གཤིབ་བསྡུར་ཁྲོད་ནས་བར་ཁྱད་རྟོགས་པ།

གཤིབ་བསྡུར་ཁྲོད་ནས་བར་ཁྱད་རྟོགས་པ།

བོད་སྐད་བཤད།

ཁྲི་འདུ་རུ་ད་བར་ཐེངས་མང་པོར་འགྲོ་མྱོང་ཡོད་པས།དང་ཐོག་གི་ས་རྒྱུས་ཅུང་ཙམ་མེད་པ་ནས་ད་ལྟའི་ཁྱབ་ཁུངས་ཆུང་ས་ཞིག་ཏུ་གར་འགྲོ་གར་འདུག་གི་རྒྱུས་ལོན་ཡོད་པའི་བར།ང་རང་ཐོག་མའི་ཨ་ཀོ་སྨན་དུ་སྟོན་པར་ཕྱིན་པ་དང་དེ་ནས་གཟབ་སྦྱོང་།དེ་ལྟར་དོན་ཆེ་ཆུང་མང་པོ་ཞིག་གིས་གྲོང་ཁྱེར་ཆེན་པོ་འདི་རུ་ཐེངས་མང་པོར་ཐོན་པས།ཐོག་དང་པོའི་ཅ་ལག་ཡོད་ཚད་ལ་མཚར་སྣང་ནས་རྒྱུན་ལྡན་ལྟར་ལྟ་བ།དེ་ནས་ཡིད་སྨོན།རིམ་བཞིན་མི་རིགས་གཉིས་ཀྱི་ཁྱད་བག་ལ་གཤིབ་བསྡུར་བྱས་འོང་དུས།མཐར་རང་སེམས་དམར་བོ་འདི་སྐྱོ་གདུང་དྲགས་པོ་ཞིག་གིས་མནན་བྱུང་།

གཅིག བོད་ཟས་ཁང་གི་མཐོང་ཐོས།

༼༡༽ཞབས་ཞུ་བ་དང་བོད་ཟས།

ཉི་མ་འགའི་སྔོན་དུ་ང་རང་དགའ་རོགས་སྨན་དུ་སྟོན་པར་ཁྲི་འདུ་རུ་བསྐྱོད་པ་ཡིན།ཞོགས་པའི་ཆུ་ཚོད་བཅུ་པ་ནས་ལམ་ལ་ཆས་ཏེ་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཡས་མས་ཤིག་ཏུ་ཁྲི་འདུར་འབྱོར།ལམ་ཐག་ཅུང་ཙམ་རིང་བས་ངེད་གཉིས་ཀྱིས་ཐོག་མར་མགྲོན་ཁང་ཞིག་བཙལ་རྗེས་དེ་ནས་ཟ་ཁང་དུ་ཟ་མ་བཟའ་རུ་འགྲོ་བའི་གྲོས་ཆོད་བྱས།ཡར་མར་ཡུན་རིང་ཞིག་བགྲོད་རྗེས་ངེད་གཉིས་ཀྱི་མཐུན་རྐྱེན་དང་བསྟུན་པའི་མགྲོང་ཁང་ཞིག་བོད་ཁྲོམ་གྱི་སོའུ་ཧན་ཤར་ཁྲོམ་དུ་བཙལ་རྙེད་བྱུང་རྗེས་ཞག་སྡོད་བྱས།

དེ་ནས་གཙང་དོར་ཞིག་བྱས་རྗེས་ངེད་གཉིས་མགྲོན་ཁང་ནས་སྨི་ཉིས་བརྒྱ་ཙམ་གྱི་མཚམས་སུ་གྲོང་ཁྱེར་འདི་རུ་སྐད་གྲགས་ཅུང་ཙམ་ཡོད་པའི་བོད་ཟས་ཁང་ཞིག་ཏུ་ཟ་མ་བཟའ་རུ་ཕྱིན་པ་ཡིན།བོད་ཟས་ཁང་དེ་ནི་དྲྭ་ཐོག་དང་བོད་ཀྱི་གཞོན་སྐྱེས་མང་པོས་གདེང་འཇོག་ཚད་མཐོན་པོ་འཇོག་ས་ཞིག་ཡིན་པས།ང་རང་རེ་སྒུག་ཁྱད་མཚར་ཞིག་གིས་དཀྲིས་ཏེ་མྱུར་གྱིས་ཟ་མ་ཞིག་ཁ་ནང་དུ་མྱངས་ན་བསམ་པའི་འདུན་པ་དྲགས་པོ་ཞིག་ཐོན་བྱུང་བས།ནང་དུ་འཛུལ་མ་ཐག་འདུག་ས་ཞིག་བཙལ་རྗེས་མྱུར་གྱིས་ཟས་རིགས་གང་མཁོ་བདམས་པ་ཡིན།

ཞབས་ཞུ་བའི་སྐད་ལ་ཉན་ན་ཕ་ཡུལ་སྡེ་དགེ་ནས་རེད་འདུག་ལ།ཞབས་ཞུའི་རྣམ་འགྱུར་ཡང་ཤིན་ཏུ་ལེགས་པོ་འདུག ངས་བསམ་རྒྱུར།ཟ་ཁང་འདི་མིང་དུ་གྲགས་པ་ཡང་དེ་དང་མཚུངས་པའི་ཆ་རྐྱེན་ཡོད་འདུག དངོས་ནས་བོད་ལ་མཚོན་ན་དགའ་འོས་པ་ཞིག་རེད་སྙམ་པ་ཡིན།དེ་ནས་དགའ་རོགས་ངེད་གཉིས་ཀྱིས་རང་གི་འདོད་མོས་དང་མཐུན་པའི་ཟས་རིགས་འགའ་བདམས་རྗེས།ངས་དཔེ་ཁྲིའི་སྟེང་ནས་དཔེ་ཆ་འགའ་བླངས་ནས་རགས་ཙམ་བལྟས་པ་ཡིན།དུས་ཚོད་ཆེར་སྒུག་མ་དགོས་པས་ངེད་གཉིས་ཀྱིས་བདམས་པའི་ཟས་རིགས་རིམ་བཞིན་དུ་ཐོན་སོང་།

ཟས་རིན་ཅུང་ཆེ་མོད།ཟ་མར་ཁྱད་ཆོས་ལྡན་ན་ལོས་ཡིན་སྙམ་ནས་ཟ་མ་རིམ་བཞིན་བཟས་མོད།མི་ཚོས་བཤད་པ་ལྟ་བུའི་བྲོ་བ་ཞིག་ཚོར་ཐུབ་མ་བྱུང་།རེད་དེ་ངའི་ཚོར་མྱོང་དེ་ནི་སྤྱིར་བཏང་གི་ཚད་ཐིག་ལས་བརྒལ་ནས་བཤད་པ་ཡིན།རྒྱུ་མཚན་བསྟོད་བསྔགས་ནི་སྤྱིར་བཏང་གི་ར་བས་ལས་བརྒལ་ཡོད་པས་ཡིན།དེ་ལྟར་ཟ་མ་རིམ་བཞིན་ཐོན་བྱུང་བས་ངེད་གཉིས་ཀྱིས་ཀྱང་བྲོ་བ་མྱོང་ནས་ཐ་མའི་ཟོག་ཤ་བཙོས་མ་ལ་བསྒུག་པ་ཡིན།ཟོག་ཤ་བཙོས་མ་ཡུད་ཙམ་འགོར་རྗེས་ཐོན་མོད།ངས་བོས་པའི་ཟོག་ཤ་བཙོས་མ་ནི་ཟོག་ཤ་བརྔོས་མར་གྱུར་འདུག་པས་མྱུར་གྱིས་ང་ལ་མཁོ་བ་དེ་མིན་ལུགས་ཁོ་ཚོར་བཤད་པ་ཡིན།འོན་ཀྱང་།ཞབས་ཞུ་བས་ཁོས་གོ་ནོར་བྱས་པ་ཡིན་ཤས་ཆེ་ཙམ་བརྗོད་པ་ལས།དགོངས་དག་དང་ཟ་མ་བརྗེ་བའི་བྱེད་རྩོལ་ཅིའང་བྱས་མ་སོང་བས།གོང་ནས་རྣམ་འགྱུར་ལེགས་པའི་ཞབས་ཞུ་ནི་རྣམ་འགྱུར་ཙམ་ཡིན་པ་ལས།དངོས་ནས་སེམས་གཏིང་ནས་མགྲོན་པོ་ཡར་ལ་བཞག་པའི་ཞབས་ཞུའི་ཚད་ལ་ཞབས་ཞུ་བ་འདི་ཚོ་ཐོན་མེད་པ་རྟོགས་སོང་།

