སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང-རྒྱང་དུ་གྱེས་པ།

གློ་བུར་བའི་འཚུབ་མ་ཞིག་ལྡང་སྟེ་ཚགས་པར་རལ་བོ་དེ་ས་རྡུལ་ཞིག་དང་ལྷན་དུ་ཁོའི་མདུན་དུ་འཕངས་བྱུང་བ་དང༌། དེ་མ་ཐག་ཏུ་འཚུབ་མ་དེའི་རྒྱུན་མཇུག་མ་རྫོགས་པ་ལྟར་བསེར་བུ་བྲེལ་མོ་ཞིག་ རྒྱུན་མ་ཆད་པར་གཡུགས་མགོ་བརྩམས་བྱུང་བས་མཐའ་འཁོར་གྱི་རྩི་ཤིང་དག་གི་མགོ་ལྕོག་ཤར་ལྷོའི་ཕྱོགས་སུ་བསྟན་ཏེ་ཤིག་ཤིག་ངང་གཡོ་འགུལ་བྱེད་མགོ་བརྩམས་བྱུང་བས་ཆུ་སྒྲ་ལྟ་བུའི་ཤང་སྒྲ་ཞིག་ཀྱང་རྒྱང་རིང་ནས་ཐག་ཉེར་སླེབས་ཀྱིན་པའམ་ཡང་ན་འགྲམ་རོལ་བརྒྱུད་ནས་ཕར་ཕྱོགས་སུ་འགྲོ་བཞིན་པ་ལྟར་རྣ་ལམ་དུ་གྲགས་མགོ་བརྩམས་བྱུང༌། ཚགས་པར་རལ་བོ་དེ་ཁོའི་མདུན་ཐད་དུ་ཐོན་འཕྲལ་སླར་ཡང་ཁོ་དང་འབྲལ་མི་འདོད་པ་ལྟར་ཕར་ཡོ་ཚུར་ཡོ་བྱེད་འགའ་བྱས་ཏེ་བསྐོར་རྒྱག་བྱེད་ཀྱིན་འདུག    ཁོས་གཞི་ནས་ཆིག་ལབ་ཀྱི་ཚུལ་དུ“ཡང་རླུང་མགོ་ལངས་བྱུང་བ་འདྲ”སྙམ་སྟེ་ཡར་ལངས་ནས་ལུག་ཁྱུའི་ཕྱོགས་སུ་བལྟས་པ་ན་ལུག་ཁྱུ་ནི་རླུང་ལྡང་མིན་ལ་སེམས་ཁུར་ཅི་ཡང་ མེད་པའི་ངང་རང་སར་བཀྲམ་སྟེ་རྩྭ་ལ་རོལ་གྱིན་འདུག་པས་སེམས་བག་ལྷོད་པར་གྱུར།  ཁོ་སླར་ཡང་སྔར་མལ་དུ་སར་བཙོག་ནས་ལུས་པོ་ཇེ་བདེར་བཏང་ཞིང་མགོ་བོ་གོང་བའི་ནང་ དུ་འཛུལ་ཙམ་བྱས་ནས་སྣ་གླུ་ཞིག་ལེན་བཞིན་བསྡད།   ཁོས་ལེན་གྱིན་པའི་གླུ་དེའི་ནང་དོན་ནི་འདི་འདྲ་ཡིན་ཏེ།
“རྟ་དྲན་པའི་ལོ་རྒྱུས་བཤད་ཀིན་མེད།།
རྟ་དྲན་པའི་ལོ་རྒྱུས་བཤད་རྒྱུ་ན།།
སྲབ་སིལ་མའི་མགོ་ལོང་སྟོང་བ་རེད།།
སྒ་ལྷུ་བཞིའི་ངོ་ཡ་འཁྱག་པ་རེད།།
