སློབ་ཁྲིད་གསེད་པ།

jiumpy

གཙང་ཨ་ཚེ།

སྤྱིར་སློབ་གསོ་ཞེས་པའི་ཁ་བྱང་ཆེན་པོ་འདི་རྒྱུ་རྐྱེན་མང་བོ་ཞིག་གིས་གྲུབ་པ་ཡིན་ཀྱང་སྤྱིའི་ཆ་ནས་སློབ་གསོའི་རྒྱུ་གཙོ་བོ་དེ་སློབ་ཁྲིད་རེད་ཅེས་སྨྲ་བར་སྤོབས།  དེ་བས་འདིར་སློབ་ཁྲིད་ཅེས་པའི་ཐ་སྙད་ཞིབ་མོར་འགྲེལ་ཏེ་རང་གི་ལྟ་ཚུལ་ཉུང་ཙམ་ཞིག་ཞུ་བར་འདོད་དོ།

སློབ་ཁྲིད་ཅེས་པ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་དང་དགོན་པ་གང་ཡིན་གྱི་དགེ་རྒན་གང་ཡིན་ཡང་ཐོག་མར་རང་ཉིད་དགེ་རྒན་ཞིག་ན་སློབ་ཁྲིད་བྱེད་མཁན་ཞིག་ཡིན་པ་སེམས་ལ་ངེས་དགོས་པར་སྣང་། དེ་ཡང་སློབ་ཁྲིད་ཅེས་པ་ག་རེ་ཡིན་བསམས་ན་འདི་ལྟར་གོ་དགོས་པར་སྣང་།

སྒྲ་ཡངས་འཇུག་ལྟར་གོ་ན།སློབ་པ་དང་ཁྲིད་པ་སྟེ་གང་གིས་གང་སློབ་པ་ནི་དགེ་རྒན་གྱིས་ཁྲིད་པར་བྱ་བའི་རིག་པའི་གནས་དེར་སློབ་པ་སྟེ་ཁྲིད་བྱའི་གནས་ལ་ཐོག་མར་དགེ་རྒན་རང་ཉིད་མ་རྨོངས་བ་ཞིག་སློབ་པའོ། གང་ལ་གང་གིས་གང་ཞིག་ཁྲིད་པ་ནི་སློབ་མ་ལ་དགེ་རྒན་གྱིས་རང་གི་གཤིས་ཕྱིན་པར་བསླབ་ཟིན་པའི་རིག་པའི་གནས་དེ་ཁྲིད་པའོ།

སྒྲ་དོག་འཇུག་ལྟར་གོ་ན། སློབ་པ་ལ་གཉིས་ཏེ།དང་པོ་སློབ་པ་ཁྲིད་པ་སྟེ་དགེ་རྒན་གྱིས་སློབ་མ་ལ་རིག་པའི་གནས་གང་དང་ཡང་ན་རིག་གནས་སྤྱི་ལ་ཅི་ལྟར་སློབ་དགོས་པ་ཁྲིད་པ་སྟེ་དགེ་རྒན་ཐབས་ལ་མཁས་དགོས་པའོ། སློབ་མས་རིག་པའི་གནས་གང་དང་གང་ལ་སློབ་དགོས་པ་དང་ཐབས་ཅི་ལྟར་སློབ་པ་ཁྲིད་པ་ལ་དགོས་པའོ།

