དགའ་རོགས་དུས་ཆེན་ལ་བྲིས་པ། (ལྷུག་རྩོམ)

དགའ་རོགས་དུས་ཆེན་ལ་བྲིས་པ།

འུར་ལབ་ཅུང་ཟད་བྱས་ན། དེང་སང་ནུབ་རྗེས་རྒྱ་འདེད་དང་རྒྱ་རྗེས་བོད་འདེད་ཀྱིས་རོལ་བའི་དུས་ཆེན་ནི་རབ་ཏུ་མང་སྟེ། ཉིན་མ་རེ་རེར་དུས་ཆེན་ཞིག་ཏུ་བརྩིས་ཀྱང་ད་དུང་རྫོགས་པ་མེད་པ་རེད། འོན་ཀྱང་གུས་པ་ལ་ནི། དྲ་སྒང་སོགས་སུ་དགའ་རོགས་དུས་ཆེན་དང་མིང་མཛོད་དག་ཤོས་སུ་མཛའ་གྲོགས་དུས་ཆེན་དུ་འབོད་པའི་ཉིན་མོ་འདི་དང་། གཞན་ཉུང་ཤོས་ཤིག་གི་སྐབས་སུ་ད་གཟོད་སེམས་ལ་རོལ་དབྱངས་འཁྱིལ་བའི་ཚོར་བ་ཞིག་ཡོང་རྒྱུ་ཡོད།

དེ་མིན། ཆབ་སྲིད་ཀྱི་དབང་གིས་དང་ཚོགས་པའི་ཆེད་དུའམ། རྗེས་ཤུལ་མེད་པའི་ལ་རྒྱ་ཕྱོགས་རེ་བའི་ཆེད་དུ་གཏོང་བའི་དུས་ཆེན་སྐོར་ཞིག་ནི་དུས་ཆེན་ཙམ་སྟེ། ང་ལ་ཧ་ལམ་འབྲེལ་བ་མེད་པ་ལྟ་བུ་ཞིག་ཆགས་ཡོད། སྒོས་སུ། སེམས་ནས་གཞན་ཞིག་སྒོམ་ཞོར་ཁ་ནས་གཞན་ཞིག་བསྒྲགས་ཏེ་སྡུག་མདོག་སྐྱིད་མདོག་དད་མདོག་གི་བཟོ་ལྟ་སྟོན་དགོས་པའི་དུས་ཆེན་སྐོར་ཞིག་གིས། ང་ཡི་དུས་ཚོད་བརླགས་ཤིང་སེམས་ཁམས་དཀྲུགས་ཏེ་ཡོང་།

ན་ཚོད་ཟིན་པའི་མི་ཞིག་ལ་མཚོན་ན། མངོན་དང་སྦས་པའི་ཐད་ནས། རང་སེམས་ཁེན་སའི་མི་རེ་ནི་ཕ་ལམ་མེད་ས་མི་འགྲོ་བའི་ཚོད་དུ་འདུག་ན། རྒྱ་སེ་མེ་ཏོག་འབུལ་བ་དང་མགོ་འདུས་བརྒྱབ་སྟེ་སྙིང་གཏམ་གླེང་བ་སོགས་ནི་བསྐལ་བ་ལྡན་མིན་ཅི་རིགས་ཡོད་མོད། དུས་ཀྱི་ལག་ཆ་བེད་སྤྱད་དེ་འཕྲིན་ཐུང་སྐུར་བ་སོགས་ཀྱིས་རང་སེམས་སྐྱིད་ལ་བསྐུར་བ་ཙམ་ལ་དགག་བྱ་ཆེན་པོ་མེད་དོ་སྙམ།

འདིར་ཟེར་བའི་དགའ་རོགས་ནི་ཆང་ས་བརྒྱབ་པ་དང་མ་བརྒྱབ་པ། ཟུར་བརྟེན་མ་དང་གསང་རོགས་སོགས་སུ་ངས་གོ་བ་ལེན། ཁ་སང་དེ་རིང་གི་བརྡ་འཕྲིན་གྱི་ལག་ཆ་འདི། ཆང་ས་མ་བརྒྱབ་པའི་དགའ་རོགས་ཚོར་སྔོན་ཆད་དང་མ་འདྲ་བའི་སྟབས་བདེ་ཁོད་ཡངས་ཀྱིསྣང་བ་རྩེན་སའི་སྟེགས་བུ་ཞིག་ཡིན་རུང་། བཟའ་མགོ་སྦྲེལ་ཟིན་པ་དག་ལ་གཉེན་འཐོར་འབྱུང་བྱེད་ཀྱི་རྒྱ་རྙི་ཞིག་ཀྱང་རེད། དྲང་པོར་ལབ་ན། དེང་སང་སྐད་འཕྲིན་སོགས་སུ་རང་ལ་གསང་རོགས་ཡོད་པ་ཤིན་ཏུ་མང་ཤིང་དེ་ཉིད་ད་དུང་འཕེལ་ཞིང་རྒྱས་པའི་སྒང་ངོ་།།