ངེད་གཉིས་ཁྲི་འདུ་ལ་འབྱོར་བ་ཅུང་ཙམ་ཕྱི་དྲགས་པ་དང་།དེ་ནས་མགྲོན་ཁང་བཙལ་བ།བྱི་དོར་བྱས་པ་སོགས་ཀྱིས་དུས་ཚོད་ངེས་ཅན་གཟད་སོང་བས།བོད་ཟས་ཁང་དེ་ནས་ཟ་མ་བཟའ་དུས་དུས་ཚོད་དགུ་དང་བཅུ་ཡས་མས་ལ་ཐུག་འདུག་པས་ཟ་མ་བཟའ་མཁན་ངེད་གཉིས་ལས་མི་འདུག ངེད་གཉིས་ཀྱིས་དལ་མགྱོགས་མེད་པར་ཟ་མ་བཟས་ཏེ་དཀྱིལ་ཙམ་ལ་སླེབས་དུས།ཁོ་ཚོས་ཟ་ཁང་དུ་རྡུལ་ཕྱག་སོགས་ཀྱི་གཙང་སྦྲ་བྱ་མགོ་བཙུགས་སོང་།དེ་ནས་མུ་མཐུད་དུ་ཞབས་ཞུ་བ་ཚོའི་སྐད་སྒྲ་ཇེ་ཆེར་ཕྱིན་ལ།ལན་རེར་ཟ་མ་ལས་ཤག་ཏུ་སྣུབས་སྦུད་པའི་སྦུད་སྐད་ཀྱང་གྲག་བྱུང་བས་ཟ་མ་མུ་མཐུད་དུ་བཟའ་བའི་ཡི་ག་གཏིང་ནས་འཕྲོག་སོང་།དེ་དུས་དྲྭ་ཐོག་ཏུ་བརྒྱུད་ཀྱིན་པའི་བསྟོད་ཚིག་དེ་དག་ནི་གནས་ཚུལ་གང་འདྲའི་འོག་ནས་བྱུང་བ་ཡིན་པའི་དོགས་སྣང་སྐྱེས་བྱུང་།དེ་གྲོགས་པོའི་ངོས་ཐད་ནས་བྱུང་བ་ཡིན་ནམ་ཟ་མའི་ངོས་ཐད་ནས་བྱུང་བ་ཡིན།ཡང་ན་ཞབས་ཞུ་བའི་ཚད་ཐིག་གི་ངོས་ནས་བྱུང་བ་ཡིན།གང་ལྟར་ངས་ནི་རེ་སྒུག་ཆེན་པོ་ཞིག་བཟུང་ནས་ཟ་ཁང་འདིར་ཡོང་བ་དང་ཕམ་སེམས་ལྕི་མོ་ཞིག་བཟུང་ནས་ཟ་ཁང་དེ་ནས་བྲལ་དགོས་བྱུང་།

གལ་ཏེ།ཟ་ཁང་དེ་ལ་བསྟོད་བསྔགས་ཀྱི་ཚིག་ཀ་དེ་དག་མེད་ན་ངས་ཀྱང་ཟ་ཁང་དེ་ལ་རེ་བ་ཆེན་པོ་ཞིག་འཇོག་མི་སྲིད།རེད་དེ།ང་ཚོ་བོད་ལ་སྤྱིར་བཏང་བའི་བོད་ཟས་ཁང་མང་དྲགས་པས་ཟ་ཁང་སྒེར་ལ་ཁྱད་ཆོས་ཡོད་ས་ཞིག་བཙལ་ཐབས་བྲལ།དེའི་ཕྱིར།ལེགས་པོ་གཅིག་ཡོད་ན་ངས་དེ་དངོས་ནས་ལེགས་པོ་ཞིག་འཁྱོངས་བའི་རེ་བ་ཞུ་ལ།ཁྱད་ཆོས་ཡོད་ས་གཅིག་ཡོད་ན་ངས་དེ་མི་རིགས་ཀྱི་བོད་ཟས་ཁང་གི་ཚབ་མཚོན་དུ་འགྱུར་བར་འབོད་སྐུལ་ཞུ།ཡིན་ནའང་།ཟ་ཁང་དེ་ནས་ཕྱི་ལ་འབྱོར་རྗེས་བསམ་བློ་མང་པོ་ཞིག་བཏང་མཐར།ངས་ཟས་ཁང་དེའི་གྱང་ངོས་སུ་བཀལ་བའི་བོད་ཀྱི་ཅ་ལག་དེ་ཚོ་ལས་ཁྱད་ཆོས་གཞན་པ་ཞིག་རྙེད་ཐུབ་མ་བྱུང་།ཟ་ཁང་དེའི་ཟ་མ་དང་ཞབས་ཞུ་བའི་རྣམ་འགྱུར།བྱིས་པ་ཚོའི་འཛེར་སྐད་ཅི་རིགས་ལ་བསམ་བློ་བཏང་ཡང་།ཟ་ཁང་དེ་ནི་དངོས་ནས་བསྟོད་བསྔགས་དེ་ཚོའི་པང་བ་རུ་ཉལ་ན་འོས་འཚམ་མིན་པའི་ཚོར་བ་བྱུང་།

༼༢༽བོད་སྐད་མི་བཤད་པའི་བྱིས་པ་དེ་ཚོ།

ཞོར་ནས་སྐད་ཆ་ཉུང་ཙམ་ནི་འདི་ནས་ངེས་པར་དུ་བཤད་དགོས། ངེད་གཉིས་ཀྱིས་ཟ་མ་བཟའ་སའི་བོད་ཟས་ཁང་དེ་རུ་བྱིས་པ་མང་པོ་ཞིག་རྩེད་མོ་རྩེ་བཞིན་འདུག བྱིས་པ་དེ་ཚོ་ལོ་བཞི་ནས་བཅུ་ལྷག་གི་མཚམས་སུ་ཡོད་ཅིང་ལ་ལས་ཁ་པར་གྱི་རོལ་རྩེད་རྩེ་བཞིན་འདུག་ལ།ལ་ལས་རྒྱ་སྐད་ཀྱི་ལམ་ནས་ཁ་ཤག་རྩོད་ཀྱིན་འདུག གལ་ཏེ་མཚམས་མཚམས་ཀྱི་བོད་སྐད་གཅིག་གཉིས་རེ་མེད་ན།དངོས་ནས་བྱིས་པ་དེ་ཚོ་བོད་ཀྱི་བྱིས་པ་དག་དག་ཡིན་པའི་ངོས་གཏན་ནས་ཟིན་མི་ཐུབ།འདས་པར་བོད་གདོང་མར་ཟེར་མོད་དེ་ནི་འཁོར་ཡུག་ཙམ་གྱི་རྐྱེན་ཡིན་ཤས་ཆེ་བས་དེང་སང་ཉི་མའི་འོད་ཟེར་མངོན་མི་མངོན་ཙམ་ཡིན་པའི་རྒྱ་ནག་གི་གྲོང་ཚོ་དེ་དག་ཏུ་བོད་ཀྱི་བྱིས་པ་ཚོའི་གདོང་གི་ཁྲག་ཐུགས་ཀྱང་སྐམ་འདུག

བོད་ཀྱི་མི་མང་པོ་ཞིག་རྒྱ་ནག་གི་གྲོང་ཆེ་ཆུང་མང་པོར་ཡོང་ནས་ལས་ཀ་འདྲ་མིན་ཅི་རིགས་ལ་ཞུགས་ཏེ་རང་རང་གི་ས་རུ་དམིགས་ཡུལ་འདྲ་མིན་སྣ་ཚོགས་བཟུང་ནས་ལས་བརྩོན་བྱེད་ཀྱིན་ཡོད་མོད།ཞོར་ནས་རང་དང་བྱིས་པའི་མི་ཚེ་དང་རིགས་ཀྱི་འདུ་ཤེས་དང་བྲོ་བ་འགྱུར་གྱིན་ཡོད་མེད་ཤེས་རྒྱུ་ནི་དངོས་ནས་གལ་ཆེན་པོ་རེད།བྱིས་པ་དེ་ཚོས་རྒྱ་སྐད་དག་དག་ལས་བོད་སྐད་ཅིའང་འཁྱོངས་ཀྱིན་མེད་པར་བལྟས་ན།བྱིས་པ་དེ་ཚོའི་ཕ་མ་ཚོས་བྱིས་པའི་སློབ་གསོ་དང་རིགས་ཀྱི་འདུ་ཤེས་ལ་བརྩི་མཐོང་བྱེད་ཀྱིན་མེད་པ་གསལ་བོར་རྟོགས་ཐུབ།