... ...”   ཁོས་ཐེངས་ག་ཙམ་ལ་གླུ་འདི་བསྐྱར་བཟླས་ཀྱིས་བླངས་མྱོང་བ་ཁོ་རང་ཉིད་ཀྱིས་ཀྱང་ མི་     རྟོགས་ཏེ། ནམ་རྒྱུན་རང་ཉིད་གཅིག་པུ་ལུག་རྫིར་སྡོད་དུས་གླུ་འདི་རང་དབང་མེད་པར་མགྲིན་པ་ནས་བརྡོལ་ཡོང་ལ།  གླུ་ངག་དེ་ནི་ཁོའི་གློ་སྙིང་གི་གཏིང་འོག་ནས་ཡོང་བའི་གཟུགས་མེད་ཀྱི་ཕོ་ཉ་ཞིག་དང་འདྲ་བར་མགྲིན་པའི་བང་རིམ་བརྟོལ་ཏེ་རི་ཆུ་དང་རྩྭ་ཐང་བརྒལ་ཏེ་ཕྱོགས་མ་ངེས་པའི་རྒྱང་རིང་གི་ཁོ་མོའི་ཕྱོགས་སུ་འཕུར་འགྲོ་ལ། གླུ་བླངས་ཚར་རྗེས་སྔར་བཞིན་ཁེར་རྐྱང་དང་ཁུ་སིམ་ངང་སྡོད་དུས་སུ་མིག་ལམ་དུ་ སླར་ཡང་ཚེ་རིང་སྒྲོལ་མ་དགོད་བཞིན་དུ་ཁོ་རང་ལ་ལྟ་དུས་ཀྱི་སེམས་སྲེག་པར་བྱེད་པའི་མིག་མདངས་དེ་ཤར་ཡོང་གིན་འདུག
ཁོ་དང་ཚེ་རིང་སྒྲོལ་མ་གཉིས་ཀ་རྫོང་མཁར་དུ་ངོ་འཕྲད་དུས་ནི་ལོ་གཉིས་ཡར་སྔོན་ གྱི་དཔྱིད་ཀའི་ཉིན་ཞིག་ཡིན།  ཉིན་དེར་ཁོ་ཡང་ཏག་ཏག་ཐོག་དང་བོར་རྫོང་མཁར་དུ་ལུག་གཉིས་བཙོང་དུ་སོང་བ་རེད།  ཁོ་རང་ཡུལ་ནས་ཡོང་ཁར་ཨ་ཕས་ལས་བཅོལ་བྱས་པ་ནི“ཡུལ་དུ་བཟའ་ཕྱེ་ཚར་གྱིན་འདུག་ པས་ལུག་གཉིས་བཙོངས་ཏེ་བཟའ་ཕྱེ་ཉོས་ལ་ཤོག་ཅིག”ཅེས་པ་དེ་རེད།
ཉིན་དེའི་གནས་ཚུལ་ད་ལྟ་ཡང་ཁོས་གཅིག་གཅིག་གཉིས་གཉིས་བྱས་ཏེ་བརྗོད་ཆོག་ཆོག་ འདུག་སྟེ། ཁོ་རང་རྫོང་མཁར་དུ་ཐོན་ནས་ལུག་གཉིས་ཀ་རླངས་འཁོར་ལས་སར་བླངས་མ་ཐག་གཡས་གཡོན་ གྱི་སྲང་ལམ་ནས་ཁ་ཆེ་བ་འགའ་གློ་བུར་དུ་ཀི་སྒྲ་དང་བཅས་བརྒྱུགས་ནས་ཡོང་སྟེ་ཧབ་ ཐོབ་བྱེད་པའི་ཚུལ་གྱིས་བསྐོར་བྱུང་བས།  ཁོ་རང་ལ་རང་དབང་མེད་པར་སྐྲག་སྣང་ངམ་འཚབ་སྣང་ཞིག་སྐྱེས་སུ་བཅུག་བྱུང་མོད།  རིམ་བཞིན་དུ་ལུག་འཚོང་བ་གཞན་དག་གི་གན་དུ་ཡང་དེ་ལྟར་བརྒྱུགས་འགྲོ་མཐོང་ནས་ སེམས་གཞི་ནས་བདེ་ལ་བབས་ཤིང་ལུག་གཉིས་ཀ་ལམ་འགྲམ་དུ་འདེད་ཐབས་བྱས། བསྡད་ཀྱིན་དུ་ལུག་འཚོང་མཁན་ཇེ་མང་དུ་གྱུར་བ་དང་བསྟུན་ནས་ལུག་ཉོ་མཁན་གྱི་ཁ་ ཆེ་བ་ཇེ་མང་དུ་གྱུར་སོང་ལ། འགའ་རེས་ལུག་གཉིས་ཀའི་ཚང་ར་དང་བྲང་ལ་ལག་པས་མྱངས་ཏེ་ཉམས་ཞིབ་བྱེད་པ་དང་ལ་ལས་ ལུག་གི་ཤ་ཤེད་ལ་བསྟོད་བསྔགས་བྱེད་ཀྱིན་འདུག  ལུག་ལ་ཤེད་མོང་མེད་པ་ག་ལ་སྲིད།  ཁོ་རང་སློབ་གྲྭ་ནས་ཕྱིར་ཡུལ་དུ་བྲོས་ཡོང་བ་ནས་བཟུང་དབྱར་དགུན་སྟོན་དཔྱིད་ མེད་པར་རྩྭ་གར་ཡོད་དང་ཆུ་གང་བཟང་དག་ཏུ་ལུག་ཁྱུ་འཚོ་སྐྱོང་བྱས་ཏེ་ཡོང་བ་རེད་ ཅིང་སྡེ་བའི་མི་ཐམས་ཅད་ཀྱིས་ཁོ་རང་ལུག་རྫི་དཔེ་མེད་ཅིག་རེད་ཅེས་བསྟོད་པ་ བྱས་པ་ཡང་བགྲངས་ཀྱིས་མི་ལངས་པ་རེད།  དེ་བས་ཁོ་དང་ལུག་ཁྱུའི་བར་ལ་ཡང་རིམ་བཞིན་དུ་དགར་ཐབས་མེད་པའི་བརྩེ་དུང་ཞིག་ ཆགས་ཏེ་དུས་རྒྱུན་དུ་ལུག་ཁྱུ་ལྟོགས་པ་ལས་རང་ཉིད་ལྟོགས་ཀྱང་བཟོད་སྙམ་པའི་ འཆར་སྣང་དེ་སྐྱེས་འོང་བ་དང་ལན་རེར་ལུག་རེ་ལ་ནད་རྟགས་འདྲ་བྱུང་ཚེ་ཡང་ཁོ་རང་ ནམ་གང་བོར་གཉིད་མི་ཁུགས་པར་འགྱུར་གྱིན་ཡོད་ལ།   ཐ་ན་ད་ནངས་ལུག་གཉིས་ཀ་བཙོང་དགོས་ཟེར་དུས་ཀྱང་ཁོའི་སེམས་ཀྱི་གཏིང་རིམ་ཞིག་ ཏུ་ད་དུང་ལུག་འདི་གཉིས་བཙོང་བར་ཕངས་སེམས་ཤིག་སྐྱེས་ཀྱིན་ཡོད། སྐབས་འདིར་ཁོའི་སེམས་ལ་རྒན་པ་དག་གིས་ནམ་རྒྱུན་ལུག་གི་ཤ་ཤེད་ལ་གང་བྱུང་དུ་ ལག་པས་མྱངས་ན་ཤ་ཤེད་ལྷུང་བ་རེད་ཟེར་གྱིན་པ་དྲན་ནས་ཁ་ཆེ་འདི་དག་གིས་ལུག་ལ་ གང་འདོད་ལྟར་རེག་རེག་བྱེད་པར་སེར་སྣ་ཞིག་སྐྱེས་པའི་ཞོར་དུ་ཁོ་ཚོས་གོང་ཆེན་ བྱིན་ནས་ཉོ་ངེས་རེད་སྙམ་པའི་ཡིད་ཆེས་ཞིག་ཀྱང་སྐྱེས་པར་གྱུར།
