རྐང་རུལ་ཐུལ་གྱིན་པའི་བོད་པའི་གླུ་བ་གླུ་མ།

3977522895900320398གནའ་མི་བོད་ཀྱི་ཁ་དཔེ་ལ། བོད་པས་སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་ལ། གོམ་པ་སྤོ་ཤེས་པ་ནས་བྲོའང་འཁྲབ་ཤེས༼དོན་གྱིས་ཆུ་འཐུང་ཤེས་པ་ནས་ཆང་འཐུང་ཤེས་པ་དང་ཆང་འཐུང་ཤེས་པ་ལས་གྲིས་ཀྱང་བསྣུན་ཤེས་པ་མ་ཡིན་ནམ༽ཞེས་པ་སོགས་ཀྱི་རྒྱུ་མཚན་ལྟར་སྣང་ཞིག་ལ་གཞི་བཅོལ་ཞིང་གནས་ལུགས་རྟོན་མེད་ཅིག་ལ་ཁ་གཏད་དེ་རང་རེ་ཚོ་ནི་རིག་གནས་ཀྱི་བང་མཛོད་གལ་ཆེན་ཞིག་ཡིན་རབས་དང་གླུ་གར་གྱི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པར་ཁས་འཆེས་ཏེ་ཡིད་ཆེས་མིན་པའི་ཡིད་ཆེས་ཤིག་གི་མགོ་བོ་དགུང་དུ་བཏེགས་ནས་བདེན་ཅོག་ཅོག་དང་དགའ་དྲོག་དྲོག་གིས་འགྲོ་བཞིན་མཆིས། དེ་བས་བདག་གིས་དེའི་ཕྱོགས་སུ་བསམ་གཞིག་ཕྲན་བུ་རེ་དང་སེམས་ཁུར་ཉུང་ངུ་རེ་ཅིས་ཀྱང་བཏང་མྱོང་བ་དང་། དེའི་ཐད་ཀྱི་སྐྱོན་དང་མི་འདང་ས་འགའ་ཞིག་དང་མྱོང་ཚོར་ཐན་ཐུན་རེའང་བྲི་འདོད་པ་ནི་བསྙོན་མེད་འགོག་མེད་ཀྱི་བཟློག་མེད་དོན་བྱ་གལ་ཆེན་ཞིག་ཏུ་བསམ་ཡོད། གང་ལྟར། ཤ་ཚ་བའི་ཚིག་ལ་སྙན་མོ་མེད།ནད་འཁྲིས་པའི་སྨན་ལ་ཞིམ་པོ་མེད། ཅེས་པའི་དཔེ་ལྟར་དང་། ཡང་། སྐུ་ཞབས་ཞོགས་དུང་མཆོག་གིས་གསུང་བ་ཇི་བཞིན། སྐྱོན་བརྗོད་ནི་བཅོས་བསྒྱུར་གྱི་ཕྱིར་དང་།བཅོས་བསྒྱུར་ནི་ཡང་དག་གི་ལམ་དུ་འགྲོ་བའི་ཕྱིར་རོ།། ཞེས་པ་ལས་མ་འདས་ཏེ། ངས་ནི་རང་རེ་ཚོའི་གླུ་དབྱངས་སྒྱུ་རྩལ་གྱི་ལམ་བུ་འདི་ལ་སྔར་བས་ཁོད་ཡངས་བའི་ལམ་བུ་ཆེན་པོ་ཞིག་དང་རྒྱང་རིང་བའི་ཕུགས་འདུན་ཡག་པོ་ཞིག་ཡོད་ན་འདོད་པས་ཡིན། ངས་ནི་སྐྲ་ལོ་གཡག་རྔ་ལྟ་བུ་ཞིག