[འོས་སྦྱོར]གཞན་གཤིས་ཐེབས་བཞིན་པའི་རང་རེའི་བྱིས་པ་ཚོ།

རྩོམ་པ་པོ།འབར་སྐར་འཕྲིན།

སྔོན་བརྗོད།

བྱམས་བརྩེའི་ཐུགས་འདུན་དཀར་པོ་རང་གི་བུ་ཕྲུག་ལ་བཅངས་ཤིང་། ལྷག་བསམ་དང་སྙིང་སྟོབས་ཀྱིས་རང་གི་བུ་ཕྲུག་ཚོ་མ་འོངས་པའི་ལམ་ཁ་ཡང་དག་ཅིག་ལ་སྐྱེལ་འདོད་དང་། དེའི་ཆེད་དུ་ཉིན་རྟག་པར་བྲེལ་བཞིན་པའི་བྱམས་ལྡན་གྱི་ཕ་མ་རྣམ་པ་ལགས། ཁྱེད་ཚོ་ནི་བུ་ཕྲུག་ཚོར་མཚོན་ན་མི་ཚེ་གཅིག་ལ་ཆེས་བཀའ་དྲིན་གཞལ་མེད་དེ་ཡིན་པར་སྨོས་ག་བ་དགོས། དེ་བཞིན་འགྲོ་འདུག་སྤྱོད་ལམ། ཟ་ཉལ་འཐུང་ལུགས་སོགས་མི་ཡུལ་གྱི་བསླབ་བྱ་གང་མང་ཞིག་རིན་མེད་དུ་སྩོལ་ཅིང་། རྟག་ཏུ་ངའི་བུ་དང་བུ་མོ་ཚོ་བདེ་བར་ཤོག་ཅིག སྐྱིད་པར་ཤོག་ཅིག་ཟེར་ནས་ཐུགས་སྨོན་གཙང་མ་གནངས་བའང་ཇི་ལྟར་བརྗེད་འོས། ད་དུང་ལྷ་བླ་མ་ལ་སྐྱབས་འཇུག་དང་རིམ་གྲོ་སོགས་མདོར་ན་བཀའ་དྲིན་དེ་ཚོ་དྲན་དགོས་པ་ལས། བརྗེད་ག་ལ་རུང་སྟེ། བརྗེད་དུ་འཇུག་མི་རུང་ལ།  ནམ་ཡང་བུ་ཕྲུག་ཚོས་སེམས་གསེབ་ཏུ་ཉལ་དགོས་པའི་བཀའ་དྲིན་དྲོད་ཁོལ་ལྡན་པའི་བསླབ་བྱ་དག་འབོར་དུ་འཇུག་མི་རུང་ངོ་།། ཡིན་ན་ཡང་། ད་དུང་ཕ་མ་འགའ་ཞིག་གིས་བྱིས་པ་གཉོར་སྐྱོང་དང་སློབ་གསོ་སྤེལ་སྟངས་སོགས་མ་འདང་བའི་ཆ་དང་ལྷག་ཏུ་བྱིས་པའི་གཤིས་སྤྱོད་སོགས་ཉམས་རྒུད་དུ་འགྲོ་བཞིན་པའི་སྣང་ཚུལ་འདི་ལ། ལྟ་ཚུལ་ཉུང་ཙམ་དང་། ལྟ་ཚུལ་དེ་ལ་རེ་བ་ཆུང་ངུ་ཞིག་བཏོན་འདོད་པ་དེའོ།།

