བཟོད་སྒོམ་དང་དཀྱེལ་ཡངས་ཀྱི་མཛེས་པ།

གཅན་ཚ་བཀྲ་ཤིས་རྒྱལ།

མི་དང་མིའི་བར་འབྲེལ་འདྲིས་བྱེད་པའི་བར་སྐབས་སུ། གདོང་ཐུག་སོགས་ཕན་ཚུན་ལ་གནོད་པའི་སྣང་ཚུལ་འདྲ་མིན་སྣ་ཚོགས་ཤིག་འབྱུང་སྲིད་ པ་ནི་མིག་མཐོང་ལག་ཟིན་རེད།

ཁྱོད་དང་གྲོགས་པོའི་བར་གྱི་ཁེ་ཕན་གྱི་གདོང་གཏུག་ཡིན་ནའང་འདྲ། ཁྱོད་དང་གྲོགས་མོའི་བར་གྱི་བརྩེ་དུང་གི་ཆག་གྲུམ་ཐེངས་ཤིག་གང་ཡིན་རུང་། ཁྱོད་ཀྱིས་རང་སེམས་ལྷོད་ལ་བབས་ཏེ། བཟོད་སྒོམ་དང་དཀྱེལ་ཡངས་ཀྱི་རྣམ་པས། ཤོར་དགོས་པ་ཞིག་ཤོར་དུ་བཅུག་ནས་མ་འོངས་ལ་རྒྱང་གཞིགས་བྱེད་དགོས་ཤིང་། ད་ལྟའི་ཡོད་པ་གཅེས་སུ་བཀུར་ནས་མི་ཚེ་དོན་དང་ལྡན་པར་བསྐྱལ་ཤེས་དགོས།

སྤྱིར་བཏང་གི་མི་ཕལ་བ་ཞིག་གིས་བཟོད་སྒོམ་དང་དཀྱེལ་ཡངས་ལྟ་བུའི་ཆེས་མཐོའི་ནང་སེམས་ ཀྱི་འཇུག་སྒོ་འདི་ལྟ་བུ་ལག་ལེན་དུ་བསྟར་བ་ཤིན་ཏུ་ཁག་པོ་འདུག་མོད། འོན་ཀྱང་། འདིའང་མིའི་རིགས་ཀྱིས་བདེ་བ་འཚོལ་བའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན་ཕྱིར། ང་ཚོས་སྐྱེས་བུ་དམ་པ་དང་མི་སྣ་རླབས་ཆེན་དག་མིག་དཔེར་བཟུང་ནས། དེ་དག་གིས་ང་ཚོ་ལ་བཞག་པའི་འདིའི་ཐད་ཀྱི་བློ་བསྐྱེད་གང་མང་སེམས་སུ་ཉར་དགོས་ ཤིང་། ལག་ཏུ་བསྟར་བར་དུས་གཏན་དུ་བརྩོན་དགོས་སེམས།

མདོར་ན། བཟོད་སྒོམ་དང་དཀྱེལ་ཡངས་ནི་མི་རང་ཉིད་སྐྱོབ་བྱེད་ཀྱི་བསམ་པའི་ནོར་བུ་ཉག་གཅིགཡིན་ལ། འཛམ་གླིང་འགྲོ་བ་མིའི་རིགས་འདི་ཞི་བདེ་མཉམ་གནས་དང་འཆམ་མཐུན་གྱི་དག་ཞིང་ཞིག་ ཏུ་སྣེ་ཁྲིད་པའི་གདམ་ག་ཡག་ཤོས་དེ་ཡིན་འདུག་སྙམ།

 

 

འཚོ་བ་དང་སྐད་ཆ།

 

དུས་རྟག་རང་སྐྱོན་སྦས་ཏེ། གཞན་སྐྱོན་འབའ་ཞིག་གླེང་བ་ནི་ཐ་ཤལ་གྱི་མིའི་སྤྱོད་པ་ཡིན་མོད། མེ་ལོང་ནང་གི་རང་ལ་བལྟ་ཞོར། མི་སྒེར་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པར་ཁ་རྡུང་གཏོང་བ་དང་སུན་འབྱིན་བགྱི་ བ་ནི་སྒྱུ་རྩལ་པ་དང་རྩོམ་རིག་པ་ཁོ་ནའི་ལས་ཀ་ཉག་གཅིག་ག་ལ་ཡིན།

