སྐྱུག་བྲོ་བའི་གངས་རིའི་གདུང་རྒྱུད།

མེ་འཁྱེར།

12334234

བརྗོད་མི་ཆོག་པའི་གཏན་ཚིགས་སུ་ལ་ཡོད།

སྐམ་ཐག་ཆོད་པའི་སྡོང་ལོ་སེར་བོ་སྐྱི་བསེར་རླུང་བུས་ཕྱོགས་བཞིར་བདས་པའི་སྐབས་འདི་ནི་བསམ་ཞིབ་པ་ཞིག་ལ་མཚོན་ན་སེམས་ཁོང་ལ་ན་ཟུག་སྟེར་བའི་དུས་ཚིགས་ཤིག་སྟེ་བགྲང་བྱ་གཅིག་ཤེས་མེད་ཚོར་མེད་ངང་ཕར་ལ་འདས་ཤིང་། རུས་གཏིང་དུ་འཐམས་པར་བྱེད་པའི་འཁྱག་རླུང་གྲང་མོ་འདིས་ཅི་ཞིག་ལ་གསལ་འདེབས་བྱེད་པ་དང་ཀུན་ནས་མཚུངས། སོ་ནམ་རྒན་པོའི་རྒས་འཁོག་གི་སྐྱི་གཉེར་བར་ན་ཡིད་ཚིམས་པའི་འཛུམ་མདངས་ཀྱིས་ཕྱུག་པ་འདི་ནི་ལོ་ཧྲིལ་བོའི་ཐོན་འབབ་ཡོང་སྒོ་ལ་ཆེས་ལེགས་པའི་སྤྱི་སྡོམ་ཐེངས་གཅིག་གི་མཇུག་འབྲས་ཡིན་ངེས་ན། ང་ཚོས་མི་སྒེར་གྱི་ལས་རིགས་རང་ཐད་ནས་ཀྱང་སྤྱི་སྡོམ་ཐེངས་ཤིག་བྱེད་འོས་ལ། དེར་མ་ཟད་སྐབས་ཡུན་ངེས་ཅན་རིང་གི་རང་མི་རིགས་ཀྱི་སྤྱི་ཚོགས་གནས་བབས་དང་མ་འོངས་གངས་རིའི་མདུན་ལྗོངས་སྐོར་ལའང་རང་བློ་ཞིབ་མོས་བསམ་གཞིགས་བྱེད་པའི་འོས་འགན་དེ་བོད་མི་རེ་རེའི་ཕྲག་སྟེང་དུ་ལྗིད་ཏིག་གེར་ལྷུང་ཡོད།

རང་བྱུང་ཁམས་ཆེན་པོ་འདིའི་སྟེང་ན་སྲོག་ཆགས་ཁྲི་སྣ་མང་པོ་འཚོ་སྡོད་བྱས་ཡོད་ཀྱང་རང་རྟོགས་ཀྱིས་ཕྱི་དོན་ཆོས་ཉིད་ལ་ངེས་འཛིན་བྱེད་ནུས་པར་མ་ཟད། དེ་དེ་བཞིན་དུ་འཇིག་རྟེན་ལ་སྒྱུར་བཅོས་དང་མིའི་རིགས་རང་ཉིད་སྒྱུར་བཀོད་བྱེད་པའི་ནུས་པ་དང་ལྡན་པ་ནི་འགྲོ་བ་མིའི་རིགས་དང་སྲོག་ལྡན་གཞན་དག་དབར་གྱི་དབྱེ་འབྱེད་ཚད་གཞི་ཉག་གཅིག་ཡིན་པར་ཤེས་རབ་མཁན་པོ་མར་ཁི་སིས་བཞག་པར་འཛམ་གླིང་ཡོངས་ཁྱབ་ཀྱིས་ཁས་འཆེས་པ་ཡིན་ན། དེའི་ནང་དུའང་རིགས་སྤྱི་ཞིག་གི་ཐུན་མོང་གི་འཚོ་སྡོད་ཁྱབ་ཁོངས་དང་ཐུན་མོང་གི་སྐད་བརྡ། འཚོ་བའི་གོམས་གཤིས། རིག་གནས་ཡུལ་སྲོལ་སོགས་ཀྱི་སྟེང་ནས་ཕྱིར་མངོན་ཞིང་ཐུན་མོང་གི་སེམས་ཁམས་ཀྱིས་སྲེད་བུར་བརྒྱུས་པའི་རིགས་སྤྱིའི་ཚོགས་པ་ཞིག་ལ་མི་རིགས་རིགས་རྒྱུད་གཅིག་གི་གདག་གཞི་སྤྱད་དེ་མིའི་རིགས་ཀྱི་ནང་ནས་ཀྱང་བྱེ་བྲག་གི་མི་རིགས་སོ་སོའི་དབྱེ་བ་ཕྱེས་པ་རེད།