་ལས་ཅི་ཡང་མེད་ཅིང་ཚོད་ཚོད་དུ་སྒྱུ་རྩལ་པ་སོགས་ཀྱི་ཐ་སྙད་རྫིག་པོ་རེ་འདྲུད་ཀྱིན་པའི་གླུ་བ་གླུ་མ་དག་ཀྱང་འཛམ་གླིང་ལ་ཕྱོགས་ཤིང་དོན་དངོས་ལ་གཞོལ་ཐུབ་པའི་གཞས་རྣལ་མ་ལེན་ཐུབ་ན་སྙམ་གྱིན་ཡོད། བོད་ཀྱི་གླུ་དབྱངས་སྒྱུ་རྩལ་དོན་དུ་གཉེར་བའི་གླུ་བ་གླུ་མ་རྣམས་ཀྱང་རྫ་མགོ་རི་མགོ་ཡི་ནོར་ལུག་གི་སུག་རྗེས་བསྙེག་པའི་ཟོག་རྫི་ཁོ་ན་མ་ཡིན་པར་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཞིག་དང་མི་གཤིས་ཀྱི་མཛེས་ཆ་འོས་འཚམས་ཤིག ཕ་སྐད་ལ་དུངས་བ་ཟབ་མོ་ཞིག ལྡོག་མེད་ཀྱི་འགན་ཁུར་ལྕི་མོ་ཞིག དགའ་ཕྱོགས་དང་ཁྱད་ཆོས་ཁྱད་མིན་ཞིག སྒྱུ་རྩལ་གྱི་བློ་སྦྱོང་ངེས་ཅན་ཞིག རིགས་ཞེན་གྱི་འདུ་ཤེས་རྣལ་མ་ཞིག་བདོག་དགོས་རྒྱུ་དེ་ཡིན། དེ་ལྟར་ཡིན་ཚེ་རང་རེའི་གླུ་དབྱངས་སྒྱུ་རྩལ་གྱི་ལས་རིགས་འདིའང་དུས་རབས་ཀྱི་རྗེས་སུ་ཆོད་ཅིང་མང་མང་གི་འདོད་ཐོག་ལ་ཡོང་རྒྱུ་རེད་སྙམ་གྱིན་ཡོད་པ་ལས་སྐྱག་པའི་ནང་དུ་རྡོ་འཕེན་རེས་བྱེད་པ་དང་ནང་མིའི་ཁྲོད་ལ་དགྲར་འཛིན་རེས་བྱེད་འདོད་པ་ནི་གཏན་ནས་མ་ཡིན་པས་ལྟ་ལོག་བསྟན་དགྲ་སོགས་ཀྱི་ཞྭ་ནག་པོ་ཚོད་ཚོད་དུ་མི་བསྐོན་ཞིང་དོན་མེད་དུ་འུར་བརྒྱབ་མི་འོང་བའི་རེ་འདུན་ཡང་དང་བསྐྱར་དུ་ཞུ་གི་ཡིན། ཡིན་མོད། ཞུ་རྒྱུ་ཞིག་ལ། སྒང་བ་བོད་ཀྱི་ཡུལ་གྲུ་འདིའི་དཔེ་ཆ་རྩོམ་མཁན་མང་པོ་ཞིག་དང་འོད་སྡར་འཕུད་མཁན་མོད་པོ་ཞིག་ནི་གཟུངས་གཞུག་བྲལ་ཞིང་འདོན་པ་ཙམ་ཡང་མི་འཁྱོངས་བའི་སེར་མོ་བ་དག་དང་པི་ཝང་ཆག་རོ་ཞིག་ལས་ཅི་ཡང་མེད་པའི་རོང་འབྲོག་གི་འཁྱམ་པོ་སྡོམ་པོ་ཚོ་དང་ཟོག་རྫི་དག་རེད་ཅེས་བཤད་ནའང་ཐལ་མི་ཆེ་བར་ཁོ་བོས་འདོད་དོ།།

