ཤེས་ཡོན་པ་ནི་སྤྱི་ཚོགས་ཀྱི་སྐྱོན་གང་ཡོད་བརྗོད་ཕོད་མཁན་ཞིག་ཡིན་འོས།

རྩོམ་པ་པོ། ཀེ་རེའི་རོ་ལངས།

གཅིག ཤེས་བྱ་མང་པོ་ཁོང་དུ་ཆུད་པས་ཤེས་ཡོན་པར་མི་ཐེ་ལ། དཔེ་ཀློག་གྲངས་མེད་མྱོང་པས་དེ་བས་ངེས་པ་མེད་ལ། ལྷ་རམས་པ་དང་འབུམ་རམས་པའི་ཆོ་ལོ་ཡོད་ཀྱང་ཤེས་ཡོན་པའི་གྲས་སུ་འགྲོ་བའི་རྒྱུ་མཚན་བགྲང་རྒྱུ་མེད། དགེ་རྒན་དང་མཁས་པ། ཐ་ན་ཚན་རིག་པའི་གོ་གནས་རགས་ཀྱང་ཁྱོད་ཉིད་ཤེས་ཡོན་པ་ཡིན་པའི་ཁྱབ་པ་ཏན་ཏན་མེད་པ་རེད། འོན་ཀྱང་། ཤེས་ཡོན་པ་ནི་རྒྱལ་ཁབ་བམ་མི་རིགས་སམ་ཚོགས་པའམ་ཡུལ་ལུང་གང་དེའི་སྒལ་ཚིགས་དང་རྒྱུ་འབྲས་བློ་མིག་དངོས་ཡིན་པས་གོང་ཞུས་ཀྱི་ཚོགས་སྤྱི་རྣམས་སུ་མེད་དུ་མི་རུང་བའི་མི་བུ་གལ་ཆེན་ཞིག་ཏུ་སྙམ་མོ། །

གཉིས། ཤེས་ཡོན་པ་ནི་བདེན་དོན་བླ་རུ་བཀུར་ཞིང་། གནས་ལུགས་བརྩིགས་སུ་འཛིན་མཁན་ཞིག་ཡིན་འོས། ཤེས་ཡོན་པ་ནི་རྩ་དོན་གང་ཞིག་བགྲོ་དུས་ཤེས་རབ་ཀྱི་རྩལ་ནུས་ཁོ་ན་ངོམ་མཁན་ཞིག་ལས། གཡོ་དང་སྒྱུ་ཡིས་དགག་བཞག་མི་བྱེད་མཁན་ཞིག་ཡིན་འོས། ཤེས་ཡོན་པ་ནི་ལུང་རིགས་ཀྱི་རྒྱབ་རྟེན་ཉིད་དཔང་དུ་གཙུགས་མཁན་ཞིག་ལས། ཁ་བདེ་བདེ་དང་ལྕེ་རྣོ་རྣོ་ཡི་ངང་ནས་ཚིག་ངན་དང་འཚང་འབྲུ་འབའ་ཞིག་གིས་དུས་འདའ་མཁན་ཞིག་ཡིན་ག་ལ་འོས། ཤེས་ཡོན་པ་ནི་རྒྱུ་དང་དབང་གིས་བསླུ་མི་ཐུབ་ཅིང་། ཁ་ཡག་དང་ངོ་བསྟོད་ཀྱིས་དེ་བས་ཁ་ལོ་བསྒྱུར་མི་ནུས་མཁན་ཞིག་ཡིན་འོས། ཤེས་ཡོན་པ་ལ་བསམ་གཞིག་གི་བར་སྟོང་རི་ལས་ལྕི་བ་ཞིག་དགོས་ལ། དཀྱེལ་ཡངས་ཀྱི་བློ་མིག་རྒྱལ་མཚོ་ལས་གཏིང་ཟབ་པ་ཞིག་དགོས་སོ། །

གསུམ། ཁྱོད་རང་དོན་དམ་པའི་ཤེས་ཡོན་པ་ཞིག་འདོད་ན། གནས་ལུགས་ཀྱི་མདུན་དུ་སུ་ལའང་དམིགས་བསལ་མི་གཏོང་བར་དགག་སྒྲུབ་ཀྱི་ཕྲེང་བ་སྐོར་ཕོད་མཁན་ཞིག་ཡིན་དགོས། གང་ཞིག་གླེང་ན་རྒྱུ་མཚན་དང་རྒྱུ་མཚན་བརྡར། གནས་ལུགས་དང་གནས་ལུགས་གཤིབ་ནས་ཡིན་ལུགས་འཚོལ་མཁན་ཞིག་ཡིན་འོས། ཤེས་ཡོན་པས་ནི་མི་གཞི་ཀུན་སྤྱོད་སྲོག་ལྟར་གཅེས་པས་གཞན་གྱི་མི་གཞི་དང་འབྲེལ་བའི་ངན་བཤད་མེད་པར་མ་ཟད་རང་ལྟར་གཅེས་སུ་འཛིན། ཤེས་ཡོན་པར་བློས་གཏོང་གི་སྙིང་སྟོབས་མངའ་བས་བླ་སྤྲུལ་དང་མི་ཆེན་རྒྱུ་ཆེན་སོགས་ཆེ་གེ་མོ་སུ་ལའང་མི་ཞུམ་མི་དངངས་པར་སྤྱི་ཚོགས་ཀྱི་སྐྱོན་དང་ནོར་འཁྲུལ་གང་ཡོད་བརྗོད་ཕོད་མཁན་ཞིག་འོས། ཤེས་ཡོན་པ་ནི་མི་ཁའི་གནོད་ཤུགས་དང་མཚོ་བའི་གནོད་ཤུགས་གང་ལ་ཐུག་ཀྱང་མགོ་བོ་མི་སྒུར་མཁན་ཞིག་ཡིན་རིགས་སོ། །

རྩོམ་སྒྲིག་པ།རྡོ་རྗེ་རབ་བརྟན།

བསྟོད།16

དཔྱད་མཆན་སྤེལ།