གཅིག གཞན་གཤིས་ཐེབས་བཞིན་པའི་སྣང་ཚུལ།

 དུས་ཀྱི་འཕོ་འགྱུར་དང་མི་རིགས་གཞན་དག་དང་འགྲོགས་འདྲེས་ཆེ་སྟབས། ཉེན་ཁ་འཕྲོད་ས་ནི་རང་རེའི་རིག་གཞུང་དང་། གཤིས་སྤྱོད། བསམ་བློ། སྐད་ཡིག་སོགས་ཡིན་ཞིང་། གལ་ཏེ་ཉེན་ཁ་དེ་དག་ལས་ཐར་དགོས་ན། ཐོག་མར་བྱིས་པའི་གཤིས་སྤྱོད་དང་བསམ་བློ་སོགས་ལམ་ཁ་མ་ནོར་བ་ཞིག་ཏུ་སྐྱེལ་དགོས། བྱིས་པ་ནི་མ་འོངས་པར་རིག་གཞུང་དང་སྐད་ཡིག གཤིས་སྤྱོད་སོགས་བདག་པོ་བྱེད་མཁན་དེ་ཡིན་པས། གཤིས་ཀ་དང་བསམ་བློར་གཞན་གཤིས་ཐེབས་ག་ལ་བཅུག ཡིན་ཡང་། འཁོར་ཡུག་དང་། སྒྲིག་འཛུགས། སློབ་གསོ་སྤེལ་སྟངས་སོགས་ཀྱིས་རང་རེ་བའི་བྱིས་པའི་རྒྱུད་ལ་ཡོད་པའི་རིགས་ཀྱི་གྲིབ་མདངས་ཅུང་ཙམ་དེའང་། ཉིན་རེ་ནས་གཞན་གཤིས་འདག་རྫས་ཀྱིས་འཁྲུད་བཞིན་པ་དང་། ཐ་ན་ཟས་ཟ་ལུགས་དང་སྐད་ཆ་བཤད་སྟངས་ཀྱི་ཉམས་སོགས་ཀྱང་གཞན་གཤིས་ཐེབས་པ། དེ་བཞིན་བྱིས་པ་གཉིས་ཕན་ཚུན་ཁ་བརྡ་བྱས་ཀྱང་། མི་རིགས་གཞན་གྱི་སྐད་ཆའི་ཐོག་ནས་གོ་བརྡ་སྤྲོད་བཞིན་པ་དང་། བོད་ཀྱི་ཐ་སྙད་ཉི་མ་ཟླ་བ་ལྟ་བུ་ལོ་ངོ་སྟོང་ཚོ་ནས་བརྒྱུད་ཡོང་བ་དག་ཀྱང། དེང་སང་གི་བྱིས་པ་ཚོས་ཕ་སྐད་ལམ་ནས་བརྗོད་མི་ཐུབ་མཁན་ཡོད་པའང་གསལ་པོ་རེད། རང་སྐད་གཙང་མ་སྨྲ་མཁན་རེ་ཡོད་ན་དེ་ལ་གཞན་སྐད་ཤེས་བཞིན་མི་འདུག་ཅེས་འཕྱ་སྨོད་དང་མཐོང་ཆུང་གི་ཚིག་མདའ་སྤུངས། གཞན་སྐད་འབྲུ་གཉིས་རེ་ཤེས་ན་ཕ་མ་ཚོས་ཀྱང་དེ་ལ་བཟང་པོའི་རྣམ་འགྱུར་བསྟན་ཅིང་། མུ་འཐུད་དུ་སྦྱོངས་ཤིག་ཟེར་ནས་རེ་བ་དང་བསྐུལ་མ་ཡང་ཡང་གཏོང་བཞིན་ཡོད། དེ་བཞིན་བྱིས་པ་ཚོས་གླུ་གཞས་དང་། བྲོ་གར། བརྙན་འཕྲིན་སོགས་གང་ལ་བལྟས་ཀྱང་མི་རིགས་གཞན་གྱི་འཁྲབ་སྟོན་དང་། གླུ་བྲོ་སོགས་ལ་བལྟ་རྒྱུའི་གོམས་གཤིས་རྒྱུན་ལྡན་དུ་འགྲོ་བཞིན་པ། སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་བོད་ཀྱི་ཟློས་གར་དང་རྣམ་ཐར་གླུ་གཞས་སོགས་ཉིན་རེ་ནས་བྱིས་པ་ཚོའི་བསམ་བློ་དང་བར་ཐག་རིང་དུ་གྱེས་བཞིན་པའོ།།