༼ཨ་ཁུ།ཁྱོད་ཟི་ལིང་ལ་བདུང་ལེན་གྱི་སྒྲ་ཐག་འཕུད་པར་ཡོང་བ་ཨེ་ཡིན་ཞེས་པའི་ཕྱི་གླིང་བ་ཞིག་གིས་སྒོ་ཤེར་ལ་དྲིས་པའི་འདྲི་ཚིག་འདིའི་ཤུགས་ནས་ཀྱང་མང་པོ་ཞིག་ཧ་གོ་མི་ཡོང་ངམ༽

རང་རེའི་གླུ་བ་གླུ་མ་ཕལ་ཆེར་བ་ཞིག་ནི་རིག་གནས་ཀྱི་ཆུ་ཚད་ཧ་ཅང་ཞན་ཁར་འགན་ཁུར་གྱི་འདུ་ཤེས་ཏིལ་ཙམ་མེད་པར། ངོ་ཚ་དང་འཛེམ་དོག་ཀུན་ནས་མེད་པར། འཕེལ་རྒྱས་དང་ཡར་བསྐྱེད་ཀུན་ནས་བྲལ་བས་བདེན་ལུགས་དང་ཕན་ཆ་རྨང་ནས་བྲལ་ཏེ་ནམ་ཞར་བདུང་ལེན་པ་རྡོ་རེད་དང་དཔལ་མགོན། ལུ་གུ་རྒྱལ་དང་བདུད་བྷེ་སོགས་ཀྱིས་སྔོན་ཆད་བླངས་ཟིན་པ་ཞིག་ཡང་དང་བསྐྱར་དུ་བླངས་ཏེ་ཨང་གཉིས་པ་དང་གསུམ་པ། ཡང་ན་བཞི་བ་སོགས་བརྩོན་ལེན་བྱེད་མཁན་གྱི་ཤེར་བསྟན་དང་ཀུན་དགའ། ངག་དབང་བསྟན་འཛིན། བློ་བཟང་། རིག་དགའ། གླུ་མ་དར་མཚོ། ཚེ་སྐྱིད་སོགས་ནམ་མཁའི་སྐར་ཚོགས་བཞིན་བརྩི་བརྩི་གྲངས་མེད་ཀྱི་གླུ་བ་གླུ་མ་གང་མང་ཞིག་གིས་ཚོད་ཚོད་དུ་གླུ་དབྱངས་ཀྱི་ནང་དོན་ལ་འབྲེལ་བ་ཅི་ཡང་མེད་པར་ལྷ་སྐུ་མང་པོ་ཞིག་དང་བླ་མ་ཟེར་ཚད་ཀུན་གྱི་འདྲ་པར་དང་བརྙན་གཟུགས་མང་པོ་ཞིག་ཁྱིམ་ཕྱགས་དང་གད་སྙིགས་ལའང་མི་དོ་བའི་འོད་སྡེར་དག་གི་བར་དུ་བཅུག་རྗེས་ལུས་ནས་ཕྱག་འཚལ་ཞིང་གདོང་གི་མིག་བཙུམས་ཏེ་ཅི་ཅི་ཅིག་ལ་ཕྱག་འཚལ་ལོ་དང་ཉི་ཉི་ཉིག་ལ་གསོལ་བ་འདེབས། ང་ཡིས་རྩ་བའི་བླ་མ་དྲན་ཟེར་བ་སོགས་ལ་བལྟས་འོང་ན་དེ་ཚོའི་དད་པའི་ཀློང་བརྡོལ་སོང་བ་དང་འདྲ་ཆགས་པོ་ཞིག་རེད་འདུག་ལ། ཡང་སྐབས་རེར་སྐྱུག་བྲོ་ནས་ངོ་ཚ་ཞིང་འདུག་མི་བཟོད་པ་ཞིག་ཀྱང་རེད། རང་ཚུགས་མི་ཁྱོགས་ཤིང་ཁ་ཕྱོགས་ངེས་མེད་ཀྱིས་ཅི་ཞིག་ཡིན་མདོག་མདོག་གི་རྣམ་འགྱུར་ཁ་བོས་རང་མདོག་ཡ་མཚན་སྟོན་མཁན་གྱི་གངས་རིའི་གླུ་བ་གླུ་མ་འདི་དག་ལ་དཔྱོད་ཤེས་ཀྱི་མིག་དཀྱུས་ཡངས་པོ་དང་དྲན་འཕྲུལ་གྱི་རིག་པ་ཕྲ་མོས་དཔྱད་ཚེ། རིག་གནས་ཀྱི་ངོས་ནས་བལྟས་ན་ཁྱིམ་ཕྱགས་འབའ་ཞིག་རེད་ལ། རིན་ཐང་གི་ཐད་ནས་གཞལ་ན་དྲི་མའང་མི་བྲོ་བའི་སྐྱག་པ་སྐམ་པོ་ལས་མ་འདས། དུས་རབས་ཀྱི་ངོས་ནས་བསམ་ན་རིག་གནས་ཀྱི་གད་སྙིགས་རེད་ལ། སྤྱི་ཚོགས་ལས་རིགས་ཀྱི་ཆ་ནས་བཤད་ན་འགན་ཁུར་མེད་པའི་དུས་ཚོད་འཕྲོ་བརླག་གི་ལས་ཀ་ལྷག་མ་གཉེར་མཁན་རེད། ལོ་རྒྱུས་ཀྱི་ཟུར་ནས་བཞག་སྟེ་བལྟས་ན་ཉེས་ཅན་དང་ནག་ཉེས་རེད་ལ། སྒྱུ་རྩལ་གྱི་སྔུན་ནས་བཤད་འོང་ཚེ་ཚེ་སྲོག་མེད་པའི་བེམ་པོ་དང་གཅིག་པ་གཅིག་རྐྱང་རེད། དོན་དངོས་ཀྱི་མདུན་ནས་སྐད་ཆ་ཞིག་བཤད་ན་དེ་ཚོ་ནི་ངོ་ཚ་མེད་པའི་ཁྱི་རྒན་དང་གཞན་གྱི་འབྲས་བུ༼ཚིག་དང་དབྱངས་གོ་དགོས༽ལ་ལོངས་སུ་སྤྱོད་པའི་ངོ་ཚ་མེད་པའི་རྐུན་མ་མ་རེད་ཅེས་སུས་བཤད་སྤོབས་ཨང་། ད་དུང་ལ་རྒྱ་ཡོད་མདོག་དང་ཁ་ཕོ་ཆེན་པོའི་ངང་བརྐུས་ཟིན་པའི་དབྱངས་དང་ཚིག་གཉིས་མཉམ་དུ་བསྲེས་མཁན་གྱི་རིགས་འདི་དག་རྒྱང་ཕུད་དུ་གཏོང་དགོས་པའི་མི་ཚད་འཕྱིས་འདུག