆེན་པོ་ཞིག་ལོས་ཡིན་ཏེ། དེ་ལྟར་མ་ཡིན་ན་སུ་ཞིག་གིས་ལན་ལྡོན་ནུས།
གནའ་སྔ་མོ་ཞིག་ལ། འུ་ཚོའི་མི་རིགས་འདི་སྟོབས་ཤུགས་རླབས་པོ་ཆེ་ཞིག་གི་གཤོག་ཟུང་ཁྲོད་ནས་གློ་བུར་དུ་འཇགས་པར་གྱུར། དེ་ནི་བཙན་པོའི་རྒྱལ་རབས་འཐོར་ཤུགས་སུ་སོང་བའི་ཉིན་དེ་ནས་འགོ་བརྩམས་པ་ཡིན། དེ་ལྟ་དེ་ལྟར་ང་ཚོའི་མི་རིགས་འདི་ཉིན་མོ་འདི་ནས་ཡར་བརྩིས་ཏེ་ལོ་ངོ་བདུན་བརྒྱ་ལྷག་གི་རིང་གཉིད་དུ་ཤོར་ནས་བསྡད་པ་ཡིན་ལ། དེའི་རིང་དུ་ང་ཚོའི་མི་རིགས་འདིས་རྨི་ལམ་གྱི་འཇིག་རྟེན་གཞན་ཞིག་ཉུལ་ཏེ་ཧ་ཅང་ལྷོད་ཅག་གེར་བསྡད། ཡ་མཚར་དུ་རུང་བ་ཞིག་ལ། དེའི་རིང་དུ་ང་ཚོའི་མི་རིགས་འདིས་རྨི་ལམ་གྱི་འགྲུལ་བཞུད་ཁྲོད་ནས་འཛམ་གླིང་ན་གྲགས་པ་རབ་ཏུ་མཐོ་བའི་ཤར་ཕྱོགས་མཚན་ཉིད་རིག་པ་ཞེས་པ་ཞིག་གསོ་སྦྱོང་བྱས་ཡོད། རང་ཅག་གིས་གསོ་སྦྱོང་བྱས་པའི་མཚན་ཉིད་རིག་པ་དེས་འཛམ་གླིང་ཤར་ནུབ་ཐམས་ཅད་ལ་སྔ་ན་མེད་པའི་ཤུགས་རྐྱེན་ཁྱད་པར་བ་ཞིག་བཞག་ཡོད། ཡིན་ཡང་། ངས་བསམ་ན་རང་ཅག་གིས་གསོ་སྦྱོང་བྱས་པའི་མཚན་ཉིན་རིག་པ་དེས་ང་ཚོའི་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཞིང་སའི་ཁྲོད་ཕན་པ་ཆེར་མ་བྱུང་། མ་ཟད་དེ་རང་ཅག་གིས་སྤྱོད་ཉེས་སམ་ཉམས་ལེན་གྱི་དབྱེ་འབྱེད་ལེགས་པོ་གཏོང་མ་ནུས་པས། རང་ཅག་གི་མི་རིགས་ཆེན་པོའི་མ་རྐང་གི་དྲན་པ་ཡོངས་སུ་ཉམས་པར་གྱུར་བ་རེད།
ད་ནི་ང་ཚོར་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད། འགྱུར་ལྡོག་འདི་ནི་འུ་ཅག་གི་ན་གཞོན་པའི་སྡེ་ཡི་བསམ་པའི་འཛིན་སྟངས་ཀྱི་སྟེང་དུ་འབྱུང་གིན་ཡོད། དེ་ནི་དུས་རབས་འདིས་ང་ཚོར་གློ་བུར་དུ་བསླངས་བའི་དྲན་པ་ཞིག་རེད། དེ་ནི་དུས་རབས་འདིས་ང་ཚོར་གློ་བུར་དུ་འཕངས་བའི་མདའ་མོ་ཞིག་ཀྱང་རེད། མདའ་མོ་དེ་རང་ཅག་བོད་ཀྱི་ན་གཞོན་པའི་སྡེ་ཡི་སྙིང་གར་ཕོག་ཡོད། མདའ་མོ་དེས་ང་ཚོའི་འདས་ལོ་བདུན་བརྒྱ་ལྷག་གི་རིང་ལ་རྨི་ལམ་ཁྲོད་ཁུ་སིམ་མེར་མྱོང་རོལ་གྱིས་བཟོས་པའི་ཤར་ཕྱོགས་མཚན་ཉིད་རིག་པ་དེ་ལུགས་སྲོལ་ཞིག་ཏུ་བཟོས་ཤིང་ངོ་བོ་གཞན་ཞིག་ཏུ་བསྒྱུར་སོང་བ་དེ་ཅིག་འགྲིག་གིན་མེད་པའི་བརྡ་རྟགས་ཤིག་བསྔོག་འདོན་བྱས་ཡོད། ད་ནི་སླར་ཡང་རང་ཅག་ལ་ཡོད་པའི་མཚན་ཉིད་རིག་པ་དེ་རིག་པ་རྩ་ཆེན་ཞིག་གི་ངོས་ཟིན་དང་རིག་ཚན་བྱེ་བྲག་ཅིག་གི་ཐོབ་ཐང་གི་ངོས་ནས། མི་རིགས་ཆེན་པོའི་མ་རྐང་ལ་ཆེས་དགོས་གལ་ཆེ་བའི་རིག་ཚན་གཞན་གང་ཞིག་མཁོ་བ་དང་ལས་ཅི་ཞིག་སྦྱོར་དགོས་པའི་དྲན་པ་རྣོན་པོ་ཞིག་རྙེད་ཀྱིན་ཡོད་ཅིང་། དྲན་པ་འདི་ནི་རང་ཅག་གི་ལོ་རྒྱུས་སྟེང་འགོད་དུ་རུང་བའི་རྡོ་རིང་ཞིག་ཡིན་པར་སྙམ།
ད་ནི་ང་ཚོར་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད། འགྱུར་ལྡོག་འདི་ནི་རང་ཅག་གི་ན་གཞོན་པའི་སྡེ་ཡི་ཕྲག་གོང་ནས་འབྱུང་གིན་ཡོད། ང་ཚོ་ན་གཞོན་པའི་འགྱུར་ལྡོག་ནི་མ་འོངས་པའི་བོད་མི་རིགས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་ཡིན་པས། ཁྱེད་ཀྱིས་ཡིད་འཇོག་བྱེད་རོགས། ཁྱེད་ཀྱིས་འདང་ཆེན་པོ་ཞིག་རྒྱག་མི་དགོས་ཏེ། དེ་ནི་བོད་ཀྱི་ན་གཞོན་པ་བགྲང་གིས་མི་ལངས་པ་ཞིག་གིས་“འགན་འཁྲི”ཞེས་པའི་ཡིག་འབྲུ་ཞིག་རྙེད་ནས་གཙབ་བརྡར་བྱེད་སྒང་རེད། འགན་འཁྲི་ཞེས་པ་འདི་ནི་མི་ཐམས་ཅད་ཀྱི་ཕྲག་གོང་ན་ཅིག་ཅར་དུ་རྒྱུ་བཞིན་ཡོད་པའི་བརྡ་རྟགས་ཤིག་ཡིན་པའང་ཚོར་གྱིན་ཡོད་ལ། ཐ་སྙད་དེ་ནི་མི་བུ་སྒེར་རེ་རེའི་འགྲོ་མིའི་ཐོབ་ཐང་རང་དབང་ལ་བདག་པོ་རྒྱག་པའི་སད་རྟོགས་ཤིག་འབྱུང་གིན་ཡོད་པའི་རྟགས་དང་མཚན་མ་ཆེན་པོ་ཞིག་ཡིན། དེ་བས་རང་ཅག་གི་གཞོན་རབས་པའི་སྡེས་འགན་འཁྲིའི་འདུ་ཤེས་ཞེས་པ་ཤིག་ཀྱང་རྙེད་དེ་རི་ལུང་ཀུན་ཏུ་ཤེས་རབ་ཀྱི་སྐད་སྒྲ་འདོན་གྱིན་ཡོད་ལ། རང་ཅག་གི་གཞོན་རབས་པའི་ཤེས་རབ་ཀྱི་སྐད་སྒྲ་དེ་ནི་མ་འོངས་པའི་བོད་མི་རིགས་ཀྱི་བླ་ན་མེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པས། ངས་བསམ་ན་ད་ནི་ཁྱེད་ཀྱིས་བླ་ན་མེད་པའི་ཡིད་འཇོག་ཅིག་བྱས་ན་རེད།
