ཚ་བོའི་ཚ་ལམ་ལམ་གྱི་ངག་ཐུན།

ཁོ་བོ་སྒེར་དོན་ཞིག་གི་ཆེད་དུ་ད་ལོའི་དབྱར་གནང་གུང་གསེང་གི་སྐབས་སུ་ཕ་ཡུལ་ལ་ཐེངས་གཅིག་ཕྱིན།དེ་ནི་ཏག་ཏག་ཡུལ་མི་ཚོས་ཞིང་བསྡུ་བརྔ་བྱེད་བཞིན་པའི་སྟོན་ལས་ལ་ཁེལ་ཡོད།དེར་ཡུལ་མི་ཚོས་བྲེལ་བྲེལ་འཚུབ་འཚུབ་དང་སྨྱོན་པའི་སྨྱོ་ལས་ལྟར་སྟོན་ལས་དེ་ཉིན་ལས་མཚན་ལས་ཀྱིས་ཆེས་མགྱོགས་པོར་ཚར་སོང་། ཁོང་ཚོས་འདི་ལྟར་བྱེད་པ་ནི་ཏག་ཏག་སྟོན་ལས་ཚར་མ་ཐག་གནས་ཀ་ཤེད་ཅིག་ཏུ་ཞོར་ལས་ལ་འགྲོ་དགོས་པས་རེད།དེ་ལྟར་ཟད་མོད།ང་ཚོའི་སྡེ་གཞུང་གི་བཀོད་སྒྲིག་ལྟར་སྡེ་ཁྱིམ་ཡོངས་ནས་སྟོན་ལས་ཚར་རྗེས་ཉིན་གཉིས་ལ་བླ་མ་ཇ་བཞེས[1]སུ་གདན་འདྲེན་ཞུ་རྒྱུ་ཐག་གཅོད་བྱས།དེར་ཁྱིམ་ཁ་རེ་རེ་ནས་གོ་རིམ་བཞིན་ཇ་བཞེས་སུ་གདན་འདྲེན་དགོས་ལ།གདན་དྲངས་རྗེས་ཁྱིམ་ཁ་སོ་སོས་རང་རང་གི་ཤ་ཉེ་ཚོ་སྐོར་དག་རང་ཁྱིམ་དུ་ཟ་མ་ཟ་བར་འབོད་པ་རེད།ཉིན་དེར་ཨ་ལགས(ཨ་མདོའི་ཁ་སྐད་དུ་བླ་མ་སྤྲུལ་སྐུ་ལ་གོ)ཁོང་དང་བཅས་པའི་ཞབས་འབྲིང་གྲྭ་བ་གསུམ་ངེད་སྲིང་མོའི་ཁྱིམ་ལ་ཕེབས་ཤིང་ཚ་ཐབ་སྒང་ལ་བཞུགས་ཏེ་ཆོས་མ་གསུང་བར་ཁ་བརྡ་ལ་རོལ་བཞིན་པའི་སྐབས་སུ།སྲིང་མོའི་བུའམ་ངའི་ཚ་བོ་ལོ་ན་གསུམ་ཙམ་སྟེ་སྐད་ཆ་ཧྲིལ་བོ་ངག་ནས་ཐོན་ཐུབ་མི་ཐུབ་ཙམ་པ་དེས་བཤད་རྒྱུར།༼ཨ་མ།ཨ་མ།ཨ་ལགས་ཚོས་ཆོས་འདོན་བཞིན་མེད་པར་ཁ་བརྡ་བྱས་ནས་བསྡད་འདུག༽ཅེས་ཟེར་བར།བླ་གྲྭ་གསུམ་པོས་དེ་ཐོས་ནས་མཉམ་བགོད་བྱས་སྐད།དེར་ངའི་སྲིང་མོའམ་བུའི་ཨ་མས་ངེད་ཁྱིམ་ཚང་འདི་ཧ་ཅང་ཁ་རྒོད་པ་རེད་ཅེས་ང་ཚོ་ལ་ཟེར།གཏམ་འདི་གོ་རྗེས་ངེད་མིང་སྲིང་གཉིས་ཀྱི་ཨ་མས་ཀྱང་བུ་ཆུང་སངས་རྒྱས་ཡིན་ཟེར་ནི་རེད་ཅེས་ཟེར།དེར་ང་རང་གི་བློ་སེམས་རྩ་བ་ནས་མཚར་བྱུང་།མགུ་བྱུང་།ཧད་བྱུང་།དེ་མ་ཉིད་དུ་བསམ་གཞིག་གི་དབྱིངས་སུ་འཐིམ་སོང་།