འདི་དག་རང་དགར་བསྐྱུར་མི་རུང་སྟེ། བསྐྱུར་རྒྱུ་མང་དྲགས་ན་རང་གཞན་ཀུན་བརླག་གི་གནོད་པའི་རྒྱུ་ཁོ་ན་ལས་མ་འདས། ཕྱི་རྫིག་རྫིག་དང་ཁོག་སྟོང་སྟོང་གི་ཕུང་གསུམ་པ་འདི་ཚོས་ད་དུང་ཆོས་ལུགས་ལ་དད་པ་ཡོད་མདོག་དང་མི་རིགས་ལ་ཞེན་པ་དཀར་མདོག་གིས་གླུ་དང་འདོན་པ་འབུད་རྡུང་དཀྲོལ་གསུམ་ལ་བརྒྱུས་ཏེ་བླངས། ༼རྨ་ཆུའི་བདུང་ལེན་པ་རྡོ་རེད་དང་དཔལ་མགོན་སོགས་ལའང་རྩ་ཞིག་མི་ཚང་བར་སྙམ་འོང་ཞིང་། ཉེ་སྔོན་ཞིག་ལ་བོད་ཀྱི་དྲིལ་བུ་དང་རྔ་དང་ཏིང་ཤག་སོགས་བཀོལ་ནས་གློས་རྟགས་འདྲ་ཞིག་བསྟན་དང་སྟོན་གྱིན་པ་སྐད་འཕྲིན་བཀོལ་བའི་བོད་པ་དག་གིས་རིག་ལོས་ཡོད་ཨང་། འདི་དག་འཕྲོས་བཤད་ཡིན་པས་རེ་ཞིག་བསྐྱུར་ཞོག༽བོད་ཀྱི་སྲོལ་རྒྱུན་ཡིན་མདོག་གིས་ཚིག་སྐམ་གྱི་ང་རོ་བར་མེད་དུ་སྒྲོག་ནས་མིག་བཙུམས་ཤིང་ཁ་གདངས། རིན་ཐང་གིས་དབུལ་ཞིང་དངོས་ཡོད་ཀྱིས་སྟོངས་བའི་འདི་དག་ལ་ཞིབ་འདང་རྣལ་མ་རེ་བརྒྱབ་འོང་ན། ད་ལྟ་འུ་ཚོས་ཚོམ་མེད་དུ་བསྟོད་པ་རྐྱང་རྐྱང་བྱེད་དགོས་པའི་དུས་མ་རེད།  སྤྱིར་ན་བསྟོད་པ་བྱེད་པ་དེ་ཡང་རིག་གནས་ཤིག་གི་དྲན་པ་ཡིན་སྲིད་མོད། ཚད་ལས་བརྒལ་ཚེ་དེ་ལ་ཡང་རིན་ཐང་མེད་པར་ཁོ་བོས་འདོད། ད་དུང་བོད་པ་བོད་པས་བཙོངས་ཤིང་ནང་མི་ནང་མིས་བསྒྲལ་མཁན་གྱི་གླུ་བ་དང་གླུ་མའང་ཤིན་ཏུ་མང་སྟེ། དེ་དག་ནི་ནམ་ཡང་ཨ་ཞང་ཚང་གི་ངོ་སོ་ཡར་ལ་བསྟོད་མཁན་གྱི་སྒལ་ཚིགས་བྲལ་ཞིང་མི་གཞི་དབེན་པའི་ལྷ་སའི་གླུ་མ་དམར་མོ་མ་ཚེ་བརྟན་སྒྲོལ་མ་དང་། ཕ་སྐད་ལ་དུངས་བ་མེད་ལ་གཞན་རིགས་ཀྱི་རྒྱུགས་ཁྱིར་གྱུར་བའི་རྒྱ་མིན་བོད་མིན་དང་རྭ་མིན་ལུག་མིན་གྱི་གསོ་ཕག་ངོ་མ་ཞིག་དང་ཡོངས་སུ་འདྲ་བའི་ལྷ་སའི་གླུ་མ༼韩红༽ ཧན་ཧོན་ཧོན་ལོག་མ། རྒྱ་རིགས་དང་བོད་རིགས་ཕ་མ་གཅིག་གི་སྤུན་ཡིན་པར་བསྒྲགས་མཁན་གྱིཨ་ཞང་ཚང་གི་ཚ་མོ་སྟེ། གཅན་ཚའི་ཆབ་སྲིད་ཀྱི་གླུ་མ་བདེ་ཆེན་དབང་མོ་ལྟ་བུ་དག་གི་སྙན་སྙན་འདྲ་བའི་གླུ་སྐད་དག་ལ་དལ་དལ་ལྷོད་པོས་ཞིབ་ཏུ་བསམ་ཚེ་འཇིགས་འཇིགས་འདྲ་བའི་སྣང་བ་ཐན་ཐུན་ཞིག་ཀྱང་བཅོས་མིན་དུ་སྐྱེས་འོངས། ཀྱེ། ཉན་པོ་དག ཁྱེད་ཚོས་གངས་རིའི་གླུ་བ་གླུ་མར་ཁས་འཆེས་པའི་ཕུང་གསུམ་པ་དེ་དག་གི་ཕུང་གླུ་དག་ལ་ཉན་འོང་དུས་སྙིང་ལ་ཙག་ཤད་ཅིག་རྒྱུག་མི་ཡོང་ངམ། སེམས་ལ་ན་ཟུག་ཅིག་འཁོར་མི་ཡོང་ངམ།