ད་ནི་ཏག་ཏག་ང་ཚོར་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད་ལ། འགྱུར་ལྡོག་དེ་ནི་རང་ཅག་གི་ན་གཞོན་པའི་ཤེས་རབ་དང་དཔའ་སྤོབས་ཀྱིས་བརྡར་བའི་བསྐྱེད་འབྲས་དམིགས་བསལ་བ་ཞིག་ཏུ་གྲུབ་ཀྱིན་ཡོད། དེ་ནི་སྔོན་ཆད་རང་ཅག་གི་ལོ་རྒྱུས་སྟེང་བྱུང་མྱོང་བའི་སྐྱོ་ལ་སྡུག་པའི་ཡིག་རྨོངས་པའི་སྡེས་གཙོས། ཐམས་ཅད་ཀྱིས་“ཁྲིམས” ཞེས་པ་དེ་ནི་འཇིགས་ཡེར་ས་ཞིག་ལས། དེ་མིའི་འཚོ་གནས་ཀྱི་འགན་སྲུང་བྱེད་སྤྱད་ཅིག་ཡིན་པ་གོ་རྟོགས་མ་བྱུང་བ་དེར་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད་པར་མ་ཟད། འགྱུར་ལྡོག་དེ་ནི་ད་གསར་དུ་འབྱུང་གིན་ཡོད་པའི་ན་གཞོན་པའི་སྡེ་ཡི་རྦ་རླབས་ཆེན་པོ་ཞིག་རེད། རྦ་རླབས་འདིས་རང་ཅག་ལ་མིའི་རིགས་ཀྱི་ཐོབ་ཐང་འདྲ་མཉམ་དང་། ཅི་ཞིག་བཀོལ་ཆོག་མིན་དང་འོས་མིན་གྱི་ཐད་གསལ་བར་འབྱེད་པའི་“ཁྲིམས་ཀྱི་དགོངས་པ”་ཞེས་པ་ཞིག་གི་གསལ་རྟོགས་འབྱུང་གིན་ཡོད།
ད་ནི་ང་ཚོའི་ཉམ་ཐག་པའི་བསམ་པའི་སྐམ་ས་ཆེན་པོ་འདིའི་ནང་དུ་འགྱུར་ལྡོག་ཆེན་པོ་འདིའི་གླུ་སྐད་དྲག་ཏུ་འཕྱུར་བཞིན་པའི་སྒང་ཞིག་རེད་ལ། འགྱུར་ལྡོག་དེ་ནི་ཧ་ཅང་དམིགས་བསལ་བ་ཞིག་ཡིན་པས། དེ་ནི་རང་ཅག་གི་འདས་ལོ་མང་པོ་ཞིག་གི་རིང་ང་ཚོ་སྐྱ་བོའི་སྡེ་ཡིས་ « དཔེ་ཀློག» བྱེད་མ་མྱོང་བའི་གོམས་གཤིས་རྫོབ་པོ་དེར་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད་ཅིང་། ད་ནི་རང་ཅག་ནི་སྔོན་ཆད་« དཔེ་ཆ» ལ་གཙི་བཀུར་ཙམ་དང་དད་འདུན་ཙམ་ལས། ནང་གི་དེ་ཉིད་བཙལ་བའི་བློ་གཤིས་མེད་པ་དེར་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད་པར་མ་ཟད། ད་ནི་རང་ཅག་གི་སྐྱ་སེར་ཐམས་ཅད་ཀྱིས་«དཔེ་ཀློག» བྱེད་ཅིང་དེའི་ཡང་སྙིང་གིས་འཛམ་གླིང་གི་དེ་ཉིད་བཙལ་ནུས་པའི་བློ་སྒོ་འབྱེད་ཀྱིན་ཡོད།