དེས་ན་ང་ཚོའི་རིགས་རྒྱུད་འདི་ནི་གནའ་སྔ་མོ་ནས་ས་མཐོ་ཆུ་གཙང་གི་གངས་རིའི་འདབས་རོལ་ནས་ཁྱིམ་གཞི་ཆགས་ཤིང་འཚོ་རྒྱུན་བསྐྱངས་པས་ན་གངས་རིའི་གདུང་རྒྱུད་ཅེས་ཡུལ་གྱི་ཁྱད་ཆོས་མིང་ཏུ་གྲུབ་པའི་མི་རིགས་ཤིག་ཡིན་པ་དང་། མི་ལོ་སྟོང་ཕྲག་དུ་མའི་འཚོ་སྡོད་བརྒྱུད་རིམ་ཁྲོད་ནས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྣ་སྒོ་མོ་ཡོད་ཚད་ཀུན་ནས་ཚང་ཡོད་ཀྱང་། ད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་ན་སྐུ་ཞབས་ནན་གོའི་(南郭先生)རྣམ་ཐར་སྐྱོང་བཞིན་པའི་ཡ་ང་བའི་སྣང་ཚུལ་འདི་ལའང་སྤྱི་སྡོམ་ཐེངས་གཅིག་དང་དེ་འབྲེལ་གྱི་སྡོམ་ཚིག་ཅིག་འགོད་པའི་ལས་གཞི་འདི་དུས་རབས་ཀྱིས་ང་ཚོར་སྤྲད་པའི་གཟུར་མེད་ཀྱི་འགན་འཁྲི་ཉག་གཅིག་མ་ཡིན་ནམ།
དངོས་ཡོད་འཚོ་གནས་དང་བོད་པའི་རིག་གནས་སེམས་ཁམས་ཀྱི་འགལ་འདུ།

རིག་གནས་ཞེས་པ་ནི་མིའི་རིགས་ཀྱིས་འཚོ་སྡོད་བརྒྱུད་རིམ་ཁྲོད་དུ་གསར་བསྐྲུན་བྱས་པའི་ཕྱི་རོལ་ཡུལ་གྱི་རྒྱུ་དངོས་རྫས་གསུམ་དང་ནང་སེམས་ཤེས་རིག་གི་ལོངས་སྤྱོད་བྱ་ཡུལ་གྱི་སྤྱི་མིང་ལ་ཟེར་ཞིང་། སྒོས་སུ་ཆོས་ལུགས་དང་ཚན་རིག སློབ་གསོ། རིག་རྩལ་སོགས་ནང་སེམས་ཤེས་རིག་གི་ཆ་དེ་གཙོ་བོར་འཛིན་པར་བཤད། རིག་གནས་གང་དེའི་ཐོག་མའི་འབྱུང་ཁུངས་ནི་དངོས་ཡོད་འཚོ་བའི་ཁྲོད་ནས་བྱུང་བ་ཤ་སྟག་ཡིན་ཞིང་མིའི་རིགས་ཀྱིས་བློ་གྲོས་རྩལ་གྱིས་ཞུན་བརྡར་ཡང་ཡང་བྱས་པ་བརྒྱུད་སླར་ཡང་དངོས་ཡོད་འཚོ་བར་སྣེ་སྟོན་དང་འཚོ་བ་ཉིད་ཕུམ་སུམ་ཇེ་ཚོགས་སུ་གཏོང་བའི་རིག་པའི་སྟོབས་ཤུགས་ཤིག་ཡིན་ན་མིའི་རིགས་ཀྱི་རིག་གནས་ནི་ནང་སེམས་ཀྱི་བག་ལ་ཞ་བའི་འདུ་ཤེས་ཙམ་པོ་བ་ཞིག་མིན་པར་འཚོ་བའི་ཞུན་ཐིགས་སམ་འཇིག་རྟེན་ལ་ཁ་ལོ་བསྒྱུར་བའི་ཁྱད་ནུས་བླ་ལྷག་ཐོན་པའི་དམིགས་ལྡན་འགུལ་བསྐྱོད་ཅིག་ཏུ་ཁོ་བོས་འདོད། དེ་ལྟ་ན་གངས་རིའི་གདུང་རྒྱུད་འདི་ལའང་ནང་བསྟན་རིག་གཞུང་སྲོག་ཤིང་དུ་གྱུར་བའི་རིག་གནས་ཆེ་ཆུང་བཅུའི་རྣམ་བཞག་འདི་ད་དུང་ཡང་གྲ་མ་ཉམས་ཟུར་མ་ཆག་པར་དུས་ཡུན་རིང་བོར་བོད་སྤྱི་ཚོགས་ཧྲིལ་བོའི་རིག་གནས་སེམས་ཁམས་ལ་ཁ་ལོ་བསྒྱུར་ཏེ་ད་ནི་ཕྱི་རོལ་འཇིག་རྟེན་གྱི་འཕེལ་རྒྱས་དང་ཁད་ཀྱིས་གྱེས་ཟིན་ན་རིག་གནས་ནི་སྤྱི་ཚོགས་ཀྱི་ཐོན་རྫས་ཤིག་ཡིན་པའི་ཆ་ནས་དུས་རབས་ཀྱི་འཕེལ་འགྱུར་དང་ངེས་པར་མཐུན་དགོས་ཤིང་མི་རིགས་གང་དེའི་འཕེལ་རྒྱས་ཀྱི་གོམ་འགྲོས་དེ་མི་རིགས་དེའི་རིག་གནས་སེམས་ཁམས་ཀྱིས་མངོན་པར་མཚོན་ཐུབ་པ་ཡིན། སྤྱི་ཚོགས་ཀྱི་གནས་བབས་མི་འདྲ་བ་དང་ཆབ་སྲིད་ལམ་ལུགས་ཀྱི་འགྱུར་ལྡོག་གིས་སྐབས་དེ་ཉིད་ཀྱི་རིག་གནས་སེམས་ཁམས་ལ་འཕོ་འགྱུར་གཏོང་གིན་ཡོད་ལ་མི་རིགས་ཀྱི་འཚོ་སྡོད་དང་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད་པ་ནི་བོད་བཙན་པོའི་རྒྱལ་རབས་སྐབས་དག་ཏུ་ཆབ་སྲིད་ཀྱི་དཔུང་གྲོགས་སུ་གྱུར་བའི་ཆོས་ལུགས་རིག་གནས་ཀྱི་འཕེལ་འགྱུར་དང་བོད་འབངས་བྱིངས་ཀྱི་འཚོ་བའི་འགྱུར་ལྡོག་གི་མེ་ལོང་ངོས་ན་གསལ་བོར་འཆར་ཡོད་པ་ནང་བཞིན་རེད།

བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བ་ནས་བཅིངས་གྲོལ་བར་གྱི་སྤྱི་ཚོགས་ཟིང་ཟིང་གི་དུས་སྐབས་ནི་བོད་ཀྱི་རིག་གནས(ནང་བསྟན་རིག་གཞུང)་འཕེལ་རྒྱས་ཀྱི་ཡང་རྩེར་སོན་པའི་སྐབས་ཤིག་རེད་ལ། དེ་ཡང་མཐར་གཏུགས་ནས་བཤད་ན་ཆབ་སྲིད་ལམ་ལུགས་དང་སྤྱི་ཚོགས་འཕོ་འགྱུར་གྱིས་བོད་མི་རིགས་ཀྱི་རིག་གནས་སེམས་ཁམས་ལ་གཡོ་འགུལ་བཏང་བ་དང་མི་དམངས་ཀྱི་འཚོ་བར་ན་ཟུག་སྦྱིན་པས་རིག་གནས་འཕེལ་རྒྱས་ཕྱིན་པའི་དན་རྟགས་རྣལ་མ་ཡིན། བཅིངས་གྲོལ་བྱས་ཚུན་དུ་མེས་རྒྱལ་གོང་བུ་གཅིག་གྱུར་གྱི་ཆབ་སྲིད་ལམ་ལུགས་འོག་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་ནང་བསྟན་རིག་གཞུང་གི་ཕྱི་མ་གཙོ་དོན་དུ་གཉེར་བའི་དད་པའི་ས་བོན་དེ་ཡང་བསྐྱར་བོད་མིའི་བརླན་གཤེར་གྱི་སེམས་ཁོང་ནས་རྩ་བ་ཟུག་ཅིང་རྩེ་མོ་རྒྱས་ཏེ་དངོས་ཡོད་ཐོན་སྐྱེད་འཚོ་བའི་འཕེལ་རྒྱས་དང་རིང་དུ་གྱེས་པ་རེད། ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་ཚན་རིག་གསར་བའི་ཚ་རླབས་ཐོད་ཀྱིས་འཕྱུར་ཏེ་རྒྱལ་དམངས་ཡོངས་ཀྱི་འཚོ་བའི་ཆུ་ཚད་དང་རིག་གནས་སེམས་ཁམས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཀྱང་རང་རེ་གངས་རིའི་གདུང་རྒྱུད་འདི་ཉིད་ད་དུང་སྲོལ་རྒྱུན་གྱི་རྨོངས་གཉིད་སྟུག་པོའི་ཀློང་ན་དག་ཞིང་གི་རྨི་ལམ་སྐྱིད་པོ་རྨིས་ཏེ་རང་སྣང་སྐྱིད་པོའི་སྔུར་བ་འཐེན་བཞིན་ལུས་པའི་ཞེ་མེར་བའི་སྤྱོད་ལམ་འདི་ལ་བསམ་བློ་གསར་བའི་ཅུང་བརྡ་ག་ཙམ་བསྒྲགས་ཀྱང་དེ་དག་ཐམས་ཅད་མ་རུང་གཏེ་བོའི་གཏོ་གྲལ་དུ་བརྫངས་ཏེ་ཕྱིར་འབུད་བཏང་བའི་རང་རིགས་ཀྱི་བསམ་བློ་བ་དང་རྩོམ་རིག་པ་གང་མང་ཞིག་ནོར་བུའི་ནོར་ངོ་མ་ཟིན་པར་འཁྲེང་སེམས་དང་ན་ཟུག