གཞན་ས་ནས་ཚུགས་ཐུབ་མིན་གྱི་གནད་རྩ་ནི་འཚོ་ཐུབ་མིན་དང་འཚོ་བ་སྟོབས་ཆེ་ཆུང་ཡིན་མིན་གྱི་ཁྱད་པར་མ་རེད།དེའི་གནད་རྩ་ནི་གཞན་ས་ནས་རང་གཞན་ལ་མི་འགྱུར་བའི་སྲ་ཚུགས་སྐྱོང་རྒྱུ་ནི་ད་གཟོད་ཚུགས་ཐུབ་པའི་བདེན་རྟགས་ཡིན།ང་ཚོའི་བོད་མི་རིགས་ཀྱི་ལས་བྱེད་པ་དང་ཚོང་བ་སོགས་གཅིག་རྗེས་གཅིག་གིས་གྲོང་ཁྱེར་བསྙེགས་ཏེ་དེང་རབས་ཀྱི་འཚོ་བ་རོལ་གྱིན་ཡོད་མོད།མི་དེ་ཚོའི་ཁྲོད་ཀྱི་འགའ་ཤས་མ་གཏོགས་གཙོ་ཆེ་བ་རྒྱ་རུ་འགྱུར་ནས་མི་རབས་འགའ་སོང་རྗེས་བོད་ཀྱི་དྲི་ཙམ་ཡང་མཆེད་ཐུབ་ཀྱིན་མེད།འདི་ནི་མི་རིགས་ཤིག་ལ་མཚོན་ན་ཅི་འདྲའི་ཕམ་ཁ་ཅན་གྱི་དོན་དག་ཅིག་མ་རེད་དམ།

ལྷག་པར་དུ་བོད་ཀྱི་དྲི་མ་རབ་ཏུ་མཆེད་ཀྱིན་པའི་སྡེ་དགེ་རྫོང་གི་མི་བུ་ཞིག་ཡིན་ན།དེ་ལས་ལྷག་པར་དུ་མི་འོས་པ་ཞིག་རེད།བྱིས་པ་དེ་ཚོ་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་འདི་ནས་སློབ་གྲྭར་བསྐྱལ།དེ་ནས་རྒྱ་ཡིག་སྦྱོང་ཞིང་དེང་རབས་ཀྱི་རིག་གནས་ལ་བྱང་ཆ་ཐོབ་རུང་།མཐར་བོད་སྐད་སློབ་སའི་ཁོར་ཡུག་ནི་གཉོམ་པོ་ཞིག་ཡིན་པས།བྱིས་པ་ཚོས་རང་ཤུགས་ཀྱིས་ཐོག་མར་ངོས་ཟིན་པའི་ཡི་གེ་གཙོ་བོར་བྱ།དུས་དེ་ན།ཕ་མ་རྣམས་ཀྱིས་བྱིས་པ་རྒྱ་ཡིག་རྒྱ་སྐད་ལ་སློབ་པར་བསྐུལ་ཞིང་།བྱིས་པ་ཚོས་ཀྱང་ཉིན་རེ་ནས་ཉིན་རེར་བོད་སྐད་བརྗེད་ཅིང་རྒྱ་སྐད་སྨྲས་སྨྲས་མཐར།རྗེས་ནས་ལས་ཞུགས་ཀྱི་ཆེད་དུ་བོད་ཡུལ་དུ་བསྐྱོད་ཀྱང་དེ་ཙམ་ཡིན་པས།འཚོ་བའི་ཆེད་དུ་མི་རིགས་གཞན་ལ་འགྱུར་བ་ནི་འཚོ་གནས་ཀྱི་ཐོག་མའི་ཆ་རྐྱེན་ལྟ་བུར་གྱུར་བ་རེད།

དེས་ན།སྔོན་ཞིག་བོད་ཡིག་སློབ་གྲྭ་རུ་ཡོད་དུས།དགེ་རྒན་ཞིག་གིས་ང་ཚོར་གཞན་མི་རིགས་ལ་འགྱུར་མི་རུང་བའི་གདམས་ངག་གནང་ཞིང་།དེ་དང་མཐུན་པའི་དཔེ་ཞིག་ཀྱང་བཞག་སོང་བ་ངའི་སེམས་སུ་ཝ་ལེར་དྲན་བྱུང་།།ཁོང་གིས་ལི་ཐང་གི་ཁྱིམ་ཚང་ཞིག་ཕྱི་རྒྱལ་དུ་སོང་སྟེ་གནས་ཆགས་པ་པ་དང་།དེ་ནས་དེ་རུ་བྱིས་པ་གཉིས་ཕྱི་གླིང་གི་སློབ་གྲྭ་རུ་རིག་གནས་སློབ་ཏུ་བཅུག འོན་ཀྱང་།བྱིས་པ་དེ་གཉིས་ཁྱིམ་དུ་སླེབས་རྗེས་ངེས་པར་དུ་བོད་སྐད་དག་མ་བཤད་དགོས་པའི་འཆར་གཞི་ཡོད།ཁྱིམ་ནས་ཕྱི་སྐད་ཚིག་གཅིག་བཤད་ན་དེ་དང་མཐུན་པའི་ཆད་པ་ཡོད་ལ།བོད་སྐད་ཚིག་གཅིག་ལེགས་པར་མ་འཁྱོངས་དུས་དེ་ལ་གདོང་གཏད་ཀྱི་སྒྲིག་ཁྲིམས་ཡོད།ཁོར་ཡུག་ཡོད་ཚད་མི་རིགས་གཞན་པ་ཞིག་གིས་ཟིན་ཡོད་དུས་ཐབས་ཤེས་དེ་འདྲ་སྤྱོད་ལུགས་ནི་ཕ་ཡུལ་དང་མི་རིགས་ལ་བཅིང་བའི་དགའ་མོས་དེ་ཧ་ཅང་མཐུག་པོ་ཞིག་ཡོད་པས་རེད་ཅེས་གསུང་བའི་གཏམ་དེ་ངའི་ཀླད་པར་ད་དུང་ཡང་གསལ་བོར་ཡོད་པས།གཞན་གྱི་ས་ཁུངས་ནས་རང་གི་རིག་གནས་དང་མི་རིགས་ལ་བདག་གཉེར་བྱ་བ་ནི་ཁྲིམས་འགལ་དང་རྗེས་ལུས།མ་རུང་བ་ཅི་ཡང་མིན་ལ།དེ་ནི་ཁྲག་དང་ཤ་རུས་ལ་གོ་བརྡ་སྤྲད་ཚུལ་ཞིག་དང་མི་རིགས་དང་མི་རབས་ལ་མི་རྒྱུད་སྤྲོད་ཚུལ་ཞིག་ཅིས་མ་ཡིན།

གཉིས་པ།སྨན་ཁང་དུ་སོང་བའི་མྱོང་ཚོར།

དགོང་མོའི་བོད་ཟས་ཕམ་སེམས་ཀྱི་ཤུགས་རིང་ཤིག་གིས་མུད་པ་ནས་ལྟོ་བར་བརྫངས་རྗེས་མལ་ས་ནས་གཉིད་ལམ་གྱི་ངལ་གསོ་ཞིག་བྱས་རྗེས།ཕྱི་ཉིན་ཞོགས་པའི་དུས་ཚོད་དྲུག་ཡས་མས་ནས་ཡར་ལ་ལངས་ཏེ་ངེད་གཉིས་ཧྥ་ཤྰིས་བུད་མེད་དང་བྱིས་པའི་སྨན་ཁང་དུ་བསྐྱོད་པ་ཡིན།ངེད་གཉིས་སྨན་ཁང་དུ་འབྱོར་དུས་དུས་ཚོད་ཞོགས་པའི་དྲུག་ཕྱེད་ལས་མིན་མོད།མི་མང་པོའི་གྲལ་ནི་མཚན་གཅིག་ཏུ་བསྒྲིགས་པ་ལྟ་བུའི་རིང་ཞིང་མང་བས་ཉིན་དེའི་ཨང་ཀི་ཡང་བཀལ་ཐུབ་མིན་གནད་འགག་ཅིག་ཡིན་པས།ངེད་གཉིས་མྱུར་དུ་ཕྱོགས་གཉིས་ཀྱི་རང་འདུན་ཞབས་ཞུའི་འཕྲུལ་ཆས་སྔོན་གྱི་མི་དེ་ཚིའི་མཇུག་ཏུ་བསྒྲིགས་ཏེ་ཨང་ཀི་དགོད་པར་བསྒུགས་པ་ཡིན།

དུས་ཚོད་ནི་ནུད་ཀྱིན་འདུག་པ་དང་མཚུངས་ལ།མི་ཚོགས་ནི་འཕྱུར་གྱིན་པ་ནང་བཞིན་སྨན་ཁང་གི་ཕྱི་ནང་ཀུན་ཏུ་རྒས་འཁོགས་དང་བྱིས་པ།ན་གཞོན་དང་དར་མ།སྐྱེས་པ་དང་བུད་མེད་སོགས་ཀྱི་སྐད་སྒྲས་མྱུར་ཚབ་དང་འགྲན་རྩོད་ཀྱི་མཁའ་དབུགས་ཀྱང་ཉུང་ཞིང་རྒྱུ་ཐབས་མེད་པ་ཞིག་ཏུ་བསྒྱུར་གྱིན་འདུག ད་རུང་ཡང་ལམ་ཆེན་གྱི་སྟེང་ནས་ཁྱུ་དང་ཁྱུ་བྱས་ཏེ་ཤ་ཐོག་ཏུ་མཆོངས་པ་ལྟ་བུའི་ནད་པ་འོང་གིན་འདུག་ལ།ང་ཚོའི་གྲལ་མཇུག་ཏུ་ཁྲུང་ཁྲུང་ལྷོ་ལ་འཕུར་བ་ལྟ་བུའི་གྲལ་རིང་པོ་ར་བའི་དཀྱིལ་དུ་སྒྲིག་གིན་འདུག

ནད་པ་འདི་འདྲའི་མང་པོ་ཞིག་གིས་སྨན་ཁང་ཞིག་ལ་ཡིད་ཆེས་བཅོལ་ནས་སླེབས་ཀྱིན་པ་ནི་ཅི་འདྲའི་དུས་ཚོད་རིང་བོ་དང་སྨན་པ་ལེགས་གྲས།སྨན་གཡོག་རབ་གྲས།སྨན་ཐབས་རྩེ་གྲས་སོགས་ཀྱིས་འབད་པ་བརྒྱུད་དེ་ཐོབ་པ་མ་ཡིན་ནམ།ངས་ནད་པ་མང་པོའི་རེ་བའི་མིག་ཟུངས་སྨན་ཁང་དེ་ལ་གཏད་ཀྱིན་འདུག་དུས།ད་ལྟ་མི་རིགས་ས་ཁུལ་གྱི་ཁུལ་སྨན་ཁང་དུ་ཡོད་པའི་ངའི་ཨ་མ་ལགས་དང་དེ་དང་འདྲ་བའི་ནད་པ་མང་པོ་ཞིག་བློ་ཡུལ་ནས་དྲན་འོང་།ཉི་མ་འགའི་སྔོན་གྱི་གནས་ཚུལ་ཞིག་གིས་ང་ད་བར་དུ་བློ་སེམས་འཚབ་ཚུབ་ཏུ་གཏོང་གིན་འདུག ངས་སྨན་པ་ཞིག་ལ་དྲི་བ་སླ་མོ་ཞིག་ལས་ཅིའང་མ་དྲིས་མོད།སྨན་པ་དེས་ནད་པ་ཚོས་ཚོར་ན་ཡིད་སེམས་དངངས་བའི་དྲི་ལན་ཞིག་ང་ལ་སྟེར་སོང་།

ཉིན་དེར་ངའི་ཨ་མའི་རྐང་པར་ཀྲུང་ལུགས་ཀྱི་སྨན་བཅོས་བྱེད་ཀྱིན་ཡོད་ལ།དུས་ཚོད་དེར་ཏག་ཏག་ཨ་མའི་པུས་མགོ་རུ་སྨན་པ་ཞིག་གིས་སྦྱར་སྨན་སྦྱར་གྱིན་འདུག ངས་སྨན་པ་ལ་དྲིས་རྒྱུར།སྦྱར་སྨན་འདི་པུས་མོར་སྦྱར་ན་ཕན་ཐོགས་ག་འདྲ་ཡོད་པ་རེད་ཅེས་བཤད་པ་ཡིན།ཁོས་ང་ལ་དེ་ངས་མི་ཤེས།ང་ཚོ་ཚང་མ་སློབ་གྲྭ་ནས་དུས་ཚོད་གཟད་དེ་ཡོང་བ་ཡིན་ཞིང་ང་ཡང་གཟབ་སྦྱོང་སློབ་མ་ཞིག་ཡིན་ཞེས་ལན་བཏབ་པས།ངས་ཡང་བསྐྱར་ཁྱེད་རང་སློབ་གྲྭ་གང་ནས་ཡིན་ཞེས་དྲིས་པ་ན།ཁོས་ང་ལ་འདི་ནས་བར་ཐག་ཅུང་མི་རིང་བའི་སྨན་པའི་སློབ་གྲྭ་ནས་ཡིན་ཞེས་ལན་བཏབ་སོང་།གནས་ཚུལ་དེ་བྱུང་རྗེས་ནས་བཟུང་ང་སྨན་ཁང་འདི་རུ་གཟབ་སྦྱོང་ཙམ་དང་དུས་ཚོད་འཁྱོལ་ཐུབ་བྱ་བའི་སྨན་པ་ག་ཚོད་ཡོད་པར་ཐེ་ཚོམ་སྐྱེས་པ་ཡིན།གནས་འདི་རུ་ཡོང་མཁན་གྱི་ནད་པ་གཙོ་ཆེ་བ་ནི་བོད་པ་ཡིན་ལ།བོད་ཀྱི་ཡང་རྒྱ་སྐད་ཆེར་མི་ཤེས་མཁན་དང་གནས་གཞན་པར་འགྲོ་གོབ་མེད་མཁན་སོགས་ཡིན་པས།སྐད་ཆ་འགའ་རེ་མ་གསང་བར་བཤད་ན།ལ་ལ་སྨན་ཁང་འདི་ཙམ་ལས་འགྲོ་གོབ་མི་ཆོད་པས་ཡིན་ལ།ལ་ལ་སྨན་ཁང་འདི་ཙམ་ལས་ཆ་རྐྱེན་གྱིས་མི་འཁྱོངས་བས་ཡིན།མདོར་ན།སྨན་ཁང་འདི་རུ་ཐེངས་རེར་ནད་གཡོག་མའི་མིག་སྡང་དང་གཏམ་ངན་བཟོད་དགོས་འབྱུང་ལ།ཐེངས་རེར་སྨན་པ་ཚོའི་ཡི་མི་རངས་བའི་ངོ་མདངས་དང་ཞེ་མི་དགྱེས་པའི་ཚིག་ཟུར་བསྲོན་དགོས་འབྱུང་།