“ལུག་ལ་ཤེད་མོང་འདུག  ཨ་རོགས།  ལུག་བཙོང་རྒྱུ་ཨེ་ཡིན”ཁ་ཆེ་རྒད་པོ་ཞིག་གིས་དགོད་བཞིན་དུ་ཁོ་རང་ལུག་འཚོང་དུ་ ཡིན་པ་ཤེས་ན་ཡང་མ་ཤེས་པའི་ཚུལ་གྱིས་ཁོ་ལ་དྲང་མོ་མིན་པའི་བསྐོར་བའི་སྒོ་ནས་ དྲི་བ་དེ་བཏོན་བྱུང༌།  “ལུག་བཙོང་མིན་ལ་ངས་ད་དུང་འདང་རྒྱག་དགོས་རྒྱུ་རེད” ཁོས་ཀྱང་དགོད་བཞིན་དུ་རྒད་པོ་དེ་ལ་དྲང་མོ་མིན་པའི་ལན་དེ་བཏབ། ཁོའི་སེམས་ལ་ཁྱོད་ཀྱིས་སྐད་ཆ་བསྐོར་ནས་བཤད་ན་ངས་ཀྱང་བསྐོར་ནས་བཤད་ཆོག  གང་ལྟར་ངས་ཁྱོད་ལ་སྒོར་མོ་སློང་དགོས་པ་མ་རེད་ལ་རྒྱ་ལ་སློང་དགོས་པའི་དབང་དུ་ བཏང་ན་ཡང་ཁྱོད་ཀྱིས་སྟེར་མི་སྲིད་པས་ཕར་ལ་གུས་གུས་ཞུམ་ཞུམ་བྱེད་དོན་མི་ འདུག་སྙམ་ནས་ཧ་ཅང་སྒམ་བརླིང་གི་ཉམས་ཤིག་བསྟན་ནས་ཁོ་ཚོའི་རྣམ་འགྱུར་ལ་བལྟས།
རྒད་པོ་དེ་ཡང་བསྐྱར་མི་དགོད་པར་ཅུང་གཟབ་ནན་དུ་གྱུར་སོང༌། ཁོས་ཧ་ཅང་ཉོ་མི་ཉོ་མེད་པའི་བཟོ་ལྟ་ཞིག་བསྟན་ནས་ཁོའི་ཕུ་ཐུང་ནས་ཕར་འཐེན་ཞིང་ ལག་གཡས་པ་ལྭ་བའི་ཐུ་འོག་ཏུ་བཅུག་སྟེ“ཡ།  ག་ཚོད་བྱས་ནས་བཙོང་རྒྱུ།  ངེད་གཉིས་ཚོང་ཨེ་འགྲིག་པར་བལྟ”ཟེར།
ཁ་ཆེ་བ་དག་གིས་དེ་ལྟར་ཚོང་ཕུ་ཐུང་ནང་ནས་གཏམས་ཀྱིན་པ་དེ་སྔ་ཁོས་ཀྱང་མཐོང་ མྱོང་མོད།  དེའི་གསང་བརྡ་ཇི་ལྟར་སྟོན་དགོས་པ་གསལ་བོར་མི་ཤེས་པས་ཕྱིར་བཤོལ་གང་ཐུབ་བྱས་ ནས་ལུག་གཉིས་ལ་ལྟ་བཞིན་དུ“ཚོང་སྐད་ཆ་བཤད་ནས་གཏམས་ཆོག་པ་རེད” ཅེས་བཤད།
ཁོའི་སེམས་ལ་ཅུང་ཙམ་བསྡད་ན་ཉོ་མི་སྔར་ལས་མང་བས་གོང་ཚོད་ཀྱང་དེ་བཞིན་ཇེ་ མཐོར་བཏང་ཆོག་སྙམ།   འོན་ཀྱང་ཁ་ཆེ་བ་དག་གི་རོགས་རམ་འོག་ཁོས་ལུག་གཉིས་ཀ་དེད་དེ་སྒེར་ཚོང་ཁྲོམ་ རའི་ཁ་གཏད་ཀྱི་རྒྱབ་ངོས་སུ་ཡོད་པའི་སྐམ་ལུག་ཉོ་ཚོང་བྱེད་ས་དེར་ཐོན་དུས་ཁོ་ རང་ཧ་ལས་པར་གྱུར་སོང༌། འདི་ནི་སྐམ་ལུག་ཉོ་ཚོང་བྱེད་ས་ཙམ་ག་ལ་ཡིན། འགྲམ་ཞིག་ཏུ་གཞན་གྱིས་བཙོངས་པའི་ནོར་ལུག་དག་སྐོར་དང་སྐོར་བྱས་ཏེ་ལྕགས་དྲར་ བཙུད་ནས་བཙོན་མ་བཞིན་དུ་འབྲོ་ས་མེད་པར་བྱས་ཡོད་པ་དང༌། དེ་མིན་གྱི་ལྷས་སྐོར་ཧྲིལ་བོ་བཤས་ར་ཡིན་པ་སྟེ། གང་ས་གང་དུ་ལུག་ཤ་དང་སྐམ་ཤ་མང་བོ་གདང་ལ་བཀལ་ཏེ་ངང་ཤར་རེ་བཤམས་ཡོད་པའི་ཁར་ས་ ངོས་ཧྲིལ་བོ་ཁྲག་དམར་གྱིས་བརྫིས་ཏེ་གཤིན་རྗེའི་ཡུལ་དུ་ཐོན་པ་ལྟར་དམར་ཉོག་ གེར་འདུག་པ་དང༌།  ད་དུང་ཁ་ཆེ་པ་འགའ་རེས་སྤྱང་ཀའི་ཁ་ནང་དུ་ལུ་གུ་ཤོར་བ་ལྟར་ནོར་ལུག་དག་སྐད་ ཅིག་ཉིད་ལ་དྲུད་དེ་ས་རུ་བསྒྱེལ་ཞིང་དེ་མ་ཐག་ཏུ་གྲི་ཕྱུངས་ནས་གསོད་པའི་ལས་ལ་ བྲེལ་གྱིན་འདུག   ད་སོ་མར་གསོད་དུ་འཁྲིད་པའི་ནོར་ལུག་དག་འདར་སིག་སིག་ཏུ་མིག་ནང་དུ་མཆི་ཞགས་ འཁྱིལ་ཏེ་སྲོག་བསྡོས་སྒོས་ཕྱིར་འཐེན་པར་བྱེད་ཀྱིན་ཡོད་ཀྱང་ར་བ་འདིའི་ནང་དུ་ སླེབས་ཚེ་ཁོ་ཚོར་ངོ་རྒོལ་ཇི་ལྟར་བྱས་ཀྱང་ཐར་བའི་ས་ཞིག་མེད་པ་ག་ལ་ཤེས་ཨང༌། ལྕགས་དྲར་བཙུད་ཡོད་པ་དང་ད་སོ་མར་འཚོང་དུ་ཁྱེར་ཡོང་བའི་ནོར་ལུག་དག་གིས་མིག་ མདུན་ན་ཁོ་ཚོའི་རིགས་དུ་མ་གསོད་གཏུབ་བྱེད་ཀྱིན་པའི་རྣམ་པ་སྐྱི་གཡའ་བ་དེ་ལ་ ལྟ་བཞིན་དུ་འདར་སིག་སིག་བྱེད་ཀྱིན་འདུག་པས།    ཕར་བལྟས་ཚོད་ཀྱིས་མི་འགྱངས་པར་རང་ཉིད་ཀྱི་མགོ་ལ་ཡང་འཇིགས་སྐྲག་དམར་བོ་དེ་ སླེབས་དགོས་པ་ཤེས་ཀྱིན་པ་ལྟར་སྣང༌།
དེ་གར་ཐོན་འཕྲལ་ཁོ་རང་ནི་རང་དབང་མེད་པར་ཧང་སང་སྟེ་ཁ་གདངས་པར་གྱུར། ལུག་ཉོ་བའི་ཁ་ཆེ་དག་གིས་ཁོ་རང་གཡས་འཐེན་གཡོན་འཐེན་བྱས་ཏེ་གོང་གཏམས་པའི་སྐད་ ཆ་སྣ་ཚོགས་བཤད་ཀྱིན་འདུག་ཀྱང་ཁོས་རྣ་བས་ཅི་ཡང་གོ་ཡིན་མི་འདུག   མཇུག་མཐར་ཁོའི་རྣམ་ཤེས་གཞི་ནས་ཕྱིར་ཁོའི་ལུས་སྟེང་དུ་ཞུགས་པ་ལྟར་གྱུར་སོང༌། ཁོས་ཕྱིར་འཁོར་ཏེ་རང་ཉིད་ཀྱི་ལུག་གཉིས་ཀར་ལྟ་ཙམ་བྱས་པ་ན། ལུག་གཉིས་ཀས་ནི་མིག་མདུན་གྱི་རྣམ་པ་འཇིགས་རུང་དེ་མཐོང་བས་སྐྲག་སྟེ་ཕལ་ཆེར་ རང་ཉིད་ཀྱི་བདག་པོ་སུ་ཡིན་ངོས་འཛིན་ཐུབ་ཀྱིན་པ་བཞིན་དུ་རང་དབང་མེད་པར་ཁོ་ རང་གི་གམ་དུ་འཁྲི་ཡོང་ཞིང༌། ཁོའི་སློག་པའི་ཐུ་བར་མགོ་བོ་གཏད་ནས་འགུལ་མི་ཕོད་པར་འདར་སིག་སིག་བྱེད་ཀྱིན་ འདུག་ལ་མིག་འོད་ཀྱི་ཁྲོད་དུ་ཧ་ཅང་ཤུགས་ཟད་ཅིང་རེ་ཐག་ཆད་པའི་རྡུལ་ལོང་སྐྱ་ བོ་ཞིག་འཐིབས་འདུག   ཁོས་ཡ་ང་བའི་རྣམ་པ་འདི་དག་མཐོང་འཕྲལ་ཚང་མ་སྲོག་ལྡན་རེད་པས་འདི་ལྟར་བྱེད་ དགོས་དོན་མི་འདུག་ཨང་སྙམ་བཞིན་དུ་ལུག་གཉིས་བཙོངས་པར་སེམས་ཀྱིས་མི་བཟོད་པར་ གྱུར།
“ཝེ།  ཁྱོད་ཀྱིས་ལུག་བཙོང་ངམ་མི་བཙོང” འགྲམ་གྱི་ཞྭ་མོ་དཀར་བོ་གྱོན་པའི་ཁ་ཆེ་བ་ཞིག་གིས་རང་ཉིད་ཁོམ་གྱིན་མེད་པ་ སྟེ།   ཧ་ཅང་བྲེལ་བ་ལངས་ཀྱིན་པའི་ཉམས་ཤིག་བསྟན་ནས་ཁོ་ལ་དེ་ལྟར་དྲིས་བྱུང༌། དངོས་གནས་སྐབས་འདིའི་ཁོའི་ཅི་ཡིན་འདི་ཡིན་མེད་པར་ཡུན་རིང་བོར་ཧད་ནས་སྡོད་ པའི་རྣམ་པ་དེས་ལས་ཀར་བྲེལ་བའི་མི་སུ་ཞིག་ཡིན་ཡང་ཧ་ཅང་སྒུག་མི་ཚུགས་པའི་ བྲེལ་འཚུབ་ཀྱི་བསམ་ཚུལ་དེ་སྐྱེ་ངེས་རེད།
ཁོས་ཕར་ལྟ་ཚུར་ལྟ་འགའ་བྱས་རྗེས་སེམས་བློང་བློང་བོར་གྱུར་ཏེ་མྱུར་མོར་ལུག་ གཉིས་ཀ་ཕྱིར་འཐེན་ཅི་ཐུབ་བྱེད་བཞིན། ཁ་ནས་ཡང་དང་ཡང་དུ“ངས་ལུག་མི་བཙོང༌།  ངས་འདི་ལྟར་བཙོང་མི་ཕོད”ཟེར། སྐབས་འདིའི་ཁོའི་བཟོ་ལྟ་ནི་ཧ་ཅང་ཁྱད་མཚར་བོ་ཞིག་ཏུ་གྱུར་བ་སྟེ།    གློ་བུར་དུ་གཉིད་ལས་སད་པའམ་ཡང་ན་དེ་མ་ཐག་ཏུ་མི་གཞན་ཞིག་ཏུ་གྱུར་སོང་བ་ལྟར་ སྣང་ལ། མི་འདི་དག་གིས་ཁོའི་ལག་ནས་ལུག་ཉོ་བ་མ་ཡིན་པར་དེ་ལས་ལྡོག་སྟེ་གཡོ་ཐབས་ལ་ བརྟེན་ནས་འཕྲོག་རྩིས་བྱེད་ཀྱིན་ཡོད་ཀྱང་ཁོས་དེ་འཕྲལ་ཚོར་རྟོགས་བྱུང་བ་ལོས་ ཡིན་སྙམ་པའི་སྣང་བ་ཞིག་བྱིན་ཡོང༌།