་རུམ་ནས་བཞུད་པའི་དངོས་དོན་འདི་སུ་ལ་གསང་ཨང་གངས་རིའི་གདུང་རྒྱུད། དུས་སྐབས་ནམ་ཞིག་དང་སྤྱི་ཚོགས་(གྲལ་རིམ་གྱི་འགྱུར་ལྡོག)གང་ཞིག་ཡིན་རུང་རྩོམ་རིག་ནི་དངོས་དོན་འཚོ་བའི་གྲིབ་གཟུགས་ལྟ་བུ་སྟེ་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་གི་རྣམ་ཤེས་དེ་བརྗོད་བྱའི་དོན་གྱི་ལྷུམས་སུ་ཞུགས་ནས་ཕྱི་རོལ་ཡུལ་གྱི་དངོས་དོན་མཚོན་པར་བྱེད་པ་ཡིན་པས་འཚོ་བ་དང་ཐད་ཀར་འབྲེལ་ཞིང་ཐད་ཀར་དུ་འཚོ་བར་སྣེ་སྟོན་དང་ཞབས་འདེགས་བྱེད་པ་ཡིན། གངས་རིའི་ཞིང་ཁམས་འདི་ཉིད་ཀྱང་གནའ་དེང་རྩོམ་རིག་གི་བང་མཛོད་ཆེན་པོ་ཞིག་ཡིན་པ་གོར་མ་ཆག་ཀྱང་ང་ཚོས་རྩོམ་རིག་གིས་དངོས་ཡོད་འཚོ་བར་སྣེ་སྟོན་དང་ཞབས་འདེགས་ཞུ་བའི་ཕན་ནུས་གཞིར་བཟུང་སྟེ་བལྟས་ན་བོད་ཀྱི་རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་དང་དམངས་ཀྱི་རིག་གནས་སེམས་ཁམས་ལ་ཐེབས་འོས་པའི་ནུས་པ་དེ་རྦད་དེ་ཤོར་ཚར་འདུག དེ་ཡང་བོད་གནའ་རབས་རྩོམ་རིག(བསྟོད་ཚོགས་དང་རྣམ་ཐར། རྟོགས་བརྗོད། འཁྲབ་གཞུང་གཙོ་བྱས)་ལ་ཆ་བཞག་ན། བརྗོད་བྱའི་དོན་གྱི་སྙིང་བོ་ནི་སུ་དང་གང་དེའི་ངོ་མཚར་ཁྱད་བསྟོད་གཙོ་བོར་འཛིན་པ་དང་མཐར་ཐུག་གི་ཉིང་དགོས་ཀྱང་གང་དེའི་ཕྱི་བཞིན་འབྲངས་སྟེ་གསང་བ་ལྐོག་གྱུར་གྱི་གནས་ལུགས་ཤིག་ལ་བརྟེན་ནས་ནང་སེམས་ཀྱི་འཇིག་རྟེན་ལ་ཁ་ལོ་བསྒྱུར་རྒྱུ་དེ་ཡིན་པས་སྲོལ་རྒྱུན་མཐོ་རིམ་ཤེས་ལྡན་མི་སྣ་(ནང་བསྟན་དངོས་སློབ)དག་གི་ཁྱད་འཕགས་ཀྱི་ཤེས་རབ་བློ་ཡིས་སྤྱོད་ཡུལ་མ་གཏོགས་འཇིག་རྟེན་སོ་ཚིས་ལ་འབད་པའི་སྐྱེས་བུ་རྣམས་ཀྱིས་ངག་ནས་བཟློས་པ་ཙམ་དང་ཐོད་དུ་འཇོག་པ་ཙམ་ལས་དངོས་ཡོད་འཚོ་བའི་འཕེལ་རྒྱས་ལ་ཕྱོགས་སྟོན་གྱི་མཛུབ་མོ་བཀེར་ཐབས་བྲལ།