དགའ་རོགས་ངེད་གཉིས་ཀྱིས་དུས་ཚོད་གཅིག་ཙམ་ལ་གྲལ་བསྒྲིགས་མཐར་ཨང་དགོད་བྱ་ཐུབ་ཞིང་གོ་རིམ་རེ་རེ་བཞིན་བརྒྱུད་རྗེས།ཕྱི་དྲོའི་དུས་ཚོད་ལྔ་ཡས་མས་ལ་བརྟག་དཔྱད་ཡོད་ཚད་བྱས་ཚར།དེ་ནས་ཕྱི་ཉིན་ཡང་བསྐྱར་ཨང་དགོད་བྱས་ཤིང་སྨན་པར་བརྟེན་རྗེས་སྨན་ཁང་ནས་སྨན་འགའ་བླངས་རྗེས་ཐེངས་འདིའི་སྨན་བསྟེན་རྫོགས་པར་བྱས།ཡིན་ནའང་།འདི་འདྲའི་ནད་སླ་མོ་ཞིག་ཏུ་དེ་འདྲའི་བར་ཐག་རིང་བོ་ཞིག་བརྒྱུད་དེ་ཡོང་དགོས་དོན་ཅིའི་ཕྱིར་ཡིན་ཞེ་ན།དེ་ནིི་ང་ཚོའི་རང་ཡུལ་གྱི་སྨན་པ་ཚོའི་ནད་བརྟག་ཤེས་བྱ་འབྲིང་ཙམ་ཡིན་ཞིང་།ནད་ཆེ་ཆུང་ཅི་ཡིན་རུང་ཐོག་མར་སྨན་ཁང་དུ་ཞག་སྡོད་སོགས་ཀྱི་དོན་གནད་ཆུང་ཆུང་ཞིག་ལ་གོ་རིམ་རྙོག་འཛིང་བརྒྱུད་དགོས་པས་ཡིན།

ཧྥ་ཤྰིས་སྨན་ཁང་དུ་ངས་བོད་པ་འགའ་རེ་ཡང་མཐོང་སོང་།དེ་ཚོ་ཡང་ཕ་ཡུལ་དང་རྒྱང་ཐག་བཀྱེད་དེ་གྲོང་ཁྱེར་འདི་ནས་སྨན་ཁང་འདི་གཙོ་བོར་བཟུང་ནས་ཡོང་བ་རེད།གལ་ཏེ།ང་རང་ཚོའི་ཕ་ཡུལ་དུ་སྨན་ཁང་འདི་འདྲའི་ལེགས་གྲས་ཤིག་ཡོད་ན་བོད་མི་མང་པོ་ཞིག་གི་ཆུང་དཔལ་འབྱོར་དང་ཆེ་ནད་ངན་ལ་ཅི་འདྲའི་ཕན་ཐོགས་ཨང་།བོད་མི་མང་པོ་ཞིག་གནས་འདི་རུ་རྒྱ་སྐད་ཀྱི་གོ་བརྡ་འཕྲོད་མི་འཕྲོད་དང་།དཔལ་འབྱོར་གྱི་ཆ་རྐྱེན་ཚང་མི་ཚང་གི་སྒོ་ནས་སྨན་ཁང་གི་བར་གསེང་ཀུན་ཏུ་རྒྱུ་བཞིན་ཡོད་དུས།ང་ཚོའི་ཕ་ཡུལ་གྱི་མགོ་ཁྲིད་མི་སྣ་དང་སྨན་ཁང་གི་བརྟག་དཔྱད་ལག་རྩལ་དང་སྨན་བཅོས་ལག་རྩལ་སོགས་ལ་ཞན་ཆ་ག་འདྲ་ཞིག་ཡོད་པ་ནི་བཤད་མི་དགོས་བཤམས་ཏེ་ཡོད་པ་ཞིག་ཅིས་མ་ཡིན།

དེ་རིང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཀྲུང་གོ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཇེ་བཟང་ཡིན་པ་དང་།མི་རིགས་ས་ཁུངས་ཀྱི་གནས་ཚུལ་ནི་རིམ་བཞིན་དཔལ་འབྱོར་གྱི་ལྟེབ་ཁུག་དང་འགྲོགས་ཏེ་གོང་དུ་འགྲོ་བཞིན་ཡོད་དུས།ས་གནས་མི་རིགས་ཀྱི་བདེ་ཐང་གི་གཏད་སོ་སྨན་ཁང་ནི་ཕྱི་འཛུགས་སྐྲུན་རྒྱ་ཆེ་ཞིང་ནང་ལག་རྩལ་འཐུས་ཚང་མོད།སྨན་ཁང་གི་གཙོ་སྙིང་སྨན་པ་དང་སྨན་གཡོག་གི་ཞབས་ཞུ་ནི་སྔར་བཞིན་རྗེས་སུ་ལུས་ཀྱིན་ཡོད་དུས།ང་ཚོས་དོ་གཅིག་ཏུ་ས་གནས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ས་གནས་མི་དམངས་ཀྱི་བདེ་ཐང་ལ་བཟུང་བའི་ལྟ་ཚུལ་ལ་དོགས་པ་མི་ཟ་ཐབས་མེད་རེད།

སྤྱིར་རྒྱལ་ཁབ་ཀྱི་སྲིད་ཇུས་ནི་མི་སྒེར་གྱི་བསམ་བློ་མཐོ་དམན་དང་བསྡུར་ནས་གནས་སོ་སོ་རུ་ལག་བསྟར་བྱ་བཞིན་ཡོད་པས།དེང་ཐོག་གི་རྨ་བྱ་སྒྲོ་ཡག་པེ་ཅིན་ཁྲང་ཨན་ནས་ཆས་ཏེ་ཡོང་ཞོར་གནས་རེ་རེ་བརྒྱུད་དུས་སྒྲོ་རེ་རེ་ཆད་ཅིང་།རི་རེ་རེ་བརྒལ་དུས་སྤུ་རེ་རེ་འཐོར།མཐའ་མར་མི་རིགས་ས་ཁུལ་དུ་ཐོན་དུས་དེང་ཐོག་གི་རྨ་བྱ་སྒྲོ་ཡག་དེ་ད་ལྟའི་རྨ་བྱ་སྒྲོ་ཆད་སྤུ་ཟད་དུ་གྱུར་ནས།གཟུགས་འདྲ་རུང་འདྲ་བ་ཙམ་དང་དོན་མཚུངས་རུང་མཚུངས་པ་ཙམ་དུ་འགྱུར་གྱིན་ཡོད།དེའི་ཕྱིར།ང་ཚོ་བོད་པས་རྒྱལ་ཁབ་སྤྱི་དང་མི་རིགས་སྤྱིའི་ཆེད་དུ་འཇམ་པོའི་ཞུ་བ་དང་བཟང་བོའི་བསམ་འཆར་མཉམ་མཐུན་གཅིག་སྒྲིལ་གྱིས་དབུ་ཁྲིད་ཚང་མར་ཞུ་དགོས།

གསུམ་པ།གློག་བརྙན་ཁང་དུ་བསྐྱོད་པའི་མྱོང་ཚོར།

༼༡༽སྡེབ་ཚོང་ཚོང་རར་བསྐྱོད་པ།

དགའ་རོགས་ངེད་གཉིས་ཀྱིས་ཉི་མ་གཉིས་ལ་སྨན་བསྟེན་བྱས་རྗེས་ཉིན་གསུམ་པར་ཁྲི་འདུ་གྲོང་གི་སྡེབ་ཚོང་ཆེན་པོ་བྱ་སའི་ཧྭི་ཧྰ་ཁྲུ་རུ་ཅ་ལག་འགའ་ཉོ་རུ་ཕྱིན་པ་ཡིན།གནས་དེ་ནི་ཅ་ལག་འདྲ་མིན་སྣ་ཚོགས་སྡེབ་ཚོང་བྱ་ས་ཞིག་ཡིན་པས་མི་ཚོགས་ཀྱང་གྲོག་ཚང་ནང་བཞིན་ཤིན་ཏུ་མང་པོ་འདུག ཁྲོམ་གྱི་ཕྱོགས་སོ་སོར་ཁག་དང་ཁག་བྱས་ཏེ་ཅ་ལག་བཙོང་གིན་པས་ཅི་ཞིག་ཉོ་དགོས་རུང་མང་ཉོ་བྱས་ན་རིན་གོང་སྟབས་བདེས་ལོན་ཐུབ་པས།ཚོང་ར་འདི་ནི་ང་ཚོ་བོད་ཀྱི་ཡུལ་དུ་ཡོད་པའི་ཚོང་པ་ཚོའི་རེ་བའི་ཉི་ཟེར་འཁྱིལ་ས་དང་ཚོང་གི་ཁེ་སྤོགས་རག་ས་དེ་ཡིན་ཤས་ཆེ།