གཉིས་པ་སློབ་མ་ལ་ཁྲིད་པ་སྟེ་དེ་ལ་དགེ་རྒན་གྱི་ངག་གིས་ཁྲིད་པ་དང་སྤྱོད་པས་ཁྲིད་པ་གཉིས་ཡོད། ངག་གིས་ཁྲིད་པ་ནི་རིག་པའི་གནས་གང་དང་གང་གི་དོན་དགེ་རྒན་གྱིས་ངག་གི་རྩལ་དང་ཐབས་ལ་བརྟེན་ཏེ་སློབ་མས་གོ་སླ་ཞིང་འཛིན་བདེ་བར་ཁྲིད་པ། སྤྱོད་པས་ཁྲིད་པ་ནི་དགེ་རྒན་ནི་སློབ་མས་ཁ་མིག་ཡར་བལྟ་བྱེད་ཡིན་པས་དགེ་རྒན་གྱིས་རང་གི་སྤྱོད་པས་སློབ་མར་ཀུན་སྤྱོད་བཟང་བོ་དང་བརྩོན་བཅས་གནས་ལ་དགའ་བ་ཞིག་ཁྲིད་དགོས། དེ་ནི་དགེ་རྒན་གྱིས་དུས་རྒྱུན་སྤྱོད་པ་བཟང་བོ་དང་བསླབ་ལ་བརྩོན་པའི་རྣམ་འགྱུར་སློབ་མར་བསྟན་ནས་སློབ་མ་དེར་བསྐུལ་བའོ།

ཁྲིད་པ་ལ་གསུམ་སྟེ། དགེ་རྒན་ནི་སློབ་མའི་མདུན་ནས་ཁྲིད་མཁན་ཡིན་པས་དང་པོ་སློབ་མའི་མདུན་དུ་ཡོད་པ་དང་གཉིས་པ་གང་ལ་ཁྲིད་པའི་དམིགས་ཡུལ་ཡོད་པ། གསུམ་པ་ཅི་ལྟར་ཁྲིད་པའི་ཐབས་དང་ལྡན་པ་སྟེ་གསུམ་མོ། དེ་ལ་དང་པོ་སློབ་མའི་མདུན་དུ་ཡོད་པ་ནི་རིག་གནས་ཡོན་ཏན་གྱིས་སློབ་མའི་མདུན་དུ་ཡོད་དགོས།

གཉིས་པ་གང་ལ་ཁྲིད་པའི་དམིགས་ཡུལ་ཡོད་པ་ནི་དགེ་རྒན་གྱིས་སློབ་མར་རིག་གནས་ཤེས་བྱ་གང་དང་གང་། བྱ་སྤྱོད་བཟང་ངན་གང་དང་གང་ཁྲིད་དེ་མ་འོངས་པར་སློབ་མ་དེ་མི་ཅི་ལྟ་བུ་ཞིག་ཏུ་གཏོང་བའི་དམིགས་ཡུལ་ཡོད་པ་ལ་གོ་དགོས།

གསུམ་པ་ཅི་ལྟར་ཁྲིད་པའི་ཐབས་དང་ལྡན་པ་ནི་དགེ་རྒན་གྱིས་སློབ་མ་མ་འོངས་པར་མི་ཅི་ལྟ་བུ་ཞིག་ཏུ་གཏོང་བའི་དམིགས་ཡུལ་དེ་འགྲུབ་སླད་ཐབས་སྣ་ཚོགས་བསྟེན་པར་གོ་དགོས་པ་རྣམས་སོ།

སློབ་ཁྲིད་ཅེས་པའི་ཐ་སྙད་འདིའི་ཐོག་མཐའ་བར་གསུམ་དགེ་རྒན་དང་སློབ་མ་གཉིས་ཀྱིས་གྲུབ་ལ་འདི་ལས་གོ་དགོས་པ་ཞིག་ཡོད་པ་ནི་སློབ་ཁྲིད་ཅེས་པ་དགེ་རྒན་གྱིས་དཔའ་རྟགས་སྟོན་ས་ཞིག་མིན་ལ་དགེ་རྒན་གྱིས་ཡིད་ལ་གང་ཤར་གང་འདོད་ཀྱིས་བྱེད་ས་ཞིག་ཀྱང་མིན་པར་སློབ་ཁྲིད་ཅེས་པའི་བརྗོད་དོན་གཙོ་བོ་སློབ་མ་ཡིན་པ་དང་སློབ་མ་ལ་དགེ་རྒན་གྱིས་གཤོག་ཟུང་སྤྲད་དེ་འཕུར་དུ་འཇུག་པ་དེ་ཡིན།

བསྟོད།8

དཔྱད་མཆན་སྤེལ།