གཞན་ཡང་། སྲོལ་རྒྱུན་གྱི་ཆིངས་པ་ལས་གྲོལ་བའི་དུས་རབས་གསར་བའི་འཕེལ་འགྱུར་མངོན་པར་མཚོན་ཞིང་ཞེ་མེར་བའི་སྤྱི་ཚོགས་འཚོ་བར་སུན་འབྱིན་བྱེད་པའི་རིག་པའི་དཔའ་བོ་དོན་གྲུབ་རྒྱལ་གྱི་<<སྤྲུལ་སྐུ>>དང་སེམས་ཞིབ་མོས་དངོས་ཡོད་འཚོ་བར་མནོ་སེམས་དང་བློ་ཞིབ་མོས་རང་གནས་རིག་གཞུང་ལ་དབྱེ་ཞིབ་ཀྱིས་མི་རིགས་ཀྱི་དར་རྒུད་རང་སྲོག་བཞིན་གཅེས་བའི་དེང་རབས་བོད་ཀྱི་བསམ་བློ་བའམ་བོད་ཀྱི་ཤེར་རྟོགས་རིག་པའི་མཁན་པོ་འབྲོང་བུ་ཚེ་རིང་རྡོ་རྗེས<<སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་>>སོགས་ཚབ་མཚོན་རང་བཞིན་གྱི་ཤེས་ལྡན་མི་སྣ་དང་བརྩམས་ཆོས་དགོངས་དོན་བོད་ཆེན་པོའི་ཁམས་ཕར་ཞོག་ཐ་ན་ས་གནས་ཡུལ་གྱི་མྱ་ངན་ཐང་ནས་སྨུག་རླུང་གིས་ཁྱུར་མུད་དུ་བཏང་བ་འདིས་མཚོན། དུས་རབས་གསར་བའི་ཤེས་རིག་གི་སྐྱ་རེངས་དང་པོ་དཔྱོད་ལྡན་མི་བུས་བློ་གྲོས་རྩལ་གྱིས་བསུས་ནའང་རྫོངས་མཐུག་པའི་སྨུག་མུན་དེའི་ཀློང་ན་སྐྱུག་བྲོ་བའི་རྫིང་རུལ་ལྟར་འཁྱིལ་བའི་བོད་མིའི་སེམས་ཁམས་སྔར་བཞིན་རང་རློམ་གྱིས་བཟི་འདུག་པས་རྟ་རྔ་བཞིན་ཉག་ཕྲ་བའི་བོད་ཀྱི་དེང་རབས་རྩོམ་རིག་གི་སྤྱི་ཚོགས་གནས་བབས་དང་མདུན་ལམ་གནད་དོན་ཐད་ནས་ཁོ་བོས་འདི་ལྟར་འདོད་དེ། བོད་ཀྱི་རྩོམ་རིག་གིས་སྤྱི་ཚོགས་འཚོ་བར་ཕན་འབྲས་མངོན་གསལ་ཐོན་མི་ཐུབ་པའི་རྒྱུ་རྐྱེན་ནི་རྩོམ་རིག་བརྩམས་ཆོས་ཀྱིས་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱེད་མ་ནུས་པ་མ་ཡིན་ལ་བོད་ཀྱི་རྩོམ་པ་པོའི་དཔུང་སྡེ་གཉོམ་པའམ་ཡང་ན་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་གི་རྣམ་ཤེས་མ་ཞུགས་པ་དེ་ལས་ཀྱང་མིན་པར་གནད་དོན་གཙོ་བོ་ནི། ⑴དུས་བདེ་ཞོད་འཇགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱིས་དམངས་ཡོངས་ལ་བག་ལྷོད་དཀྱེལ་ཡངས་ཀྱི་ཁོར་ཡུག་ཅིག་བསྐྲུན་པས་རུས་རྐང་ལྷོད་པའི་བོད་པ་ཚོ་ཕྱི་རྣམ་འཚོ་བའི་རང་དབང་གིས་བཟི་སྟེ་རིགས་སྤྱིའི་མདུན་ལམ་གྱི་མིག་རྒྱང་རུབ་པ། ⑵ དཔལ་འབྱོར་དུས་རབས་ཀྱི་འགྲན་རྩོད་ཁྲོད་ནས་མི་སྒེར་གྱི་ཁེ་ཕན་ཁོ་ནའི་ཆེད་དུ་རིགས་རྒྱུད་རྩ་ལག་བོར་ཞིང་སྨྱོ་ཧམ་གྱི་མེ་རི་འཕྱུར་བས་སྒེར་འཛིན་གྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ། ⑶ མིག་སྔའི་འཚོ་སྡོད་གནད་དོན་ལ་གཡོལ་ཅི་ཐུབ་ཀྱིས་གཞན་རྗེས་ན་སྐྱག་སྦྲང་བཞིན་འཁོར་ཞིང་འགན་འཁྲིར་གཡོལ་བའི་ས་གནས་ལས་བྱེད་དཔུང་སྡེའི་དབང་ཤེད་ཀྱིས་དམངས་ཀྱི་བསམ་བློར་གོ་འཛོལ་ཐེབས་པ། ⑷ རྒྱུན་འཛིན་གྱི་རིན་ཐང་ཙམ་ལས་དངོས་ཡོད་འཕེལ་རྒྱས་ལ་སྣེ་སྟོན་གྱི་ནུས་པ་མེད་པའི་སྲོལ་རྒྱུན་ཤེས་རིག་གི་རྔམས་མཐུག་པས་རིག་གནས་གསར་བའི་འཇུ་སྟོབས་ཉམས་པ་དང་དེས་བསྐྱེད་པའི་རྙིང་ཞེན་མཁྲེགས་འཛིན་གྱི་བོད་མིའི་རིག་གནས་སེམས་ཁམས་ཀྱི་གནད་དོན་དེ ། མདོར་ན། མི་རིགས་དར་རྒུད་ཀྱི་གནད་དོན་མཐའ་དག་གི་རྒྱུ་རྐྱེན་མི་རིགས་གང་དེའི་རིག་གནས་ཀྱི་ཀློང་ནས་འཚོལ་དགོས་ཤིང་དངོས་དོན་འཚོ་བའི་ཁྲོད་ནས་ཞུན་བརྡར་ཡང་ཡང་བྱེད་དགོས་པ་ཡིན་པས་དུས་རབས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་ཡ་ང་བའི་སྣང་ཚུལ་འདིར་དཔལ་དོན་གྲུབ་རྒྱལ་གྱིས་བ་ཚའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད་ཅེས་པའི་སྙན་ཚིག་འདིས་འཐུས་པར་བྱའོ། དེས་ན་གནད་འགག་གི་སྐབས་འདིར་གང་ཞིག་ཕྱིར་དབྱུང་དང་གང་ཞིག་ནང་འདྲེན་བྱ་རྒྱུ་ནི་ང་ཚོ་གཞོན་རབས་རྣམས་ཀྱི་ཕྲག་ཏུ་བབས་པའི་གཟུར་མེད་ཀྱི་འགན་འཁྲི་ཉག་གཅིག་མ་ཡིན་ནམ།