སྡེབ་ཚོང་ཁྲོམ་ཆེན་དེ་རུ་དཔེ་ཆ་བཙོང་སའི་སྡེབ་ཚོང་ཁང་བརྩེགས་ཆེན་པོ་ཞིག་འདུག གནས་དེ་ན་བོད་ཡིག་ཕུད་པའི་དཔེ་ཆ་འདྲ་མི་འདྲ་ཀུན་ཡོད་ཅིང་རིན་གོང་ཡང་ཤིན་ཏུ་སླ་མོས་ཉོ་ཐུབ།དེ་ཡིན་པས་ཉོ་མཁན་ཡང་ཧ་ཅང་མང་ཞིང་བཙོང་མཁན་ཚོའི་ངོ་གདོང་ལས་ཀྱང་སྤྲོ་བའི་འཛུམ་མདངས་མཚམས་དང་མཚམས་བྱས་ཏེ་མཐོང་རྒྱུ་འདུག དུས་དེར་ང་ཚོའི་བོད་ཡིག་དཔེ་སྐྲུན་ཁང་དང་དཔེ་མཛོད་ཁང་གང་ནས་བོད་ཡིག་ཅིག་ཉོ་དགོས་རུང་རིན་གོང་ཕབས་གཅོག་དམའ་བའི་རྒྱུ་མཚན་ཡང་རྟོགས་སོང་།

དངོས་ནས།འཛད་སྤྱོད་པ་མང་ཉུང་ནི་ཚོང་དང་བཙོང་བྱའི་ཅ་ལག་གང་རུང་དར་འཕེལ་འགྲོ་མིན་ལ་འབྲེལ་བ་དམ་པོ་འདུག་ཨང་།རྒྱ་ནག་གི་མི་གྲངས་མང་ཞིང་འཛད་སྤྱོད་པ་མང་བས་ཅ་ལག་ཉོ་ཚོང་གང་གི་རིགས་ཡིན་རུང་ཧ་ལས་དར་འཕེལ་འགྲོ་ཐུབ་ཀྱིན་འདུག བོད་ཀྱི་ཡུལ་སོ་སོ་ན་ཡོད་པའི་ཚོང་པ་ཆེ་ཆུང་དེ་དག་ལས་གཙོ་ཆེ་བ་རྒྱ་མི་དང་དེའི་འཛད་སྤྱོད་པ་རྒྱ་བོད་གཉིས་ཀྱིས་ཁྱབ་ཡོད་པས།ཉོ་ཚོང་གང་ཐད་ནས་བཤད་ན་རྒྱ་བོད་མི་རིགས་ཀྱི་འཚོ་བའི་ཡར་རྒྱས་ཐད་དུ་རོགས་གདན་ཆེན་པོ་བྱེད་བཞིན་ཡོད།དེའི་ཕྱིར།ངའི་བསམ་པ་ཞིག་ལ།གྲོང་ཞིག་གི་གཙོ་ཆེ་བ་རིགས་ག་གེ་མོའི་ཚོང་རས་ཁྱབ་ཆེ་དུས།གནས་དེའི་སྟོབས་ཤུགས་སམ་འཚོ་བའི་ཁ་ཕྱོགས་ཀྱང་དེ་ལ་འགྱུར་འགྲོ་བ་རེད།དེ་ནི་ངང་ངམ་ཡང་ན་རིམ་བཞིན་འཚོ་བའི་ཕྱོགས་སོ་སོར་བྱུང་བའི་དཔལ་འབྱོར་གྱི་དབང་བསྒྱུར་ཟེར་བ་དེ་ཅིས་མ་ཡིན།

དེས་ན།ང་ཚོ་བོད་དུ་ལོ་རེ་ལ་རྒྱལ་ཁབ་ཀྱི་གནང་སྦྱིན་ལ་ཁ་གདངས་ཏེ་ནམ་ཟླ་འཁྱོལ་མཁན་ག་ཙམ་ཡོད་པ་དང་།ཉིན་རེ་བཞིན་གཞན་གྱི་གནང་འགྱེད་ལ་རེ་སྒུག་གིས་འཚོ་ཞིང་ལེ་ལོ་ཡིས་མནན་པའི་མི་དམངས་ག་ཚོད་ཡོད།ལན་རེར།ང་ཚོས་བསམ་བློ་གཏོང་དུས་ང་ཚོ་ནི་གཞན་གྱིས་གནང་བའི་སྒོར་མོ་ལ་བརྟེན་ནས་རང་ཁ་གསོ་བཞིན་ཡོད།མདོར་བཤད་ན།རྒྱལ་ཁབ་ཀྱིས་ང་ཚོ་གསོ་བཞིན་ཡོད་ལ།ང་ཚོས་ས་གནས་ཀྱི་ཚོང་པ་ཆེ་ཆུང་དེ་ཚོ་གསོ་བཞིན་ཡོད།ས་གནས་ཚོང་པ་ཚོས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྐྱོང་གིན་ཡོད།དེ་ལྟར་གོ་རིམ་བཞིན་བསྐྱོད་དུས་ང་ཚོ་བོད་ནི་འགུལ་མེད་གྲག་མེད་དུ་ཁ་ཟས་ལོན་གྱིན་པའི་ལས་བཟང་གཅིག་པུ་དེ་རེད།

ངས་བསམ་ན།ང་ཚོས་རང་ཁ་རང་གིས་གསོ་དགོས།བོད་ཀྱི་ཡུལ་སོ་སོར་དར་གྱིན་པའི་དར་སྲོལ་ངན་པ་མང་པོ་ཞིག་མེད་པར་གཏོང་དགོས།གཅིག་ནི་གཞན་བརྟེན་གྱི་གཤིས་ཀ་དང་།གཉིས་ནི་ཅོལ་ཆུང་སྟེ།སྒོར་མོ་ཁ་གསོ་བྱེད་ཙམ་ལས་མེད་རུང་།མི་ཚོགས་ལ་ཐུན་མོང་དུ་ཡོད་པའི་ངན་གཤིས་ཤིག་གིས་བསླུས་ཏེ།སྒོར་ཁྲི་ཚོ་མང་པོ་དགོས་སའི་རླངས་འཁོར་རེ་དང་ཁ་པར་འདྲ་མིན་སྣ་ཚོགས་རེ་བུ་ལོན་ལ་བླངས་རྗེས།དོན་ཡོད་མེད་གང་དང་ཐ་ན་ཁྱིམ་མཚེས་ཕན་ཚུན་ལ་འགྲོ་རེས་བྱ་དུས་ཀྱང་རླངས་འཁོར་སྐོར་གྱིན་ཡོད་ལ།འབྲེལ་བ་བཟོ་དགོས་མི་དགོས་གང་ཡིན་རུང་ཁ་པར་ངོས་སུ་ཅེར་ནས་ནམ་ཟླ་གཟད་ཀྱིན་ཡོད།དེ་ལྟར་ཉིན་རེ་བཞིན་ཁེ་ཁ་མེད་པའི་ལག་ཚོང་རེ་དང་སྙིང་བོ་མེད་པའི་ཅ་ལག་རེ་ཉོས་ཏེ་བསྡད་ཡོད།འོན་ཀྱང་།མཐར་བྱས་བྱས་རྗེས་སྒོར་ཁྲི་ཚོ་དང་ཁྲི་ཚོ་ཕམ་གྱིན་ཡོད་ལ།ཁྱིམ་གྱི་ཅ་ནེ་ཚུན་ཆུད་ཀྱང་བུ་ལོན་སྟོན་མོར་བརྫངས་ནས་ཐ་མར་མལ་ས་ནས་ལུས་པོ་འགེབ་བྱེད་ཀྱི་མལ་ཁེབས་ཙམ་ཡང་མེད་པ་འདི་ཚོ་ནི་ཅི་འདྲའི་བསམ་བློ་མེད་པའི་བྱ་སྤྱོད་རེ་རེད་ཨང་།

ང་ཚོས་ངེས་པར་དུ་བྱ་བ་བསྒྲུབ་དགོས།ལས་ལ་མི་བརྩོན་པའི་མི་རིགས་ལ་སྐད་ཆ་བཤད་པའི་ཐོབ་ཐང་མེད་ལ།བྱ་བ་མི་བསྒྲུབ་པའི་མི་རིགས་ལ་ངུ་འབོད་བྱ་སའི་ས་ཆ་ཡང་མེད།དེ་ནི་གོ་ལ་འདིའི་འགྲོ་ལུགས་དང་འཚོ་ཐབས་ཡིན།ལས་རན་དུས་མི་གཅིག་ཀྱང་མེད་ཅིང་ཟ་རན་དུས་ཚང་མ་གོར་གོར་བྱས་ཏེ་འཛོམས་ཡོང་བའི་མི་རིགས་ནི་འཛམ་གླིང་གིས་ནམ་ཡང་རྗེས་སུ་སྐྱུར་ངེས།དེས་ན།ང་ཚོས་ཚོང་ལས་གཉེར་དགོས་ཤིང་ཡར་མར་གང་ལའང་བགྲོད་པའི་སྤོབས་སེམས་དང་རྩོལ་བ་ཡོད་དགོས།