མི་གཤིས་ཀྱི་གསང་ཆའི་བདེ་སྐྱིད་ལ་དམིགས་ཏེ། འཕྲིན་ཐུང་སྐུར་བ་སོགས་ཀྱིས་རང་སེམས་སྐྱིད་ལ་བསྐུར་བ་ཙམ་ལ་དགག་བྱ་ཆེན་པོ་མེད་ཅེས་གོང་དུ་ལབ་ཚར། འོན་ཀྱང་། འདིའི་བསྐུར་བ་ཙམ་ཞེས་པའི་ཙམ་ཡིག་གིས་ནི། ཆང་ས་བརྒྱབ་ཟིན་པ་དག་གིས་དེ་ཙམ་ལས་འགོངས་པའི་མང་པོ་བཤད་པ་དང་བསྐུར་བ་སོགས་ནི་འགོག་སྟེ། མ་འཆད་དང་མ་སྐུར་ཞེས་པའི་དོན་ཡིན། རང་གི་བཟའ་ཚང་གི་ས་ཁྲ་ལས་བརྒལ་ཏེ་བཟའ་ཚང་གཞན་གྱི་རྒྱལ་ཁབ་ལ་རྐང་ལག་རྐྱོང་དགའ་བ་དག་གིས་མཐའ་མར་འདོམས་དང་འདོམས་འདྲེས་ཏེ་བཟའ་འཐོར་གྱི་དམག་འཁྲུག་སློང་སླ་བས། རབ་འཁྱོངས་ན་རང་གི་ཡིན་ཤ་སྟག་གི་དེ་ཁོ་ན་ལ་བསྐུར་བར་བྱ།

གང་ལྟར། ཆོས་ཉིད་ཀྱིས་བསླེས་པའི་མི་གཤིས་ཀྱི་སྔུན་ནས་ང་ཚོས་སྤམ་མཐོ་བའི་རྫི་མདོག་སྟོན་དགོས་དོན་གང་ཡང་མེད། རང་སེམས་ན་བྱམས་པ་རེ་ཡོད་པའི་མི་བུ་ཚང་མའི་ཚེ་ཐག་རིང་བར་སྨོན། ལུས་འབྲེལ་ལས་འབྱུང་བའི་དེང་གི་ནད་ངན་སྣ་ཚོགས་ཀྱིས་ང་ཚོའི་འཚོ་བ་ལ་བར་ཆད་མེད་པར་ཤོག དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ།

སྨྲས་པ།
འཁོར་བའི་མེ་ཆེན་བརྒལ་ནས་ངལ་བའི་སྐབས།།
སེམས་ཀྱི་དགའ་རོགས་སྐོམ་སོད་ཆུ་འཁྱག་འདྲ།།
བཀག་པའི་བ་རྒྱ་མེད་པའི་མི་ཆོས་སུ།།
འདི་ཉིད་འཐུང་ཞོར་ལངས་ཏེ་ལ་མོ་རྒྱག།
མི་ཡི་འདོད་པ་ཐུར་འབབ་ཆུ་བོ་སྟེ།།
འདི་ལ་སྤྱོད་ཞོར་གཞན་ཡང་འདོད་མོད་ཀྱང་།།
ཚེ་གཅིག་སྐྱ་ས་མྱི་སར་འཇོག་པའི་ལས།།
སངས་རྒྱས་མཆོད་པ་ལས་ཀྱང་རྩ་ཆེན་ཡིན།།
བདག་ལ་ལས་ཀྱིས་སྦྲེལ་བའི་ཆུང་མ་དང་།།
ཆུང་དུས་མཐུན་ནས་འགྲོགས་པའི་བུ་མོའི་ཚོགས།།
འདི་ཙམ་བྲིས་པའི་དགེ་བའི་རྩ་བ་ཡང་།།
ཁ་སོས་ནམ་ལང་ཡོང་བའི་རྒྱུ་རུ་བསྔོ།།

སྤྱི་ལོ2015ལོའི་ཟླ2པར།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།11

དཔྱད་མཆན་སྤེལ།