རྒྱ་ནག་པ་ཡུས་ཅེ་ལགས་ན་རེ། འཇིག་རྟེན་སྟེང་ནས་ཆེས་བཟོད་སྒོམ་བྱེད་ཐབས་མེད་པ་ནི་ཡི་གེ་ཡི་གད་སྙིགས་སྤུངས་མཁན་དག་ཡིན་པར་བཤད་ལ། ཁོ་བོས་བསམ་ན་དེ་ནི་ལོས་བདེན་གི་ལོས་བདེན་ཏེ། ད་དུང་རང་གི་རྩོལ་བ་མེད་པར་གཞན་གྱི་འབྲས་བུར་ལོངས་སུ་སྤྱོད་རྐྱང་བྱེད་པའི་སྐྱག་དྲི་དང་རྐང་རུལ་ཐུལ་བའི་བོད་པའི་གླུ་བ་གླུ་མ་དག་དང་ཨ་ཞང་ཚང་གི་ངོ་སོ་ཡར་ལ་བསྟོད་མཁན་གྱི་ཕུང་གསུམ་པའི་རིགས་འདི་དག་ཀྱང་ཆེས་བཟོད་ཐབས་བྲལ་བའི་རིགས་སུ་བརྩིས་ཡོད། དེའི་ཕྱིར། ངས་འདི་ནས་བོད་ཀྱི་གླུ་བ་གླུ་མ་གང་མང་མང་ཞིག་ལ་འགན་ཁུར་མེད་པའི་ལད་ཟློས་པ་དང་འཕེལ་རྒྱས་བྲལ་བའི་བསྐྱར་ཟློས་པ། གསར་གཏོད་དབེན་པའི་ཀླད་སྟོང་བ། ངོ་ཚ་བྲལ་བའི་ལག་གསུམ་པ། སྐྱག་དྲི་བྲོ་བའི་ཞབས་འདྲེན་པ། རྐང་རུལ་ཐུལ་གྱིན་པའི་སྒྱུ་རྩལ་པ་སྟེ་ངེས་པ་དོན་གྱིས་སྟོངས་ཤིང་སྟོང་བསམ་ཁོ་ནའི་ཁྲོད་ན་དུས་རབས་གསར་བ་ལ་ཁ་ཕྱོགས་མི་ཐུབ་པའི་དུས་ཚོད་ཀྱི་གཏོར་བརླག་མཁན་དང་། མི་རིགས་ཀྱི་བླ་སྒུལ་མཁན། མ་འོང་བའི་བཀག་རྡོ་ཁོ་ན་རེད་ཅེས་བརྗོད་ན་འདོད། རྒྱུ་མཚན་ནི། འགན་ཁུར་མེད་ཅིང་གསར་གཏོད་བྲལ་བའི་བོད་ཀྱི་གླུ་བ་གླུ་མ་འདི་དག་གིས་གཞན་གྱི་དབྱངས་དང་ཚིག་སོགས་ཚོམ་མེད་དུ་བརྐུས་ཏེ། གཞན་གྱི་འབྲས་བུར་ལོངས་སུ་སྤྱོད་ཅིང་ངན་གོམས་སུ་གྱུར་བའི་བྱ་སྤྱོད་དག་མཐོང་འོང་དུས་བོད་ཀྱི་གླུ་བ་གླུ་མ་དག་གི་རང་གཤིས་དེ་དག་རྗེན་པར་བསྟན་ཏེ་དེ་དག་གི་གྲས་སུ་རྡོ་ལོག་ལྗིད་མོ་ཞིག་འཕེན་འདོད་བཅོས་མིན་དུ་སྐྱེས། ནང་སྙིང་མེད་པའི་སྙིགས་རོ་དེ་དག་གི་ནང་རྫོང་དེ་ཀུན་ལ་མ་བསྟན་ན་མང་པོ་ཞིག་གིས་ཚོད་མེད་དུ་བཀུར་གྱིན་འདུག ངོ་མ་བཤད་ན། གླུ་བ་གླུ་མའི་གད་སྙིགས་ཀྱི་བཟོ་གྲྭ་བསྐྲུན་ཡང་འུ་ཚོ་ཡིན་ལ། དེ་བཅོམ་མཁན་ཡང་འུ་ཚོ་ཡིན་ན་འགྲིག་གི་འདོད། ད་ལྟའི་བོད་ཀྱི་སྙན་ངག་མཁན་ཕལ་མོ་ཆེར་ཚིག་གི་རོ་རྩེད་ཙམ་ལས་ཚོར་བ་ཡེ་ནས་མི་འདུག་པས་ན་ཟུག་མེད་པའི་སྙན་ངག་གི་སྡེ་ཞེས་འབོད་ཀྱིན་འདུག་ལ། དེ་དང་འདྲ་བར་བོད་ཀྱི་གླུ་མ་མང་པོ་ཞིག་ནི་གླུ་བརྒྱ་ལ་དབྱངས་རྟ་གཅིག་ལས་མེད་པ་དང་། ལེན་མཁན་མང་པོ་ཞིག་གིས་གྱོན་པ་ཤུབས་ལྷེབ་རེ་གྱོན་ནས་བརླ་འབུར་ནུ་འབུར་དང་། ཕུང་འབུར་འདོམས་འབུར་གྱིས་སྨད་འཚོང་མ་ཞིག་ལ་མ་བལྟས་ན་བལྟ་ས་གཞན་མེད་པས་ངས་དེ་ལ་རྣམ་ཤེས་མེད་པའི་འཁྲབ་སྟོན་པ་ཞེས་སུ་འབོད་འདོད། ཡང་གླུ་བ་འགའ་ཞིག་ནི་གླང་ཆེན་སྨྱོན་པར་མ་བལྟས་ས་མ་འགྲོ་སྟེ། མགོ་ལ་ཚོད་མེད་དུ་གཡག་གི་རྔ་མ་འདྲ་བའི་སྐྲ་རིང་པོ་ཞིག་བཞག རྒྱུ་མཚན་ཅི་ཡང་མེད་པར་མིག་ཤེལ་ནག་པོ་ཞིག་གོན། དེ་ནས་ཕུ་རུང་རིང་མོ་དེ་ཡར་གཡུག་མར་གཡུག་བཅོ་བརྒྱད་བྱེད། མདོར་དེད་ན། མགོ་གཡུག་ལག་གཡུག་རྐང་གཡུག་སྐེ་གཡུག་ཙམ་ལས་ཅི་ཡང་མ་རེད་ལགས།