ངེད་གཉིས་ཁྲོམ་བར་ནས་ཡར་མར་འགྲོ་དུས་བྲེལ་འཚུབ་ཀྱིས་ཁེངས་བའི་མི་རིགས་འདི་ལ་ཡིད་སྨོན་ཤོར།ཁོ་ཚོའི་དམིགས་ཡུལ་གང་ཡིན་རུང་ཐག་ཞོར་འབྲང་དྲུད་བྱས་པ་ནང་བཞིན་རྒྱ་མི་རིགས་ཀྱི་སྟོབས་ཤུགས་ཁོ་རང་ཚོའི་འཚོ་ཐབས་དང་འགྲོགས་ཏེ་གྱེན་དུ་མཆོངས་ཀྱིན་ཡོད།དེས་ན།ང་ཚོ་ནི་དངོས་ནས་སད་རྒྱུ་མེད་པའི་མི་རིགས་ཡ་རབས་ཤིག་མ་རེད་ཨང་།ནམ་ཡང་འདོད་ཆུང་ཆོག་ཤེས་ལ་ཁ་གཡར་ཞིང་སངས་རྒྱས་ཆོས་ལུགས་ཀྱི་མིང་དྲུད་དེ་སྒྱུད་ལུག་ངང་རང་ས་རང་ཡུལ་གྱི་རང་ས་དྲོན་མོར་གནས་འདུག་ཨང་།

༼༢༽སྐར་མ་གོ་ལའི་འཁྲིག་ཆེན།

ངེད་གཉིས་ཀྱིས་ཅ་ལག་ཚང་མ་ཉོས་ཚར་རྗེས་དུས་ཚོད་ནི་ཕྱི་དྲོའི་ལྔ་པ་ཡས་མས་སུ་ཐུག་འདུག་པས།ཕར་བོད་ཁྲོམ་དུ་འགྲོ་བའི་གྲ་སྒྲིག་བྱས།ཡིན་ནའང་།ངེད་གཉིས་བསྐྱོད་པའི་ལམ་བར་ནས་གློག་བརྙན་ར་བ་རུ་འབྱོར་བས།ཉེ་ཆེར་སྐད་གྲགས་ཆེ་བའི་ཨ་རི་ནས་བུད་པའི་ཚན་རྟོག་གློག་བརྙན་༼༼སྐར་མ་གོ་ལའི་འཁྲིག་ཆེན༽༽་ཞེས་བྱ་བ་གཏོང་གིན་འདུག་པར་ལྟ་འདོད་ཤིན་ཏུ་ཆེ་རྐྱེན།དགའ་རོགས་དང་གྲོས་བྱས་ཏེ་གློག་བརྙན་འཛིན་བྱང་ཉོས་ཤིང་མྱུར་གྱིས་གློག་བརྙན་ར་བ་རུ་བསྐྱོད་པ་ཡིན།

༼༼སྐར་མ་གོ་ལའི་འཁྲིག་ཆེན༽༽་ཞེས་པའི་གློག་བརྙན་གྱི་སྔུན་དུ་ད་རུང་ལེའུ་དྲུག་ཡོད་ཅིང་།གློག་བརྙན་དེ་ནི་ཨ་རི་ནས་གདེང་འཇོག་ཚད་མཐོན་པོ་ཡོད་ཅིང་ཚན་རྟོག་རང་བཞིན་ཅན་གྱི་འགྲོ་གྲོན་དང་ལག་རྩལ་ཕོན་ཆེ་བ་བཏང་བའི་གློག་བརྙན་ཞིག་ཡིན།གློག་བརྙན་དེ་ནི་ཨ་རི་ནས་ལོ་གསུམ་ཙམ་ལ་འཛིན་ཁེ་བཟུང་བའི་༼༼ཨྰ་ཧྥན་ཏྰ༽༽་ལས་བརྒལ་ཞིང་ཨ་སྒོར་དུང་ཕྱིར་བདུན་ཡས་མས་ཀྱི་ཡོང་སྒོ་ལོན།དེ་ལས་ཀྲུང་གོ་རུ་གློག་བརྙན་དེ་བསྟན་རྗེས་ཉི་མ་གཉིས་ཙམ་ལ་དམངས་སྒོར་དུང་ཕྱིར་གསུམ་ལས་བརྒལ་ཞིང་བཞི་ལ་ཉེ་བའི་འཛིན་ཁེ་ཐོབ།

ངས་བལྟས་ཀྱིན་བལྟས་ཀྱིན་ཨ་རི་བའི་སྙིང་སྟོབས་ལ་བསམ་བློ་ཤོར།འདི་འདྲའི་རྒྱ་ཆེ་བའི་གློག་བརྙན་ཞིག་ཏུ་མི་དང་འགྲོ་སོང་།དུས་ཚོད་སོགས་ཅི་འདྲའི་མང་པོ་ཞིག་བཏང་ཡོད་ཨང་།གློག་བརྙན་ནང་གི་བརྙན་ལེན་སྟངས་དང་འཆར་འགོད་བྱ་ཚུལ།གནས་རེ་རེའི་རྟོག་བཟོ་སོགས་ལ་བལྟས་ཡོང་དུས་ཨ་རི་བའི་མི་ནི་ལུས་ཕུང་ཙམ་ཆེ་བ་མ་ཡིན་པར།ཁོ་ཚོའི་བསམ་བློ་དེ་ལས་ཀྱང་རྒྱ་ཆེན་པོ་འདུག ཐོག་མར་བསམ་ཕོད་ཅིང་བསམ་པ་དེ་ཡང་དུས་ཚོད་རེ་ཙམ་ལ་མ་ཡིན་པར།ཡུན་རིང་ལ་ཞིབ་ཚགས་ངང་བསམ་ཞིང་ཨ་ནས་ཡང་དུ་ཀླད་པ་དཀྲུགས།དེ་ནས་བསྒྲུབ་ཕོད་ཅིང་དཀའ་ལས་ཅི་རིགས་ལ་འཕྲད་ཀྱང་གཏོང་གཏད་ཐུབ།

དེའི་ཕྱིར།བྱ་བ་ཆེན་པོ་ཡུན་གྱིས་བསྒྲུབ་དགོས་ཞེས་པའི་ལེགས་བཤད་དེ་འཛམ་གླིང་གོ་ལ་ཧྲིལ་བོར་བསྐྱོད་ཀྱང་འགའ་རེ་ལས་བཙལ་རྙེད་མི་ཐུབ་པ་ནི་འུ་ཅག་གི་མཁས་པ་ཚོ་ལའང་འཛམ་གླིང་གི་ར་བ་བརྒལ་བའི་ཤེས་བྱ་ཡོད་པ་རྟོགས་ཐུབ།འོན་ཏེ།ད་ལྟ་ནི་བོད་ལ་མཚོན་ན་མཁས་པ་རེ་གཉིས་ལས་ཡོང་ཐུབ་ཀྱིན་མེད།གནས་ཚུལ་འདི་ལ་བསམ་བློ་གཏོང་དུས།ང་ཚོས་མི་རིགས་གཞན་ས་ནས་ཅ་ལག་ཙམ་མ་ཡིན་པར་མིའི་ཚུལ་གྱི་སྙིང་སྟོབས་འདི་དག་ཀྱང་ངེས་པར་དུ་དང་ལེན་བྱ་དགོས།ང་ཚོས་ཕྱོགས་གང་ཐད་ནས་བསྡུར་བ་བྱས་རུང་།ང་ཚོའི་མི་རིགས་ཀྱིས་རུ་ཟིན་གྱིན་ཡོད་ཟེར་ན་རུ་ཟིན་མེད།ཡུལ་ཟིན་གྱིན་ཡོད་ཟེར་ན་ཡུལ་ཡང་ཟིན་མེད།མདོར་ན།འགྲོ་རུ་བཅུག་ན་འགྲོ་མི་ཤེས་མཁན་དང་འདུག་ཏུ་བཞག་ན་འདུག་གོབ་སོགས་གང་ཡིན་རུང་ང་ཚོས་དངོས་ནས་འཁྱོངས་ཀྱིན་མི་འདུག