ང་ཚོའི་སེམས་དང་བློ་དང་ཀླད་ངོར་ནམ་ཡང་བླ་མས་གང་གསུང་ཆོས་དང་བླ་མས་གར་བསྟན་ཤར་ལས་འཆར་མ་མྱོང་ལ།ཡང་ན་གང་བྱས་མཛད་པ་དང་གང་གསུང་ཆོས་སུ་ཤར་བས་བླ་མའི་མཛད་པ་དང་བླ་མའི་ཆོས་ཞེས་བླ་མ་དེ་ནམ་ཡང་ཚད་མ་དང་ནམ་ཡང་དགེ་སྟོབས་ཀྱི་ཚབ་མཚོན་དུ་ལྟ་བ་ལས།བླ་མ་ལ་ནམ་ཡང་དོགས་པ་འཆང་མ་མྱོང་།འདི་ལྟར་ཡུན་རིང་ནར་མར་བསྐྱངས་པའི་དབང་གིས་བླ་མ་ཚོས་ལྷ་ཆོས་མི་ཆོས་ཟུང་འགལ་གྱི་བསམ་སྦྱོར་ཅི་ལྟར་སྤེལ་ཡང་དགག་པའི་སྐད་ཆ་བཤད་པ་ལྟ་ཞོག ཐ་ན་བླ་མས་དེ་ལྟར་བྱེད་དོན་ཅི་ཡིན་ནམ་ཞེས་སེམས་དོགས་སྤུ་ཙམ་ཡང་འཆང་མི་རིགས་པ་རེད།འདི་ལྟར་མུར་བསྐྱངས་པས་སྲོལ་གྱི་རྒྱུན་དུ་ཆགས་ཤིང་ལུགས་ཀྱི་དཔེ་རུ་བཀུར། ང་ཚོ་ནི་ཕ་མེས་ཡང་མེས་ནས་འདི་ལྟར་ཡོང་ཞིང་འདི་ལྟར་འདུར་བས།གལ་ཏེ་བླ་མའམ་བླ་མ་དང་འབྲེལ་བའི་རིག་གནས་ཁོ་ལག་ལ་དགག་གཞག་གི་བློ་རིག་བཀྲལ་ན་བདེན་རྫུན་གྱི་གནས་ལུགས་ཡོད་མེད་ལ་མི་ལྟ་བར་མཐའ་གཅིག་ཏུ་མི་ངན་ལྟ་ལོག་ཏུ་བལྟས་པས།རིག་རྟོག་གི་དཔྱོད་ཤེས་ཡངས་པོར་བཀྱེད་མ་ཐུབ།གཟུགས་མིན་གྱི་འདུ་ཤེས་འདིའི་དབང་གིས་བླ་མ་ཚོར་ཡང་རང་གིས་གང་འདོད་བྱས་ཆོག་སྙམ་པའི་སེམས་བསྐྱེད་རྒྱ་ཡན་དག་སྐྱེས་ནས་རང་སྟེང་ནས་བསམ་སྦྱོར་གཞི་མཐུན་གྱི་ཕྱོགས་ལ་ཐུགས་བསམ་བཞེས་པའི་ཆ་ལ་མི་བརྩོན་པར།རང་ཉིད་གང་ཆེ་གང་མཐོར་དགོངས་ནས་མི་སེར་ཚོ་གང་ཆུང་གང་དམའ་རུ་ཉར་ནས་ཁ་ནས་བཤད་ཆོག་ཆོག་དང་མཛུབ་མོས་ཀེར་ཆོག