གཉིས།  སྣང་ཚུལ་དེས་སློང་བའི་སེམས་ཁྲལ།

    མངོན་གསལ་དོད་པོ་བྱིས་པའི་གཤིས་སྤྱོད་དེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་པ་འདི་མ་འོངས་པར་མི་རིགས་དང་རིག་གཞུང་གི་སྲོག་རྩ་འཛིན་བྱེད་ཀྱི་སྲོག་དབུགས་འགག་པ་དང་། འགག་རྒྱུའི་སྟ་གོན་ད་ལྟ་ནས་འགོ་ཚུགས་སོང་བ་ཡིན་ན། དེ་ནི་ནམ་ཡང་མཐོང་ན་མི་འདོད་པའི་འུ་ཚོའི་མ་འོངས་པའི་བྱིས་པ་དང་རིག་གཞུང་སྐད་ཡིག་གཤིས་སྤྱོད་སོགས་ཀྱི་གྱོང་རྒུད་ཅིག་རེད་ལ། གྱོང་རྒུད་དེ་ནི་འུ་ཚོ་ཐུན་མོང་གི་སེམས་ཁྲལ་རེད། དེ་འདྲའི་སེམས་ཁྲལ་དང་གྱོང་རྒུད་མི་འབྱུང་བའི་ཆེད་དུ་བོད་མི་རེ་རེ་དང་ལྷག་ཏུ་ཕ་མ་ཚོས་ཐུགས་སེམས་ནན་ཏན་དགོས་འདུག་སྙམ། བགྲང་བྱ་དུ་མ་ཞིག་ནས་ང་ཚོའི་ཡབ་མེས་ཕ་མ་ཚོས་འཛིན་སྐྱོང་དང་དར་སྤེལ་བྱས་ཏེ། དུས་རབ་འདིའི་མི་བུ་ཚོའི་ལག་ཏུ་བཞག་ཡོད་པའི་རིག་གཞུང་དང་སྐད་ཡིག་གཤིས་སྤྱོད་གཙང་མ་འདི་དག་དུས་རབས་ཉེར་གཅིག་པའི་ཁུགས་སོ་འདི་ནས་ལྷད་སྐྱོན་ཉིད་དུ་གྱུར་ཤོར་སོང་བ་ཡིན་ན། དེ་ནི་ཅི་འདྲའི་ཡིད་ཕོངས་པ་དང་སྐྱོ་འོས་པའི་གྱོང་རྒུད་ཅིག་རེད་ཨང་།