དེ་ཡང་མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་ལོ་གསར་དགོང་ཚོགས་ཤིག་གི་སྟེང་དུ་ཀུན་དགའ་ཟེར་བའི་ཁམས་པའི་ཕོ་གསར་རྫིག་པོ་ཞིག་གིས་ལོ་ངོ་བཅུ་ཁ་ཞིག་གི་སྔོན་དུ་བདུང་ལེན་པ་བདུད་བྷེ་ལགས་ཀྱིས་བླངས་ཟིན་པའི༼ཨ་ཞང་ལོ་ལོ༽ཞེས་པ་དེ་ཐེངས་འདིར་ཡང་བསྐྱར་བརྐུས་ཏེ་བླངས་ཡོད་ཅིང་།༼ངོ་མ་བཤད་ན་ཀུན་དགའི་གླུ་དབྱངས་མང་ཆེ་ཤོས་ནི་བརྐུས་གླུ་བརྐུས་ཚིག་ཁོ་ན་རེད། དེ་འདྲ་ཞིག་ཡིན་མིན་ནི་སྤྱན་ཟུང་ཆེན་པོ་ཡོད་པའི་རྒྱ་ཆེ་བའི་ཉན་མཁན་དང་ལྟ་མཁན་དག་གིས་ལྟོས་ཏེ་དཔྱོད་དང་ཧ་གོ་འོང་ངེས༽གླུ་དབྱངས་དེའི་ཁ་བྱང་གི་འོག་ཏུ་ཚིག་ཀུན་དགའ་ནས་ཞེས་བྲིས་ཡོད་པར་གཞིགས་ན་བོད་མིས་མ་བྱིན་པ་མི་ལེན་ཞེས་པའི་དམ་བཅའ་དེ་ཡང་འདུས་བྱས་སླ་བའི་མི་རྟག་པ་ཞིག་ཡིན་པས་དེ་ལ་ཡིད་ཆེས་རྒྱུ་སླ་མོ་ཞིག་མིན་པ་དང་བློ་གཏད་རྒྱུ་བརྟན་པོ་ཞིག་མེད་པའང་རྟོགས་འོང་། བོད་པའི་འདས་མ་ད་གསུམ་ལ་ཕྱིར་རྟོག་གནང་མཁན་གྱི་མི་ཞིག་ཡིན་ཕྱིན་འདི་འདྲའི་མིག་ལ་མི་མཛའ་ཞིང་རྣ་བར་མི་སྙན་པའི་དཔེ་གསོན་པོ་མང་དུ་རྙེད་རྒྱུ་ཡོད་མོད། མང་དུ་ལབ་ན་ཐམས་ཅད་སུན་པོ་བཟོ་སྲིད་པས་རེ་ཞིག་བསྐྱུར་ཞོག་ཨང་། བརྐུ་ལ་བྱང་ཞིང་རྫུན་ལ་གོམས་པའི་བོད་ཀྱི་རྐུན་མ་དེ་དག་ལ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་ཨ་རོག་ཁམས་པ། སྣང་བ་སྐྱིད་པ་སོགས་བགྲང་གིས་མི་ལངས་བའི་དབྱངས་རྟ་དང་འབད་མེད་ལྷུན་འགྲུབ་ཀྱི་གླུ་ཚིག་དག་ནི་ཅི་འདྲའི་བཀའ་དྲིན་ཆེ་བ་ལ་ཨང་། ད་དུང་དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་བོད་ཀྱི་སྐད་དང་ཡི་གེ་འདི་རང་མི་རིགས་ཀྱི་བླ་སྲོག་ཡིན་པར་གླུ་དང་བདུང་ལེན་སོགས་ཀྱི་ལམ་ནས་མང་པོ་ལེན་གིན་ཡོད་མོད། འོན་ཀྱང་འགན་ཁུར་སེམས་ནས་བོར་ཞིང་རིགས་ཞེན་རྨང་ནས་བརྗེད་པའི་བོད་ཀྱི་གླུ་བ་གླུ་མ་དག་གི་འོད་ཆེམ་ཆེམ་དང་ཁྲ་ལམ་ལམ་གྱི་འོད་སྡེར་སོགས་ཀྱི་ནང་དུ་ཡིག་ནོར་གྱི་རྒྱ་མཚོ་འཕྱུར་གྱིན་འདུག་པ་དག་རིག་དུས་བདག་གི་སེམས་པ་འདི་རྨང་ནས་འཁྱག་སོང་། འཁྱག་ནས་ཀྱང་ཡུན་རིང་འགོར་སོང་། རང་རེའི་མཁས་མིང་འཛིན་མཁན་ཤིན་ཏུ་མང་པོ་ཞིག་གི་བརྩམས་ཆོས་དང་སྐད་ཆ་གང་རུང་དུའང་མི་རིགས་རང་གི་རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ནི་རང་གི་འོས་འགན་ཡིན་ཚུལ་བསྒྲགས་ཤིང་མི་རིགས་འདིའི་འདས་མ་ད་གསུམ་མཁས་དབང་ཁོང་ཚོའི་ལག་མཐིལ་དུ་བླངས་འདུག་པ་ལྟ་བུའི་སྐད་ཆ་སྦོམ་པོ་རེ་དང་བྱ་སྤྱོད་མཚར་པོ་རེ་བསྟན་འདུག་ཀྱང་། དོན་ལ་རང་གི་ཤ་ལས་ཆད་པའི་བུ་རྒྱུད་ལ་མི་རིགས་གཞན་ཁོ་ནའི་སྐད་དང་ཡི་གེ་སྦྱང་དུ་བཅུག་ནས་ཁ་བཤད་དོན་ལ་མི་གནས་པར་ཁ་བཤད་ཆུ་ཡི་ཝུ་བ་རུ་གྱུར་སོང་ན་ཅི་བྱ་ཨང་། ན་ནིང་གཞེས་ནིང་ཞིག་ལ་ངའི་ངོ་ཤེས་གྲྭ་བ་བདུང་ལེན་པ་ཞིག་གིས་འོད་སྡེར་ཞིག་ཕུད་ཡོད་ཅིང་། དེའི་ནང་དུ་བདུང་ལེན་ཞིག་ཏུ་གྲྭ་བ་ཚོ་གྲྭ་ལོག་བྱེད་མི་ཉན་པར་སྒར་དགོན་པ་ནས་ཆོས་བསྒྲུབ་དགོས་པར་སྐུལ་མ་བཏང་བ་ཞིག་རེད་འདུག དེ་ནས་ཟླ་འགའ་འགོར་རྗེས་ཀྱི་ཉིན་ཞིག་ལ་གྲྭ་བ་བདུང་ལེན་པ་དེའང་སྐྱ་སར་བབས་འདུག