བོད་པའི་མི་གཤིས་དང་འཚོ་གནས།

མི་གཤིས་ཞེས་པ་ནི་འགྲོ་བ་མིའི་རིགས་ཀྱིས་རྒྱུན་ལྡན་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཕྱིར་མངོན་པའི་རང་སྟེང་གི་ཐུན་མིན་གྱི་གཤིས་ཀ་དང་ནུས་སྟོབས། ཕྱི་དོན་ལ་བཟུང་བའི་རྣམ་འགྱུར་དང་སྤྱོད་སྟངས་སོགས་ཁྱད་རྟགས་དུ་མའི་སྤྱི་མིང་ལ་ཟེར་ཞིང་། འཛམ་གླིང་གི་མི་རིགས་སོ་སོས་རང་རང་གི་རིག་གནས་སེམས་ཁམས་དང་ཐུན་མིན་ཁྱད་ཆོས་གཞིར་བཟུང་ནས་ཆེ་བརྗོད་ཀྱི་སྡོམ་ཚིག་རེ་བཀོད་ཡོད་དེ། རང་རེ་གངས་རིའི་གདུང་རྒྱུད་འདི་གནའ་སྔ་མོ་ནས་གཞུང་རྒྱུད་དྲང་ཞིང་ལས་ལ་བརྩོན་པ། དཔའ་མཛངས་རྟུལ་ཕོད་ཀྱི་མི་རིགས་ཤིག་ཡིན་པར་བཤད་ཀྱང་། དེ་ཡང་དགེ་སྡུག་ལས་འབྲས་དང་ཕྱི་མ་གཙོ་དོན་དུ་གཉེར་བའི་གནའ་རབས་རིག་གཞུང་བསམ་བློའི་བགས་ཆགས་ཀྱིས་ནུས་མེད་གཉོམ་ཆུང་དང་སངས་རྒྱས་བསྟན་པའི་གོ་ཆ་བཀླུབས་པའི་དབང་སྒྱུར་གྲལ་རིམ་ལ་བློ་དཀར་དགོས་པའི་ཆབ་སྲིད་བསྐྱེད་འདུ་ཤེས་བསྐྱེད་པ་དང་( གལ་སྲིད་ཆབ་སྲིད་ཀྱི་ལག་རྟེན་དུ་མ་གྱུར་བའི་ནང་བ་སངས་རྒྱས་པའི་རིག་གཞུང་རྐྱང་ཐད་ཀྱི་གཞན་དོན་དུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣལ་མ་དེ་བོད་པའི་མི་གཤིས་ཀྱི་སྲོག་ཤིང་དུ་གྱུར་བ་ཡིན་ན་དེ་ནི་འཇིག་རྟེན་སྟེང་ཆེས་ཕུལ་དུ་བྱུང་བའི་ཀུན་སྤྱོད་ཀྱི་རྩེ་མོ་ཡིན་ངེས་ལ་འཛམ་གླིང་ཕན་བདེའི་གཞི་མ་ཡིན་པར་ཁ་ཚོན་བཅད་ཆོག་མོད། འོན་ཏེ་དངོས་དོན་གྱིས་བདེན་དཔང་བྱས་པ་ནི་ཆོས་ལུགས་ཀྱིས་ཆབ་སྲིད་ལ་ཞབས་འདེགས་ཞུས་པ་དེ་རེད། ) ཞིང་བྲན་ལམ་ལུགས་ཀྱི་གཉའ་གནོན་བཤུ་གཞོག་འོག་ཏུ་འབངས་མི་སེར་སྐྱ་རྣམས་ཀྱིས་སུག་བཞི་འཐབ་སྟེ་རང་ཁ་གསོ་དགོས་པའི་ཁར་ཁྲལ་དང་འུ་ལག་རྒྱུགས་དགོས་པས་སྤྱི་ཚོགས་འཚོ་བའི་སྡུག་ལས་ཀྱི་བྲན་གཤིས་བསྐྱངས་པ་རེད་ལ།མཐོ་རིམ་ཤེས་ལྡན་མི་སྣས་རིག་གནས་སྒེར་སྡོམ་བྱས་ཏེ་འབངས་མི་བྱིངས་ཀྱི་རིག་གནས་བྱང་ཚད་ལ་ཚོད་འཛིན་ཐེབས་པས་དཔོན་པོའི་ཅི་གསུངས་བཀའ་དང་བླ་མའི་ཅི་གསུངས་ཆོས་སུ་སྒོམ་ནས་རྨོངས་འཐོམས་ཧོལ་རྒྱུག་གི་གཤིས་རྒྱུད་གྲུབ་པ་མ་ཡིན་ནམ།

སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མི་གཤིས་ལ་འགྱུར་ལྡོག་འབྱུང་བ་ནི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཡིན་ལ། ལྷག་པར་དུ་དུས་རབས་ཉེར་གཅིག་ནི་ཕྱོགས་གཅིག་ནས་འཛམ་གླིང་གི་ཆབ་དཔལ་རིག་གསུམ་ཕན་ཚུན་ལ་སྐུལ་འདེད་དང་རོགས་འདེགས་སྒོས་ཆ་འཕྲིན་ཐོན་ཁུངས་ཐུན་མོང་གིས་ལོངས་སུ་སྤྱད་དེ་གོ་ལ་ཟླུམ་པོའི་འཆམ་མཐུན་འཕེལ་རྒྱས་ལ་ཁ་ཕྱོགས་པའི་ཞི་མཐུན་དཀྱེལ་ཡངས་ཀྱི་དུས་རབས་ཤིག་དང་ཕྱོགས་གཞན་ཞིག་ནས་འགྲན་རྩོད་ཀྱི་ཚ་རླབས་དྲག་ཏུ་འཕྱུར་བའི་དུས་རབས་ཤིག་ཀྱང་ཡིན་པས་ང་ཚོས་ཡང་བསྐྱར་འཚོ་སྡོད་གནད་དོན་དང་ཐད་ཀར་དུ་འབྲེལ་བའི་བོད་པའི་མི་གཤིས་ལ་གདེང་འཇོག་བྱེད་རན་པས་ན་ཁོ་བོའི་བསམ་ཚུལ་ལ་ཚན་རྩལ་གསར་བའི་འདུ་འགོད་ཀྱི་ཡོ་ལང་འཁྲིགས་པའི་དུས་རབས་འདིའི་ནང་གི་སྤྱི་ཚོགས་ཀྱིས་ཕྱིར་འབུད་གཏོང་ཉེ་བའི་བོད་པ་ཚོ་ནི་མདུན་བསྐྱོད་ཀྱི་མིག་རྒྱང་ཐུང་ཞིང་དངོས་ཡོད་འཚོ་བར་འགན་ཁུར་གྱི་འདུ་ཤེས་མེད་པ། རང་རིགས་རིག་གནས་ལ་སྙིགས་དོར་བཅུད་ལེན་གྱི་བློ་སྤོབས་མེད་པའི་མི་རིགས་ཤིག་སྟེ། དེ་ཡང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་མིག་མཐོང་ལག་ཟིན་དུ་གྱུར་བའི་སྐྱུག་བྲོ་བའི་བོད་པ་ཚང་གི་དངོས་དོན་འགས་མངོན་པར་མཚོན་ཐུབ་སྟེ། ⑴ མི་རིགས་ཀྱི་ལ་རྒྱ་དང་ཕུ་ནུའི་མཐུན་སྒྲིལ་མ་ནི་འདོན་འདོན་བྱེད་ཞོར་དུ་མདའ་མདུང་གྲི་གསུམ་རང་རིགས་ཀྱི་སྟེང་དུ་གཏད་པའི་ས་རྩོད་ཆུ་རྩོད་ཀྱི་དོན་རྐྱེན་བསྟུད་མར་བྱུང་བ་འདིས་དཔལ་འབྱོར་སྤྱི་ཚོགས་ཁྲོད་ཀྱི་རང་ཁེ་རང་ཕན་གྱི་འདོད་ཧམ་ཕྱིར་བརྟོལ་བ་མ་ཡིན་ནམ། ⑵ བྱམས་དང་སྙིང་རྗེའི་སྒམ་སེམས་ཀྱིས་རྒྱགས་ཀྱང་རང་གི་སྒོ་ཟོག་བརྒྱ་ཕྲག་དུ་མ་བཤས་རར་བདས་པ་འདི་ཕྱི་མའི་གེགས་སུ་འགྲོ་བའི་སྡིག་ཉེས་བསམས་པ་ཡིན་ནམ་ཡང་ན་འགྲན་རྩོད་ཀྱི་དུས་རབས་ནང་དུ་ཕྱུགས་རིགས་འཚོ་སྐྱོང་གི་འཇོན་ནུས་ཙམ་མ་གཏོགས་མེད་པའི་རྩམ་སྐྱའི་ཁུག་སྟོང་ཕྱིར་སློག་པ་ཡིན། ⑶ ལས་དང་རྒྱུ་འབྲས་གླེང་ཞོར་ངན་ཁག་ཡོད་ཚད་གཞན་ལ་དཀྲི་བའམ་རང་གི་འདོད་བློ་དང་མཐུན་པའི་གནས་ལུགས་རྫུན་མས་རང་ལུགས་སྐམ་པོ་སྒྲུབ་པར་གོམས་པའི་དུས་རབས་སྔོན་མའི་བསམ་ཤེས་རྒན་པོའི་ཚོགས་རྣམས་ཀྱིས་དེང་རབས་གཞོན་ནུའི་བསམ་བློའི་སྒྲོག་ཁ་གཅུན་ཏེ་ན་གཞོན་ལས་ཤོར་བ་འབོར་ཆེན་ཐོན་སྐྱེད་བྱས་པས་དངསོ་ཡོད་འཚོ་གནས་ཁྲོད་དུ་ནུས་མེད་ཅོལ་ཆུང་གི་གཤིས་རྒྱུད་བསྐྱངས་པ་མ་རེད་དམ། ⑷སྐྱེ་འགྲོ་ཀུན་གྱི་འདས་མ་ད་གསུམ་གྱི་བྱ་བཞག་དང་མདུན་ལམ་ཡོད་ཚད་སྔ་མོ་ནས་སུ་ཞིག་གིས་བཀོད་སྒྲིག་བྱས་ཟིན་པར་རློམ་པའི་ལས་དབང་གི་རྨུ་ཐག་རིང་མོ་ད་དུང་མ་ཆོད་པར་མིག་མདུན་གྱི་གནད་དོན་མཐའ་དག་ལ་གཞོལ་བའི་འུ་ཐུག་གི་གདམ་ང་སྟེ། མདོར་ན། སྤྱི་ཚོགས་ཀྱི་ལས་སྒོ་སོ་སོ་ན་བོད་པ་ཚང་གི་སྐྱུག་བྲོ་བའི་གཤིས་རྒྱུད་ལྷང་ལ་བུད་ཡོད་པ་འདི་ནི་སྟོབས་ལྡན་རྒྱལ་ཁབ་དག་གི་དཔལ་འབྱོར་ཉམས་ཉེན་ལས་ཀྱང་ཆེས་འཇིགས་སུ་རུང་བའི་བོད་པ་ཚང་གི་ཀུན་སྤྱོད་ཀྱི་ཉམས་ཉེན་ཞིག་མ་ཡིན་ནམ།