་ཆོག་གིས་འཇིག་རྟེན་པའི་ཅི་ལ་ཡང་སློབ་སྟོན་གནང་བ་རེད།དེ་བས་ཞོལ་དམངས་སེར་ནས་ཡར་བླ་མའི་ཐད་ལ་ལྟ་རྟོག་གི་སྐད་ཆ་ཐལ་ན་དེ་ནི་བསམ་མེད་ཅོལ་ཆུང་གི་ངང་ཚུལ་དང་སྣང་མེད་མཐོང་ཆུང་གི་འདུ་ཤེས་ལས་འཛིན་མི་སྲིད། རྒྱུ་མཚན་ནི་འོག་ནས་གོང་དང་གཤམ་ནས་བླ་ལ་ཐེ་གཏོགས་ཞིབ་གཟིགས་བྱེད་པའི་གོམས་སྲོལ་ནི་ང་ཚོ་བླ་འབངས་ཚང་མར་མེད་པས་སོ།།གལ་ཏེ་འདི་ལྟར་བསྒྲུབ་ན་འདི་ནི་རིག་པ་ཡན་གར་བའི་བྱ་སྤྱོད་མ་རུང་བ་ཡིན་པས་སོ།།

གང་ལྟར་ཁོ་བོས་ནི་འདི་དག་རྒྱུ་མཚན་དུ་བྱས་ཏེ་རང་གི་ཚ་བོའི་ངག་ཐུན་དེ་ནོར་སོང་བར་གཏན་ནས་མི་འདོད་ལ།ཚ་བོའི་ངག་ཐུན་དེ་ཁོ་རང་གི་ཨ་མ་ལྟར་ཁ་རྒོད་པ་ཙམ་དུ་ནམ་ཡང་མི་བལྟ།ཡང་ན་ངེད་མིང་སྲིང་གཉིས་ཀྱི་ཨ་མས་བཤད་པ་ལྟར་བུ་ཆུང་སངས་རྒྱས་ཡིན་ཞེས་པའི་ངག་གཏམ་བན་བུན་ཏེ་ནད་བརྒྱ་སྨན་གཅིག་གི་ནུས་པ་ཐོན་པ་ལྟ་བུའི་སྐད་ཆ་སྤྱི་བམ་དེ་རིགས་ལ་ཡང་སྤྲོ་བ་ཡེ་ནས་མེད།གང་ལྟར་ཀྱང་ཁོ་བོ་ནི་ཚ་བོ་འདིའི་ངག་ཐུན་དེ་ལ་ཧ་ཅང་མཚར་ཞིང་ཧ་ཅང་ཡི་རང་ཡོད།ཞོར་དུ་མ་འོངས་པའི་རྗེས་རབས་པ་བྱིངས་ནི་ང་ཚོ་ལས་བློ་བཀྲ་རིག་རྒྱས་ཀྱིས་ལྟེམས་ཡོད་པར་དཔག་ཐུབ།

སྐབས་དེར་བླ་གྲྭ་ཚོ་མ་བགྲོས་རང་མཐུན་གྱིས་ཚ་བོའི་ངག་ཐུན་ལ་མཉམ་དགོད་སྟེག་པ་ནི་གཅིག་བྱས་ན་བྱིས་པ་བསམ་མེད་འདི་ཅི་འདྲའི་དགོད་བྲོ་བ་ལའང་ཞེས་པའི་འཕྱ་དགོད་ཡིན་ནའང་ཐང་།གཅིག་བྱས་ན་བྱིས་པ་འདིས་ཅི་ཡང་མ་ཤེས་པས་ཚོད་ཚོད་ལ་ཐལ་བའི་བྱིས་གཏམ་རེད་བསམ་པའི་ཁོང་དགོད་ཡིན་ནའང་ཐང་།གཅིག་བྱས་ན་བྱིས་པ་འདི་ཁ་བསོར་མོ་ཞིག་རེད་སྙམ་པའི་ཐོལ་དགོད་ཡིན་ནའང་ཐང་།གཅིག་བྱས་ན