ཁ་ཆེ་བ་དག་ཡ་མཚར་བར་གྱུར་སོང༌།   ཁོ་ཚོས་དོན་དག་ཅི་ཞིག་བྱུང་སོང་བ་མ་ཤེས་པར་ཧ་ཅང་ཡིད་མི་ཆེས་པའི་ངང་ཁོའི་ རྗེས་བསྙེགས་ཡོང་ནས“སྡོད་དང༌། སྡོད་དང༌། ང་ཚོ་ཚོང་འགྲིག་ངེས་རེད་ཡ། ལུག་རེར་སྒོར་ལྔ་བརྒྱ་བྱིན་ན་བཙོང་རྒྱུ་ཨེ་ཡིན”ཟེར། རྣམ་འགྱུར་ལ་བལྟས་ན་སྒོར་ལྔ་བརྒྱ་ནི་ཁོ་ཚོས་སྟེར་ཕོད་པའི་ཆེས་མཐོ་བའི་གྲངས་ ཀ་དེ་ཡིན་པ་འདྲ་ལ། དེ་ཐོས་འཕྲལ་ཁོ་རང་མྱུར་དུ་ཁ་ཕྱིར་འཁོར་ནས་ཡོང་ངེས་རེད་སྙམ་གྱིན་པ་དང་ཡང་ མཚུངས།
ཁོས་མུ་མཐུད་དུ“ངས་ལུག་བཙོང་རྒྱུ་མིན།  ངས་ཕྱིར་ཁྲིད་དེ་འགྲོ་རྒྱུ་ཡིན”ཟེར་བཞིན་ལུག་གཉིས་ཕར་ཙམ་བདས་པ་ན། ལུག་གཉིས་ཀས་ཀྱང་ཁོའི་བསམ་ཚུལ་རྟོགས་ཀྱིན་པ་ལྟར་ཤར་རེར་ཚོང་རའམ་བཤས་རའི་ སྒོ་ཕྱོགས་སུ་བརྒྱུགས་པར་བྱེད།
ཁ་ཆེ་རེ་གཉིས་ད་དུང་ཁོའི་རྗེས་བཞིན་དུ་དེད་ཡོང་ནས“ཚོང་ཡ།  ཨ་རོགས།  ཁྱོད་ཀྱིས་ངོ་མ་མི་འཚོང་ངམ། འོ་ན་ལུག་འདི་གཉིས་ཁྱོད་རང་ཉིད་ཀྱི་མིན་ནམ”ཞེས་འདྲི་བར་བྱེད།
ཁོས་ཁོ་ཚོའི་སྐད་ཆར་དོ་སྣང་མི་བྱེད་པར“ལུག་ངའི་ཡིན།   འོན་ཀྱང་ངས་བཙོང་མི་འདོད”ཅེས་བཤད་བཞིན་དངངས་འཚབ་ངང་ལུག་གཉིས་དེད་ནས་ཁོ་ ཚོའི་བསྐོར་བ་ལས་ཐར་ཐབས་བྱས། ཕར་བལྟས་ཚོད་དུ་ཁ་ཆེ་བ་དག་གིས་བཤའ་དགོས་པ་ནི་ལུག་གཉིས་ཀ་མ་ཡིན་པར་དེ་ལས་ ལྡོག་སྟེ་ཁོ་རང་ཉིད་ཡིན་པ་ལྟར་བྲེལ་བྲེལ་འཚབ་འཚབ་ངང་ཕྱིར་རྒྱ་སྲང་གི་ཕྱོགས་ སུ་བསྙེགས།