འཕེལ་རྒྱས་ཁྲོད་ཀྱི་བླ་སྲོག་གི་འཇིག་ཉེན།

སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་རྨ་ཀླུང་སྒེག་མོའི་བཞུར་རྒྱུན་བཞིན་ནམ་ཡང་ཕྱིར་ལྡོག་མེད་པ་ཞིག་ཡིན་ལ་ལོ་རྒྱུས་ཀྱང་ནམ་ཡང་ལོ་རྒྱུས་སྟེ་ལོ་རྒྱུས་ཀྱི་རྨི་ལམ་དེ་ཡང་བསྐྱར་མངོན་འགྱུར་བྱེད་རྒྱུ་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འགལ་བ་ཞིག་ཀྱང་ཡིན་པས་ང་ཚོས་ལོ་རྒྱུས་ཁྲོད་ཀྱི་ལོ་ཚིགས་ལ་དཔྱད་པ་དང་སྐྱེས་མཆོག་སུ་ཡི་མཛད་རྗེས་ལ་བསྟོད་གླུ་ལེན་པ་ལས་ཕམ་ཁའི་ན་ཟུག་ཐེར་འདོན་དང་རྒྱལ་ཁའི་ཉམས་མྱོང་བསྡུ་ལེན་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཡིན་ན་ལོ་རྒྱུས་ཀྱིས་ང་ཚོར་གནངས་བའི་བསླབ་བྱ་ནི་མི་རིགས་ཤིག་གི་ཆགས་འཇིག་ནི་སྐད་དང་ཡི་གེར་ཐུག་ཡོད་ཅིང་མི་རིགས་གང་དེའི་འཕེལ་རྒྱས་ནི་རིག་གནས་སློབ་གསོར་རག་ལས་པ་དེ་ལགས་པས་གནད་འགག་གི་སྐབས་འདིར་ང་ཚོ་མི་སྒེར་རེ་རེས་ཀྱང་རང་ཉིད་མི་རིགས་འདིའི་ཁོངས་མི་ཡིན་པའི་བསམ་བློ་སྔོན་དུ་བཏང་ནས་རིགས་སྤྱིའི་མདུན་ལམ་དང་འཕེལ་རྒྱས་ལ་དོ་ཁུར་བྱེད་རྒྱུ་ནི་གནད་ཀྱི་དམ་པར་འཁུམས་སོ།།

རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་བ་དང་སྒེར་དེབ། འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག

qrcode_for_gh_24a680a08df5_430

Authentic Coach Signature Pleated East West Gallery Purse Review
VIDEO PORNO XXX it could indicate a issue with your thyroid or pcos

Louis Vuitton Fall 2013 Ready
Gowns Online Shop You know how some people laugh when they're scared

Fresh Ways to get Short Sale Leads
VIDEOS PORNO If you use similar multiples to the recent J Crew buyout

Tips on How to Look Smaller
Free Games be creative through the process of competing form shape gaming titles

is it hot enough for you
pornos where to find reduced branding garment

How to Select the Right Replica Handbag for Every Occasion
free xxx But Najika refuses to give up for one reason

Raul Torres es muy fabuloso
Tube XXX other mutants

How to Wear Skinny Jeans as a Guy
Darmowe Porno How to become a model is a dream of many young women
བསྟོད།9

抱歉,评论已关闭!