་བྱིས་པ་འདི་ཅི་འདྲའི་མཚར་བ་ལའང་ཞེས་པའི་མཚར་དགོད་ཡིན་ནའང་ཐང་།ཡང་ན་ཅི་ཡང་མིན་པའི་རང་དགོད་ལས་འཕྲད་པའི་མཉམ་དགོད་ཡིན་ནའང་ཐང་།གང་ལྟར་ཁོ་བོས་འཕྲལ་དགོད་དེའི་ཡང་སྙིང་གཏན་ནས་རྟོགས་མི་སྲིད་ལ།རྟོགས་དགོས་དོན་ཡང་མེད།ཆབས་ཅིག་ཁོ་བོས་ཀྱང་བླ་གྲྭ་ཚོའི་འཕྲལ་དགོད་དེ་ལ་ཡིན་པའི་ཆ་འཇོག་རི་ཙམ་བྱས་ཀྱང་ཆོག་ལ་མིན་པའི་ཡིད་ཚོད་ཤིག་ཙམ་ལས་མེད་ཀྱང་ཆོག འདི་དག་ནི་གཙོ་བོ་མ་རེད།གཙོ་བོའི་ནང་གི་གཙོ་བོ་ནི་བླ་གྲྭ་ཚོ་འཕྲལ་དགོད་བྱས་རྗེས་ཁོང་ཚོས་བྱིས་གཏམ་དེ་ཉིད་རྣ་རྒྱབ་ཀྱི་འཕྲལ་གཏམ་གྱི་ཚད་ལ་བཞག་ནས་སྣང་མེད་དུ་བསྐྱུར་ཡོད་དམ།ཡང་ན་རང་ཉིད་བསམ་གཞིག་གི་ཀློང་ལ་བསྐྱིལ་ངེས་པའི་བྱིས་པའི་བློ་རིག་མཚོན་པའི་དྲང་གཏམ་རྣལ་མ་རུ་བསམ་ཡོད་དམ།ཡང་ན་རང་ཉིད་ཀྱི་མ་འོངས་པར་འབྲེལ་བའི་བྱིས་པའི་ལུང་གཏམ་ངོ་མ་ཞིག་ཡིན་སྣང་ཤར་ཡོད་དམ།གང་ལྟར་ཀྱང་ཁོ་བོས་ཚ་བོའི་ངག་ཐུན་འདི་ནི་བྱིས་པ་བསམ་མེད་ཅིག་གིས་ཅི་ཡིན་མེད་པར་ཤོར་བའི་གཏམ་ཆུང་ཞིག་ཏུ་ནམ་ཡང་མི་བསམ་ལ།དེ་ལས་ཀྱང་བླ་གྲྭ་ཚོ་ལྟར་དེ་མ་ཉིད་དུ་འཕྲལ་དགོད་བྱེད་པའི་རིགས་ཀྱང་གཏན་ནས་གཉེར་མི་སྲིད།རྒྱུ་མཚན་ནི་ཁོ་བོས་བསམ་ན།ཚ་བོའི་ངག་ཐུན་འདིས་ང་ཚོ་བོད་ཀྱི་མ་འོངས་རྗེས་རབས་པའི་བློ་རིག་མཚོན་ཡོད་ལ།དེ་ལས་ཀྱང་བདེན་པ་སྐྱོར་ཐུབ་ཅིང་ལྐོག་གཡོ་དམར་འབྱིན་བྱ་ཐུབ་པའི་སྙིང་སྟོབས་དང་དྲང་བདེན་མཚོན་ཡོད།ལྷག་ཏུའང་ང་ཚོས་དབྱེ་འབྱེད་ཁ་ཁར་བྱ་ཐུབ་ཀྱིན་མེད་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལྟ་གྲུབ་དེ་ཁོང་ཚོས་བློ་རིག་གིས་རྣམ་པར་དབྱེ་སྲིད