དངོས་ནས།རྒྱ་ནག་གི་གཏམ་དཔེ་ཞིག་ལ་མི་ཡི་ཕན་ན་མི་དང་རི་ཡི་ཕན་ན་རི་ཡོད་ཟེར་བ་ནང་བཞིན།ང་ཚོའི་སྔུན་ན་རང་རྒྱལ་གྱི་གློག་བརྙན་ལྡེམ་གྱིན་ཡོད་ལ།དེའི་སྔུན་དུ་ཕྱི་རྒྱལ་བའི་གློག་བརྙན་འཕུར་གྱིན་འདུག འདི་ནི་འཛིན་གྲྭ་གཅིག་ལས་བྱུང་བའི་སློབ་སྦྱོང་གི་ཨང་རིམ་ནང་བཞིན།སྦྱོང་མཁན་གཙོ་བོ་སྔུན་དུ་ཡོད།དེ་ཙམ་སྦྱོང་མཁན་དེའི་འཕྲོར་ཡོད།ཅིའང་མི་སྦྱོང་མཁན་ཆེས་ཐ་མར་ཡོད་པ་ལྟ་བུ་དང་མཚུངས་ཨང་།དེའི་ཕྱིེར།ལས་རྒྱུ་འབྲས་ཀྱི་གནས་ལུགས་ནི་ལས་དབང་ཙམ་དང་སྟབས་འཁེལ་ཙམ་གྱིས་འོང་གིན་མེད་པ་ཤུགས་ཀྱིས་རྟོགས་འོང་།

ངས་བསམ་ན།ང་ཚོ་བོད་མི་རིགས་ཕམ་ཁ་ཡོང་བར་སྐྲག་ལ་ངལ་བ་ཆེ་བར་དངངས།ང་ཚོས་ལས་ཀ་ཅི་བྱས་རུང་ངེས་པར་དུ་གེག་སེལ་ཡོད་མེད་སྔུན་ནས་ཁག་ཐེག་བྱ།དེ་ཡང་ཁག་ཐེག་བྱ་ལུགས་ནི་རང་ཤེས་ཀྱིས་དཔྱོད་པ་མ་ཡིན་པར་མོ་རྩིས་དང་བསྡུར་ནས་ཐག་གཅོད་ཀྱིན་ཡོད།ངས་མོ་རྩིས་རྫུན་མ་རེད་བཤད་མི་སྤོབས།དེ་མི་རིགས་ཤིག་གི་ཡབ་མེས་ཀྱིས་དུས་རབས་ངེས་ཅན་ཞིག་ལ་གསར་དུ་བསྐྲུན་པའི་འཚོ་བའི་བྱེད་ཐབས་ཤིག་ཡིན་ངེས།རེད་དེ།ང་ཚོས་མོ་རྩིས་ལ་རེ་བ་བཅོལ་ཆེ་འདུག འདི་བསྒྲུབ་ན་མོ་རྩིས་ཀྱིས་ཐག་གཅོད་ལ།གན་བསྒྲུབ་ན་མོ་རྩིས་ཀྱིས་ཐག་གཅོད།

ང་ཚོས་མོ་རྩིས་ཀྱིས་ཐག་གཅོད་ཀྱིན་པའི་དུས་རབས་ཤིག་མཇུག་སྒྲིལ་དུ་འཇུག་དགོས།ལེགས་བཙོག་ཅི་བྱུང་རུང་ང་ཚོ་རང་ཉིད་ཀྱི་ཀླད་སེམས་ཀྱིས་དཔྱོད་པ་བྱ་དགོས།ད་ལྟའི་དུས་རབས་འདིར།ཡོད་ཚད་མོ་རྩིས་ཀྱིས་ཐག་བཅད་ན་ཡར་རྒྱས་ཟེར་བ་ཞིག་འབྱུང་དཀའ་ལ།སྟོབས་འབྱོར་ཞེས་པ་ལ་ཡང་དེ་ལས་ཀྱང་བར་ཐག་རིང་།དེའི་ཕྱིར་ན།རང་ཉིད་རང་གི་མགོན་ཡིན་ཞེས་པའི་ལེགས་བཤད་དེ་དངོས་སུ་དོན་དངོས་དང་མཐུན་པའི་གནས་ལུགས་ཆེན་པོ་ཞིག་ཡིན་པ་རྟོགས་དགོས།

མཇུག་གི་གཏམ།

འཕྲོར་ནས་འཕྲོར་སྨྱོ་བཤད་རྒྱ་ཆེན་པོ་ཞིག་བྱས་ཏེ་སྐབས་འདིར་ཐོན་དུས།གཅིག་བྱས་ན་ཡིག་འབྲི་འདི་ཚོ་ཀློག་མཁན་རང་ཉིད་ཁེར་མ་ཙམ་ཡིན་ངེས།རེད་དེ་ངས་ནམ་ཡིན་རུང་རང་ནུས་ཀྱིས་མཐོང་ཐོས་ཅི་རིགས་འབྲི་བཞིན་ཡོད་པས།གལ་ཏེ་དངོས་ནས་ཀློག་མཁན་གཅིག་ཀྱང་མ་བྱུང་ནའང་།ངས་འདི་ཚོ་ང་རང་ནར་སོན་པའི་བརྒྱུད་རིམ་ཞིག་ལ་བརྩིས་ཏེ་མུ་མཐུད་དུ་རྩོམ་འབྲི་བ་དང་།བོད་ཀྱི་གནས་ཚུལ་དངོས་འབྲི་བའི་སྙུག་ཐོགས་པ་ཞིག་ལ་དུས་དང་ཀུན་ཏུ་འབད་བརྩོན་བགྱི།

རེད་དེ།ང་ཚོའི་མི་རིགས་ཀྱི་གནད་དོན་ནི་སྐད་ཆ་ཚིག་ཀ་འགས་ལྷིང་དུ་ཕུད་མི་ཐུབ་ལ།གཏམ་ཚོགས་སྒྱེ་མོ་གང་གིས་དངོས་ཡོད་གནས་ཚུལ་ཐག་གཅོད་བྱ་མི་ནུས།ང་ཚོས་གནས་ཚུལ་འདི་ལྟ་བུའི་ཁྲོད་ནས་རིམ་བཞིན་ཤེས་ཡོང་བ་ནི།ང་ཚོ་བོད་ཀྱི་གནད་དོན་ནི་ཆུ་ཐུགས་ཟག་སྟེ་རྒྱ་མཚོར་གྲུབ་པ་ལྟ་བུའི་སྣོད་ཀྱི་ཚོད་ཙམ་མ་ཡིན་པར།ཕྱི་ནང་ཀུན་ཏུ་གནད་འགག་གིས་བཀང་ནས་ཡོད་པས།ཡང་མིན་ན་གོ་མེད་ཟུག་མེད་ངང་ནམ་ཡང་འཛམ་གླིང་གི་སྙིགས་རོའི་ཁྲོད་ནས་འཚོ།ཡང་མིན་ན་བར་ཆད་ཐན་གེག་ལུས་ཀྱིས་བསལ་ནས་འཛམ་གླིང་གྲོང་པའི་སྔོན་ཐོན་གྱི་སྐྱེད་ཚུལ་ནས་འཚོ།

འདི་ནི་གདམ་གསེས་ཤིག་ཡིན་ལ་ཕམ་ཁས་ཤིག་ཀྱང་ཡིན།མདོར་ན།རང་རིགས་ཀྱིས་མིའི་རིགས་ཀྱི་འཇིག་རྟེན་དུ་ཇི་ལྟར་འཚོ་བ་བྱ་རྒྱུ་ནི་དོན་གནད་གལ་ཆེན་ཞིག་ཡིན་པས།བོད་པ་རྒྱ་ལ་འགྱུར་གྱིན་པའི་དེ་རིང་གི་བོད་མིས་ཁ་ཁོག་ཞེ་སེམས་མེད་པར་བསམ་བློ་རྣལ་མ་ཞིག་གཏོང་རྒྱུ་ཤིན་ཏུ་གལ་འགངས་ཆེའོ།།

 

བསྟོད།6

དཔྱད་མཆན་སྤེལ།