ཕྲག་དོག་དང་སྒེར་སེམས་གང་ཞིག་གི་ཆེད། གཞན་གྱི་མཚང་འབྲུ་བ་ནི་མ་རུང་བ་ཞིག་ཡིན་མོད། མང་པོ་ཞིག་གི་ཆེད། མཚང་འབྲུ་ཤེས་པ་ནི་མིའི་ཡོན་ཏན་ཞིག་ཏུ་ཅི་ལ་མི་བརྩི།

རྒྱུ་ནོར་གྱི་ཕྱུགས་བདག་ཅིག་ཏུ་འགྱུར་བསམ་ནའང་། ཐོག་མར་འདོད་ཆུང་ཆོག་ཤེས་ཤིག་ཡིན་དགོས་པའི་དཔེ་བཞིན། དོན་ཆེན་ཞིག་བསྒྲུབ་ན་ཐོག་མར་དོན་ཆུང་ནས་རྨང་འདིངས་དགོས་ཤིང་། ནུས་པ་དང་ཡོན་ཏན་གང་ཞིག་ཀྱང་ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་གསོག་དགོས་ཡོད།

ན་གཞོན་གྱི་བར་སྐབས་སུ། སྡོམ་ཚིག་འགོད་པར་མ་རེམ། འཇིག་རྟེན་གྱི་བྱ་བ་མང་བོ་ཞིག་ང་ཚོས་ལག་ལེན་བརྒྱུད་ནས་ར་སྤྲོད་བྱ་དགོས།

རིག་གནས་ལ་དབྱེ་ན་གཉིས་ཏེ། མིས་མིའི་མགོ་གཡོག་པའི་རིག་གནས་དང་མིས་མི་ཡར་སྐུལ་གྱི་རིག་གནས་གཉིས་རེད། བདེ་བ་ཆུང་ལ་ཆགས་ན་སྔ་མར་སྦྱོང་། བདེ་བ་ཆེན་པོར་བསྙེག་ན་ཕྱི་མར་བརྩོན།

སེམས་མ་རྒས་ན་ལུས་མི་རྒས། སེམས་མ་ཉམས་ན་སྟོབས་མི་ཉམས། དེ་བས། རང་སེམས་རང་གིས་གཅེས་དགོས་ཤིང་། རང་སེམས་རང་གིས་གཅུན་ཐུབ་དགོས།

རང་ཉིད་ཡར་བསྐྱེད་ཡོང་དགོས་ན། རང་སྐྱོན་རྟོགས་དགོས། རང་སྐྱོན་རྟོགས་དགོས་ན། གཞན་གྱི་བསམ་འཆར་ལ་ཉན་པ་གལ་ཆེ།

རིག་གནས་སྦྱངས་ན་ཧམ་སེམས་ཡོད་དགོས། ཧམ་སེམས་མེད་པའི་མི་དེས་བྱ་བ་གང་ཞིག་ཡིན་རུང་ཁྱབ་ཆེན་པོས་སྒྲུབ་ཐབས་མེད།

གནམ་རྒན་མས་ང་ཚོ་མི་རེ་རེ་ལ་ལས་སྐལ་གྱི་ཚོགས་བསགས་སྦྱིན་ཡོད་ངེས། འོན་ཀྱང་། དེ་ཚོར་མི་ཚོར་དང་། དེ་ལ་ཚུལ་མཐུན་གྱིས་འཇུག་མི་འཇུག་རང་སོ་སོར་རག་ལས་འདུག

༡༠

སློབ་གསོ་ངོ་མ་ནི་མིའི་ཁྱད་ནུས་སྔོག་འདོན་བྱེད་ཐུབ་པ་ཞིག་ཡིན་དགོས་པ་ལས། མི་འབོར་འཇོམས་གཏོང་བ་དང་། སྒེར་དང་ཚོགས་པ་གང་ཞིག་གི་ཁེ་ཕན་གཙོས་འོག་སྤེལ་བ་ཞིག་ཡིན་ན། དེ་ནི་དྲང་བདེན་ཞིག་ཏུ་ནམ་ཡང་འགྱུར་ཐབས་མེད་ལ། མིའི་རིགས་ཡར་སྐུལ་གྱི་ལག་ཆ་ཞིག་ཏུ་ཡེ་ནས་འགྱུར་མི་ཐུབ་བོ།

 

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།9

དཔྱད་མཆན་སྤེལ།