ཡང་། ཉེ་ལམ་ཁྲིན་ཏུའུ་ཨ་མ་ལགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་བོད་ཀྱི་གླུ་བ་གླུ་མ་དང་ཚིག་རྩོམ་མཁན་དང་དབྱངས་རྩོམ་མཁན་མང་པོ་ཞིག་བོས་ཏེ་བཅར་འདྲི་བྱས་ཡོད་ཀྱང་དེ་དག་གིས་རང་རེའི་ནང་ཁུལ་དུའང་རྒྱ་སྐད་བཤད་དེ་ཅི་ཞིག་ཡིན་མདོག་སྟོན་པ་ནི་རང་མཚང་རང་སྟོན་ལས་མ་འདས།

རེད་ཡ། གླུ་བ་གླུ་མ་ཁོང་ཚོ་ནི་སུ་ཞིག་ལ་མི་གསལ་ལམ། ད་དུང་རྡོ་སྦིས་ཞེས་པའི་ས་ཆ་དེ་ན་ཨ་མ་མ་གཏོགས་ངོ་མི་ཟིན་ཅིང་ཐབ་ཀ་མ་གཏོགས་བྲག་མ་རིག་པའི་བླ་སྒུལ་ཞབས་འདྲེན་གྱི་བདུང་ལེན་པར་ཁས་འཆེས་མཁན་སྐོར་ཞིག་གིས་རང་ཉིད་ཅི་ཞིག་ཡིན་ཁུལ་གྱིས་རྡོ་སྐར་ཆེན་དང་རྡོ་མུ་ཏིག རྡོ་སྒྲ་དབྱངས། རྡོ་གླག་ཕྲུག་སོགས་སུ་འབོད་པའི་སྐྱ་མིན་སེར་མིན་གྱི་རྡོ་ལུང་བ་བཀང་བོ་དེ་དག་ལ་རང་ལ་བལྟ་བའི་མེ་ལོང་ཞིག་དང་རང་ཉིད་འཇལ་བྱེད་ཀྱི་རྒྱ་མ་ཞིག་ཅིས་ཀྱང་མཁོ་ངེས་རེད། ཁོག་ན་དགོས་རྒྱུ་རྡོག་རྡོག་དེ་མེད་ན། མིང་ལ་རྡོ་སྦིས་དགེ་བཤེས་ཞེས་བཏགས་ཀྱང་ཕན་གི་མ་རེད། ངོ་མ་བཤད་ན། དེ་ཚོ་ལ་སློབ་ཆུང་སློབ་མའི་ཆུ་ཚད་ཀྱང་མེད་ཅིང་། ཐ་ན་རང་གི་མིང་འཁྲུལ་མེད་ཅིག་འབྲི་ཐུབ་མིན་ལའང་ཁོ་བོ་དོགས་པ་སྐྱེས་ནས་ཡོད། གལ་ཏེ་ཁོ་བོས་རྡོ་སྦིས་ཡུལ་གྱི་རྡོ་དེ་ཚོ་ལ་མིང་ཞིག་གདག་དགོས་ཚེ་ཏན་ཏན་རྡོ་གད་སྙིགས་ཚོགས་པ་ཞེས་འབོད་ངེས་ཡིན་ནོ།།