་རྒྱུ་རེད།མ་ཟད།ངག་གཏམ་དེ་ལ་ད་དུང་བླ་གྲྭ་དང་མི་སུ་ཡིན་ཡང་རང་ཉིད་ཀྱི་གོ་བབ་གཏན་འཁེལ་དང་རང་འགན་གཏན་ཁེལ་བྱེད་དགོས་ཞེས་པའི་ཆ་ཞིག་ཀྱང་མཆིས། དེང་སང་ང་ཚོ་བོད་པའི་ཆེས་མི་རུང་ཞིང་ཆེས་མི་འོས་བའི་ཆ་ནི་མི་སོ་སོར་ཁག་བགོ་ལས་བགོ་མེད་པར་དོན་བྱ་ཅི་ཞིག་ཡིན་རུང་ཐུན་མོང་སྤྱི་མར་བཞག་དང་འཇོག་བཞིན་ཡོད་པས་གང་དེ་མ་འགྲུབ་ཡང་ཐུན་མོང་ལས་བྱེ་བྲག་མི་རེ་རེར་ཁག་འགེལ་བྱེད་ས་མེད་པའི་རྐྱེན་རེད།འདིའི་དབང་གིས་མི་ཚོ་སྒྱིད་པ་ལུག་འགྲོ་བ་མ་ཟད་རུལ་སུངས་ཀྱང་ཆགས་སྲིད།མདོར་དེད་ན་རུལ་སུངས་དང་ལྐོག་ཟ་ནི་ཁོར་ཡུག་འདིས་བསྐྱེད་སྲིང་བྱས་པ་ཞིག་ཀྱང་རེད།རེད་དེ།མ་འོངས་པར་བྱིས་པ་འདི་དག་གིས་གཞོན་རབས་པའི་ལས་སྐལ་འཁུར་ཡོང་དུས།བླ་གྲྭ་ཚོས་སྔོན་ཆད་དང་ད་ལྟ་ནང་བཞིན་སྐྱ་ཁྱིམ་ནས་འདོན་ཆོག་བསྒྲུབ་དུས་ཆོས་སྐད་མི་གོ་བའི་སྣ་བའི་འཁུན་སྒྲ་ཙམ་དང་ཚིག་འབྲུ་མི་གསལ་བའི་མྱུར་འདོན་ཙམ་གྱིས་མི་ཆོག་པའི་བརྡ་བསྟན་དང་སྟོན་བཞིན་འདུག འདི་ལྟར་བླ་གྲྭའི་གོ་གནས་གཏན་འཁེལ་དང་སྒྲུབ་བྱ་གསལ་འདོན་བྱས་ཚེ།ཁྱེད་རང་བླ་གྲྭ་ཚོས་འདི་དག་ལ་དད་པ་མེད་ཀི་མ་བསམ།ཏག་ཏག་དེ་ནི་རང་ཉེས་གཞན་ལ་བཀལ་བ་ལས་ཅི་ཡང་མ་ཡིན།རྗེས་རབས་པ་འདི་དག་གི་དད་པ་ནི་འདས་ཟིན་པའི་སྔོན་རབས་པ་དང་མི་འདྲ་ཁོ་ཐག་ཡིན་ངེས།ང་ཚོ་སྔོན་རབས་པའི་དད་པ་ནི་རྒྱུ་མཚན་ཅི་ཡང་མི་ཤེས་པའི་རྨོངས་དད་ཡིན་ན།རྗེས་རབས་པ་ཁོང་ཚོའི་དད་ཚུལ་ནི་རིག་རྟོག་དང་ལྡན་པའི་དཔྱོད་དད་ཡིན་ངེས།འདི་ནི་དད་པ་མེད་པའི་རྟགས་མཚན་མ་ཡིན་པར་དད་སྟོབས་ཇེ་གསལ་དུ་འགྲོ་བའི་སྔོན་འགྲོ་ཡིན།དེའི་སྐབས་སུ་ཁྱེད་རང་ཚོས་ལུང་འདྲེན་གང་གི་སྲོལ་འཆང་སྟེ་བླ་མ་ཡོད་དུས་དད་པ་མེད།།དད་པ་ཡོད་དུས་བླ་མ་མེད་ཅེས་པའི་བཀའ་ལུང་མི་འདྲེན་རོགས།འདིའི་འབྱུང་རྐྱེན་ནི་ཁྱེད་རང་ཚོ་དང་ཡང་འབྲེལ་བ་ཡོད་པ་ཏན་ཏན་ཡིན།གལ་ཏེ་ད་ལྟ་ནས་བྱིས་པ་འདི་ལྟ་བུས་མཚོན་པའི་དམངས་སེམས་ཀྱི་སྐད་ཆ་སྣང་མེད་དུ་མི་བསྐྱུར་བར་རང་དང་རང་གི་མ་འོངས་པར་འབྲེལ་བར་དགོངས་ཏེ་སེམས་ཀྱིས་ཉན་ཞིང་བློ་ཡིས་དཔྱད་ན།རང་སྟེང་ནས་རྙེད་རྒྱུ་མང་པོ་ཞིག་ཡོད་ངེས་པས་མ་འོངས་སྔོན་འགོག་བྱ་ཐུབ།མ་གཏོགས་ཐམས་ཅད་དམངས་སེར་གྱི་སྐྱོན་དུ་བགྲངས་ན་ཧ་ཅང་འོས་མེད་དུ་མི་འདུག་རི།

ཚ་བོའི་ངག་ཐུན་ལས་ད་དུང་འདི་འདྲ་ཞིག་བརྡོལ་བཞིན་ཡོད་དེ།ཡུལ་སྲོལ་གོམས་གཤིས་དང་ཆོས་དད་ཆོས་སྒྲུབ་ཀྱི་ཆོ་གའི་དབང་གིས་ང་ཚོ་མི་སྐྱ་དུད་ཁྱིམ་ཚོས་བླ་གྲྭ་ཁྱེད་ཚོ་འདོན་ཆོག་ཏུ་ཞུ་ངེས་ཀྱང་ཁྱེད་རང་ཚོས་རང་ཉམས་རང་འཇོག་མ་བྱས་ཚེ།སྐབས་ཐོག་དེར་སྐྱོན་བརྗོད་བྱ་ངེས་ལ་རྩད་གཏུག་བྱས་ཚེ་འདོན་ཡོན་ཡང་མི་སྟེར་བའི་ཆ་ཡོད་སྲིད་ཅེས་པའི་སྔོན་བརྡ་གཏོང་བཞིན་འདུག རྒྱུ་མཚན་ནི་ང་ཚོ་སོ་སོས་རང་ནུས་ལྟར་ལུས་ཤུགས་དང་ཀླད་ཤུགས་ལ་བརྟེན་ནས་ལས་ཀ་སྒྲུབ་ཀྱིན་ཡོད་པས་གལ་ཏེ་དུས་ཚོད་ལྟར་དང་ཁག་བགོ་ལྟར་འགྲུབ་མ་ཐུབ་པ་དང་ཡ་ཡོ་བྱས་ཚེ།སུས་ཀྱང་ལས་ཡོན་ལེན་མི་ཐུབ་ཅིང་མགོ་བས་ཀྱང་མི་སྟེར་བ་ནང་བཞིན་ཆོས་འདོན་ལ་ཡང་གོང་ཐག་གཅོད་ངེས།དེའི་སྐབས་སུ་བླ་གྲྭ་ཚོས་མི་སྙིགས་དུས་སྙིགས་ཞེས་སྙིགས་མ་ལྔ་བདོའི་དུས་སུ་ཅི་ལྟར་བགྲངས་རུང་མི་ཚོས་ཁས་ལེན་མི་སྲིད།རྒྱུ་མཚན་ནི་འཛམ་གླིང་ཇེ་དར་དང་སྤྱི་