གསུམ།  སེམས་ཁྲལ་དེ་ལ་བཏོན་པའི་རེ་བ།
 
     གོང་དུ་བཤད་ཟིན་པའི་སྣང་ཚུལ་དེ་དག་བོད་ཀྱི་སྤྱི་ཚོགས་ནང་དངོས་སུ་བྱུང་དང་འབྱུང་བཞིན་པའི་སྐབས་འདིར། བོད་རིགས་ཕ་མ་ཚོས་དཔལ་འབྱོར་ཁོ་ནར་དམིགས་འབེན་དུ་མི་འཇོག་ནས། བྱིས་པ་ཚོའི་གཤིས་སྤྱོད་དང་བསམ་བློ་ལ་ངེས་པར་དུ་མནོ་བསམ་གཏང་དགོས་པའི་དོན་དག་གལ་ཆེན་ཞིག་ཡིན་པར་ཤེས་དགོས། བྱིས་པའི་གཤིས་སྤྱོད་དང་བསམ་བློ་ལ་མི་རིགས་གཞན་གྱི་གཤིས་སྤྱོད་སོགས་ཀྱིས་བསླུ་བྲེད་ཐེབས་སོང་བ་ཡིན་ན། དཔལ་འབྱོར་ཇི་ལྟར་ཡོད་ཀྱང་། མི་རིགས་དེ་འཇུག་རྫོགས་པའི་ཉིན་མོ་དངོས་སུ་འགོ་བརྩམས་སོང་བ་རེད། དེ་འདྲ་མི་ཡོང་བའི་ཆེད་དུ་ད་ལྟ་ནས་ཕ་མ་ཚོས་སོ་སོའི་བུ་ཕྲུག་ལ་ཐོག་མ་ནས་རང་མི་རིགས་ཀྱི་རིག་གནས་དང་བསམ་སྤྱོད་སོགས་ཉམས་མི་རུང་བའི་བསླབ་བྱ་དང་། དེ་འདྲའི་བསམ་བློ་ཞིག་སོ་སོའི་བྱིས་པའི་བསམ་པ་ལ་འཛུགས་སྐྲུན་ཐུབ་དགོས། དེ་ནི་མ་མཐར་ཕ་མ་ཚོས་བྱིས་པ་གཉོར་སྐྱོང་བྱེད་སྐབས་ནན་ཏན་དགོས་སའི་སློབ་གསོ་ཞིག་ཡིན་པར་མ་བརྗེད་དོ།།
 