ཇི་སྐད་དུ། མཁས་པའི་བྱ་བ་དགག་གཞག་ཡིན།། ཤེས་བཞིན་སྤོངས་བ་དོན་མེད་ཡིན།། ཞེས་པ་ལྟར། བསམ་གཞིག་གི་བློ་མིག་མངའ་ལ་ཕྱིར་རྟོག་གི་འདུ་ཤེས་བདོག་པའི་ཡོན་ཏན་པ་དང་རིག་གནས་པར་ཁས་འཆེས་བ་དག་གིས་ཀྱང་མི་སྨྲ་བའི་རྟུལ་ཞུགས་མི་འཛིན་པར། ཚོད་ཚོད་དུ་བསྟོད་གླུ་མི་ལེན་པར། བསམ་གཞིག་མེད་པར་གདེང་འཇོག་མི་བྱེད་པར་ཚོགས་གནད་བརྗོད་གནད་དུ་ཐོན་ལ་བྱ་ངན་དོན་ངན་རྗེན་པར་འདོན་དགོས་པར་སྐུལ་བ་ཡིན། སྐབས་འདིར་ངས་གླུ་མ་རིག་འཛིན་སྒྲོལ་མར་བཅར་འདྲི་བྱས་པའི་སྐད་ཆ་རྨ་མེད་ཅིག་ཡིད་ལ་དྲན་འོང་། ཁོ་མོས་བཤད་རྒྱུར། བོད་ཀྱི་གླུ་བ་གླུ་མ་ཞིག་ཡིན་ཕྱིན། སྐད་ངག་སྙན་མོ་ཞིག་དང་སྐྱེས་འབྲས་མཚར་མཚར་ཞིག་ཡོད་པས་མི་ཆོག་པར་མི་གཤིས་དང་གཤིས་ཀ་ཡག་པོ་ཞིག སྤྱོད་པ་དང་བསམ་པ་བཟང་པོ་ཞིག་ཆགས་རྒྱུའང་ཧ་ཅང་གི་གཙོ་བོ་རེད་ཟེར། བོད་ན་འདི་འདྲའི་ཚད་ལྡན་གྱི་གླུ་བ་གླུ་མ་ག་ཚོད་ཡོད་དམ། ཞིབ་འདང་གསལ་བོ་རྒྱོབས་དང་ཨེ་རྙེད་གི མཛུབ་མོ་ནང་དུ་ཁུགས་དང་ཨེ་ཡོད་གི འདི་ལྟར་བཤད་འོང་ན་མང་པོ་མང་པོ་ཞིག་ཁ་སྤོ་ཁ་ནས་ལངས་ཤིང་འཚིག་པ་གཏིང་ནས་ཟོས་ཏེ་ངོ་གདོང་དམར་པོར་འགྱུར་བ་ནི་གདོན་མི་ཟ་བའི་དོན་དག་ཅིག་གོ

ཁོག་ན་འོད་ཟེར་དང་དྲན་པ་མེད་པའི་ངན་པ་དགུ་འཛོམས་དང་ཚང་འོས་མི་ཚང་བའི་“གངས་རིའི་གླུ་བ་གླུ་མ”ལ་ཁས་འཆེས་པའི་རིགས་འདི་རང་དགར་བསྐྱུར་བཞག་ན། ཁོ་ཚོས་རང་ཉིད་ཡ་མཚན་ཁོ་ཐག་ཅིག་དང་ཡ་མེད་འགྲན་མེད་ཅིག་ཡིན་སྙམ་ནས་ང་རྒྱལ་གྱི་མགོ་བོ་དགུང་དུ་བཏེགས་ཏེ་བཙོག་པ་འཁོར་རྒྱུག་གི་ནང་དུ་འདུར་རྒྱུག་བྱེད་དེ་རྩོལ་མེད་གཞན་འབྲས་དེ་བརྐུ་བར་གོམས་པར་བྱེད་ན་ནི་བལྟས་ན་མི་ཡག་ལ་ཉན་ན་མི་སྤྲོ་བའི་མཇུག་འབྲས་ངན་པ་ཞིག་ཅིའི་ཕྱིར་མི་འབྱུང་ཨང་སྙམ་ཞོར་ཁོ་བོས་སྙུག་ཁ་ཐུང་ཐུང་ཞིག་ཅི་ནས་ཀྱང་བསྐོར་དགོས་བྱུང་སོང་བས་དགོངས་འགལ་ཅི་ཡང་མེད་པའི་རེ་བ་ཡང་ཡང་ཞུ་བ་དང་ཆབས་ཅིག་ཅི་ཞིག་བཤད་དགོས་སྙམ་ཡང་ད་དུང་ཡང་དག་ཅིག་མ་ཤོད་པ་དང་རྣམ་དག་ཅིག་མ་འཁྱོངས་བ་སོགས་ལ་ནོངས་ནོར་ཅི་མཆིས་དགོངས་འཆར་ལྷུག་པོར་བསྩོལ་རྒྱུའི་རེ་བའང་ཡང་ནས་ཡང་དུ་ཞུ་གི་ཡོད་དོ།།

 

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།11

དཔྱད་མཆན:

དཔྱད་མཆན 2 ཡོད། སྐུ་མགྲོན: 2 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. རྟ་མགྲིན
    རྟ་མགྲིནསྤེལ་དུས་ནི།  

    དཔྱད་མཆན་གཞན་དག་ལ་བལྟ་མི་ཐུབ་པས་རྒྱུ་མཚན་ཅི།

  2. ཚེ་དབང་བཀྲ་ཤིས།
    ཚེ་དབང་བཀྲ་ཤིས།སྤེལ་དུས་ནི།  

    དངོས་གནས་བདེན་པ་རེད།དེང་རབས་བོད་ཀྱི་གླུ་བ་གླུ་མ་ཚོའི་གླུ་གཞས་ལ་ཞེ་འགྲས་ཁི།

དཔྱད་མཆན་སྤེལ།