ཀ་ཡེ། ཁྱེད་ཀྱིས་རྟོགས་བྱུང་ངམ། ཁྱེད་ཀྱིས་ཐོས་སོང་ངམ། ད་ལྟ་ང་ཚོ་ལ་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་བཞིན་པའི་སྒང་རེད། འགྱུར་ལྡོག་འདི་ནི་མ་འོངས་པའི་བོད་མི་རིགས་ཀྱི་བླ་ན་མེད་པའི་འགྱུར་ལྡོག་ཆེན་པོ་ཞིག་རེད། ད་ལྟ་འགྱུར་ལྡོག་ཆེན་པོ་འདིའི་སྡུར་སྒྲ་དང་ཆོམ་སྒྲ་མཐའ་དག་གིས། བོད་མི་རིགས་ཀྱི་རི་ལུང་ཀུན་ཏུ་གཡོ་སྐྱོམ་ཆེན་པོ་ཞིག་བཟོ་ནས་འགྲོ་ཡི་ཡོད། ཁྱེད་ཀྱིས་ཐོས་བྱུང་ངམ། ད་ལྟ་འགྱུར་ལྡོག་ཆེན་པོ་འདིས་མཐོ་གོ་སར་གནས་པའི་དཔོན་པོ་དང་བླ་ཆེན་སྤྲུལ་ཆེན་ནས། དམའ་དམངས་ཀྱི་སྡེ་རུ་གནས་པའི་མི་སེར་དང་ཕལ་བའི་སྡེ་མཐའ་དག་གི་ཁྲོད་དུ་སྔ་ན་མེད་པའི་གཡོ་སྐྱོམ་ཆེན་པོ་ཞིག་ཐེབས་ཀྱིན་ཡོད། འགྱུར་ལྡོག་འདི་ནི་ང་ཚོས་ཡུན་རིང་དུ་རེ་ཤིང་སྒུག་པའི་རྨི་ལམ་སྟོབས་ཆེན་ཞིག་ཡིན་པས། ད་ནི་ཁྱེད་ཀྱིས་ཅིས་ཀྱང་ཡིད་འཇོག་བྱས་ན་རེད།
འདི་ལྟར་རིགས་མི་འདྲ་བ་སྣ་ཚོགས་པ་ཞིག་གི་སྟེང་ནས་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་གིན་ཡོད་པས། ད་ནི་ཏག་ཏག་ང་ཚོར་རེ་བ་ཆེན་པོ་ཞིག་ཡོད་པ་དེ་གཏན་དུ་ཁེལ་བར་གྱུར། ངས་བསམ་ན་འགྱུར་ལྡོག་འདིས་མི་འགྱིངས་བར་རང་ཅག་གིས་འཛམ་གླིང་སྟེང་གླུ་སྐད་གསོན་པོ་ཞིག་འབྱིན་རྒྱུ་རེད། འདི་ནི་དུས་རབས་ཉེར་གཅིག་པའི་བོད་ཀྱི་ན་གཞོན་རྣམས་ཀྱི་བླ་ན་མེད་པའི་གསོན་ཤུགས་ཤིག་ཡིན་པས། འདི་ལ་སུས་ཀྱང་བཀག་པར་མི་ནུས་ཤིང་། ཤེད་ཀྱིས་ལྡིང་ཞིང་ཡུན་གྱིས་བཞུར་བཞིན་པའི་གཞོན་པའི་ལང་ཚོ་ཡི་གླུ་སྐད་འདིས། མི་འགྱིངས་བར་ཁ་བ་གངས་ཅན་པའི་ལྗོངས་འདིར་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་ངེས་སོ།།

2014/12/21 ཉིན་རྒྱ་ནག་ཀོང་ཧན་ནས་གྲུབ།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།9

དཔྱད་མཆན་སྤེལ།