བཞི། ཞར་བྱུང་དུ་བྱིས་པའི་སློབ་གསོ་ཡང་དག་ཅིག་དགོས་ཚུལ།
 
  ལས་གང་ཞིག་ལ་བརྩོན་ན་ཐོག་མར་རྨང་གཞི་ལེགས་པོ་ཡོད་དགོས་པ་ནང་བཞིན། མི་འཇོན་ཐང་དང་ཤེས་ཡོན་རིགས་ཞེན་ཅན་ཞིག་ཡོང་དགོས་ན། ཆུང་བྱིས་པའི་སྐབས་སུ་རྨང་གཞིའི་སློབ་གསོ་ཡང་དག་ཅིག་ཡོད་དགོས། དེ་ནི་བྱིས་པའི་མ་འོངས་པའི་ལམ་ཁ་བཟང་ངན་གདམས་བྱེད་ཀྱི་ཐབས་ལམ་དང་། ཡང་ན་བཀོད་སྒྲིག་ལྟ་བུའོ།། ཕ་མ་ནི་བྱིས་པའི་དགེ་རྒན་དང་པོའམ་ཐོག་མར་བྱིས་པའི་བསམ་བློ་འཛུགས་སྐྲུན་བྱེད་མཁན་དེ་ཡིན་སྟབས། སློབ་གསོ་མ་ནོར་བ་གདམས་རྒྱུ་ནི་ཆེས་གལ་ཆེན་ཞིག་ཡིན་ལ། ཕ་བཟང་མིན་བུ་ཡི་སྤྱོད་པར་སྟོས་ཟེར་བ་བཞིན།  ཕ་མའི་སྤྱོད་པ་སོགས་བྱིས་པ་ལ་དེ་བཞིན་འཐིམས་དོན་ཅི་རེད་ཅེས་ན། གཅིག་ནི་ཕ་མ་ཚོས་སློབ་གསོ་སྤེལ་བཏང་དང་། གཞན་ཞིག་ནི་བྱིས་པའི་སྔོན་ལ་ཕ་མ་ཚོས་སྐད་ཆ་ཅི་ཞིག་བཤད་དགོས་མིན་དང་སྤྱོད་པ་གང་ཞིག་བྱེད་དགོས་མིན་ལ་མ་བལྟས་པས་མིན་འགྲོ་ན་སྙམ། ཕ་མ་རེ་འགས་ཆེད་དུ་བྱིས་པ་ལ་འཇིག་རྟེན་ཡ་རབས་ཀྱི་ལྟ་སྤྱོད་སོགས་དང་འགལ་བའི་སློབ་གསོ་བཏང་མཁན་ཡོད་པ་རེད། དཔེར་ན། རྐུ་ཇག་དང་། འཁྲུག་རྩོད་སོགས་མ་རབས་ཀྱི་སློབ་གསོ་སྤེལ་བ་ལྟ་བུ་རེད། ཡང་ཕ་མ་འགའ་རེས་དངོས་སུ་སློབ་གསོ་མ་གཏང་རུང་ལུས་ངག་གི་སྤྱོད་པ། དཔེར་ན་ཁ་བ་རྒྱ་མཚོ་ལ་འཐིམ་པ་ལྟར་བྱིས་པ་ལ་འཐིམ་བཞིན་ཡོད། ཕ་མ་ཆང་འཐུང་མཁན་ཞིག་ཡིན་ན། བྱིས་པ་ཡང་དེ་བཞིན་ཆང་ལ་དགའ་མཁན་ཞིག་ཡིན་པ་དང་། ཕ་མ་གཉིས་ཁ་འཛིང་བྱེད་མཁན་ཞིག་ཡིན་ན། བྱིས་པ་ཡང་དེ་ལྟར་འཛིང་རྩོད་བྱེད་རྒྱུར་དགའ་བ་ནང་བཞིན།  དེ་ནི་ཕ་མས་བྱིས་པའི་སྔོན་ལ་ལུས་ངག་གི་སྤྱོད་པ་སོགས་མ་འཛེམ་པའི་རྒྱུ་མཚན་ལས་བྱུང་བའོ།། སྤྱིར་སློབ་གསོ་ལ་རིགས་མང་དུ་ཡོད་ཀྱང་། ཁྱིམ་ཚང་སློབ་གསོ་དང་ནམ་ཡང་ཁ་འབྲལ་མི་རུང་། གོང་མོལ་ལྟར་ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་དང་།  བྱིས་པའི་མི་ཚེ་ལ་མཛེས་སྡུག་བསྐྲུན་མཁན་དེ་ཡིན་ཞིང་། ཕ་མ་ཚོས་བྱིས་པའི་མིག་སྔར་འཛེམ་དགོས་པའི་ལུས་ངག་གི་སྤྱོད་པ་མང་དུ་མཆིས།  དེ་ནི་ཕ་མ་ཚོས་རྟག་པར་ཉམས་འཇོག་དགོས་སའི་གནོད་དོན་ཞིག་རེད།  ཕ་མ་ཚོས་བྱིས་པའི་མིག་སྔར་དུས་རྒྱུན་མཐོང་དུ་བཅུག་པ་ནི།  སྤྲོ་སྣང་སྟེར་རྒྱུ་དང་། དཔེ་ཀློག་བྱེད་རྒྱུ། གཞན་ཕན་སྒྲུབ་རྒྱུ། རིག་གཞུང་གི་བགྲོ་གླེང་བྱེད་རྒྱུ་སོགས་མདོར་ན་འཇིག་རྟེན་ཡང་དག་གི་བསམ་བློ་ཞིག་བསྐྲུན་ཐུབ་དགོས་པ་ནི་ཕ་མ་ཚོར་བབས་པའི་འོས་འགན་ཡིན་པར་སེམས་སོ། །

 ཞེས་པ་འདི་ནི་རང་རེའི་བྱིས་པ་ཚོའི་གཤིས་སྤྱོད་དངོས་གསལ་དོད་པོ་འགྱུར་བཞིན་པའི་ཁུག་སོ་ནས་བློ་བུར་འཆར་རྟོགས་འདི་དག་སྤྱི་ལོ་༢༠༡༩ལོའི་ཟླ་༤ ཚེས་༡༤ཉིན་འབའ་སྐར་འཕྲིན་གྱིས་སྦྱར་བའོ།།

རྩོམསྒྲིག་པ། རྡོ་རྗེ་རབ་བརྟན།

བསྟོད།32

དཔྱད་མཆན་སྤེལ།