ཚོགས་ཇེ་རྒྱས།འཚོ་བ་ཇེ་བཟང་།འཚོ་རྐྱེན་ཇེ་དགའ།བསམ་དོན་ཇེ་འགྲུབ་ལ་འཕེལ་བཞིན་པས་སོ།།ཡང་ན་ཆོས་ལུགས་རིག་གནས་ཀྱི་ངོས་ནས་ཇི་ལྟར་བཤད་རུང་སྤྱི་ཚོགས་རིག་གནས་ཀྱི་ངོས་ནས་མི་ཚོའི་ཚེ་ཐག་དང་ཕན་བདེའི་ཆ་ཇེ་རིང་ཇེ་བཟང་ལ་སོང་དང་འགྲོ་བཞིན་ཡོད་པས་སོ།།འདི་ལྟར་ཤེས་རིག་གི་ དཔལ་ཡོན་ལ་རོལ་ཞིང་སྣ་མང་རིག་གནས་ལ་དོན་གཉེར་བྱེད་དུས།མི་ཚོའི་ཀུན་རྟོག་བརྒྱ་འགྱུར་སྟོང་འགྱུར་ཡིན་ངེས་ལ།མི་ཚོའི་འཚོ་བ་སྣ་མང་སྐར་ཚོགས་ཡིན་ངེས།

མིན་ན།སྣང་ལ་མ་ངེས་པར་བཏང་སྙོམས་སུ་བསྐྱུར་ཞིང་ཐོས་ཀྱང་ཅོལ་ཆུང་བླུན་གཏམ་དུ་བསམ་ཚེ། ང་ཚོ་རྒུད་པའི་གཡང་ལ་ལྷུང་ངེས།དེང་སང་རང་སྐྱ་འཕེར་བའི་རྒྱལ་ཁབ་དང་ས་ཁུལ་དག་ན་རྒྱལ་བློན་འབངས་གསུམ་སུ་ཡིན་ཡང་གཅིག་གིས་གཅིག་ལ་ལྟ་རྟོག་དང་ཉན་རྣ་བྱས་ཆོག་ལ་ཕན་ཚུན་ལ་སྐྱོན་ཡོན་བགྲངས་ཆོག་པས་གོང་འོག་ཞོལ་གསུམ་བདེན་གཙང་དག་གསུམ་གྱིས་བྱབས་ཁྲུས་བྱས་དང་བྱེད་ཀྱིན་ཡོད་པས་རྒྱལ་ཁབ་དར་རྒྱས་ཤིན་ཏུ་ཆེ་ཞིང་དམངས་འཚོ་དམངས་སེམས་རབ་ཏུ་དཔལ་ཡོན་ལྡན་པ་རེད།དེ་ལས་ལྡོག་ན།ང་ཚོའི་ལོ་རྒྱུས་སུ།བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བློན་མགར་གྱིས་ཁོད་ཤོམས་ཆེད་དུ་བཀའ་བློན་བཞི་མངགས་ཏེ་ད་རྒྱལ་མང་པོ་རྗེ་གདན་འདྲེན་ཞུ་རུ་འགྲོར་བཅུག་པར་བློན་དེ་དག་གིས་ལམ་བར་དུ་བུ་ཆུང་དེའི་བློ་གཏམ་ལ་མ་ཉན་པས་ཁོང་ཚོ་ན་འདམ་དུ་བྱིང་བ་དང་།ཡང་བྱིས་པ་ཞིག་གི་མཚར་གཏམ་གྱི་དབང་གིས་གོང་མའི་ན་བཟའ་གསར་བ་དེ་ཅི་ཡང་མིན་པར་བརྟོལ་བ་རེད།འདི་ལྟ་འདི་ལྟར་བྱིས་བློ་བྱིས་གཏམ་ནི་གལ་ཆེན་ནང་གི་འགངས་ཆེན་དུ་གཟིགས་པའི་རྒྱུན་སྲོལ་ང་ཚོ་བོད་ལའང་མེད་པ་མ་རེད་དེ།རྗེ་ས་པཎ་གྱིས་ལེགས་བཤད་བྱིས་པ་དག་ལས་ཀྱང་ལེན་ཞེས་པའི་ལེགས་བཤད་གསེར་ཐུར་ཞིག་ང་ཚོར་གནང་ཡོད་ལ།ཉེ་རབས་མཁས་དབང་དགེ་ཆོས་ནས་ཀྱང་རྒྱུན་དུ་བྱིས་པའི་རྩེད་ཚུལ་དང་ཟེར་ཚུལ་ལ་དངོས་སུ་ཐུགས་གཟབ་བྱས་ཏེ་ཡང་ཡང་བསམ་བློ་བཞེས་པ་མ་ཡིན་ནམ།

དེ་བས།བླ་གྲྭ་ཚོས་ཀྱང་དམངས་སེམས་ལ་གསན་ཏེ་རང་སྟེང་ནས་ཐུགས་བཞེས་མང་པོ་མཛད་ན།ང་ཚོ་བོད་མགོ་ནག་གནམ་བསྟན་དག་ཇེ་དར་ཇེ་རྒྱས་སུ་འགྲོ་ངེས་ཤ་སྟག་ཡིན།སེར་སྐྱ་སུ་ཞིག་ཡིན་རུང་རང་སྟེང་ནས་ཀླད་པ་འགུལ་ཞིང་བློ་རིག་བརྡར་ཏེ་ལས་ཀ་གཉེར་ན།སུས་ཀྱང་རང་འགན་རང་འཁྲི་རྟོགས་ངེས་ལ་དེའི་གལ་ཆེན་རང་བཞིན་ཡང་བཅོས་མིན་དུ་ངེས་སྲིད།

མཆན།

[1]ང་ཚོ་སྡེ་བས་རང་སྡེའི་རྩ་བའི་བླ་མ་དེ་ལོ་རེ་རེར་དུད་ཁྱིམ་སོ་སོར་ཇ་བཞེས་སུ་གདན་འདྲེན་ཞུ་བའི་ལུགས་ཤིག་མུར་སྐྱོང་བྱེད་བཞིན་ཡོད་པ་ལ་ཟེར།སྔོན་ཆད་ཡིན་ན་ཁྱིམ་ཚང་ཕྱུག་པོ་ཅན་དང་ཡང་ན་ཁྱིམ་ཚང་འགའ་མཉམ་འབྲེལ་གྱིས་ལོ་ངོ་གསུམ་རེར་ཐེངས་གཅིག་དང་ཡང་ན་ལོ་དུ་མའི་ནང་ལ་ཐེངས་གཅིག་གདན་ཞུས་བྱེད་པ་མ་གཏོགས།དེང་སང་ལྟར་ཁྱིམ་ཁ་རེ་རེ་ནས་ཞུས་ཐུབ་པ་མ་རེད།ད་ལྟར་མི་ཚང་གི་འཚོ་བ་ཇེ་བཟང་ཇེ་རྒྱས་ལ་སོང་ཡོད་པས་ལོ་རེའི་ནང་དུ་ཁྱིམ་ཚང་རེ་རེ་ནས་ ཐེངས་གཅིག་དང་གཉིས་རེ་ཞུས་བཞིན་ཡོད་པར། དུས་ཚོད་ནི་སྟོན་དགུན་གང་རུང་ཡིན་ངེས། དེ་མ་གཏོགས་དབྱར་དཔྱིད་དུས་ཞོར་ལས་ལ་སོགས་ལས་ཀར་བྲེལ་བཞིན་ཡོད་པས་སོ།།

 

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།4

དཔྱད་མཆན་སྤེལ།