ཁ་ཆེ་བ་དག་གིས་ཀྱང་ཁོ་རང་གི་རྒྱུན་ལྡན་མིན་པའི་བཟོ་ལྟ་དེ་མཐོང་འཕྲལ་ཧ་ཅང་ཡ་ མཚར་བར་མ་ཟད་ཕལ་ཆེར་ལུག་འདི་གཉིས་ཁོས་བརྐུས་ཡོང་བ་འདྲ་སྙམ་པ་ལྟར་མུ་མཐུད་ དུ་རྗེས་བསྙེག་མཚམས་བཞག་བྱུང༌། ཁོ་རང་དེ་ལྟར་ཁ་ཆེ་བ་དག་དང་གྱེས་ཐབས་བྱས་པ་ན་ལྟག་རྒྱབ་ནས་ཧ་ཅང་རྣར་གཟན་པའི་ དགོད་སྒྲ་སྣ་ཚོགས་ཤིག་གྲག་འོང་ལ། མི་ཞིག་གིས་ད་དུང་ཧ་ཅང་གསལ་བོའི་ངང“མི་འདི་ལ་རྩ་གཅིག་མི་ཚང་བར་འདུག”ཟེར་ གྱིན་པ་ཐོས་བྱུང༌།
ཁོས་ལུག་གཉིས་ཀ་དེད་དེ་ཕྱིར་རྒྱ་སྲང་དུ་ཐོན་འཕྲལ་གཞི་ནས་སེམས་ནས་ལུག་གཉིས་ ཀ་སྤྱང་ཀིའི་ཁ་ནང་ནས་བསྐྱབས་པ་ལྟར་སེམས་ཁམས་ཅུང་བག་ལྷོད་པར་གྱུར་སོང༌།    ཁོས་ལུག་གཉིས་ཀར་ལྟ་བཞིན་དུ“ངས་ད་བར་དུ་ཁོ་ཚོ་འཚོ་སྐྱོང་བྱས་འོང་བ་རེད་པས་ འདི་ལྟ་བུའི་མནར་གཅོད་དྲག་པོས་འཆི་ལམ་དུ་རྫོངས་ག་ལ་ཕོད”སྙམ། སྐབས་འདིར་ལུག་གཉིས་ཀས་ཀྱང་ཁོ་ཚོ་གཤིན་རྗེའི་སྒོ་རྩ་ནས་ཕྱིར་ཐར་སོང་བ་ཤེས་ ཀྱིན་པ་ལྟར་མགོ་བོ་ཀྲོག་ཀྲོག་པོར་གྱུར་ཞིང་འབའ་སྐད་བཏོན་བྱུང་ལ།    དེ་ནི་རང་ཉིད་ཀྱི་ལུག་ཁྱུ་འཚོལ་བའམ་ཡང་ན་ཁོ་རང་ལ་གསལ་འདེབས་བྱས་ཏེ་ཁོང་ གཉིས་མྱུར་དུ་ཁྲིད་དེ་ཕྱིར་ལུག་ཁྱུར་མངགས་རོགས་ཟེར་གྱིན་པ་དང་མཚུངས། དེ་མཐོང་ནས་ཁོའི་གདོང་ལ་རྒྱལ་ཁའི་འཛུམ་ཞིག་ལངས་པར་གྱུར་ན་ཡང་དེ་མ་ཐག་ཏུ་ སླར་ཡང་ཁྱིམ་ནང་དུ་ཟ་མ་ཚར་ཡོད་པས་ཨ་ཕས་བཟའ་ཕྱེ་ཉོས་ལ་ཤོག་ཅེས་མངགས་བཅོལ་ བྱས་པ་ཡིད་དུ་དྲན་ནས་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར།
ད་ལྟ་ཁོས་ལག་ཏུ་སྒོར་རྡོག་འགའ་ལས་མེད་པས་བཟའ་ཕྱེ་ནི་ཇི་ལྟར་ཉོའམ།  ཁོས་ལུག་ཀྱང་མ་བཙོང་ལ་བཟའ་ཕྱེ་ཡང་མ་ཉོས་པར་འདི་ལྟར་ལག་པ་སྟོང་བར་ཕྱིར་ལོག་ ཚེ་ཨ་ཕས་ཀྱང་ནུས་པ་ཅི་ཡང་མེད་པའི་གླེན་པ་གཏི་ཐུག་རང་རེད་སྙམ་ནས་ཡིད་ཆད་པར་ འགྱུར་ངེས་རེད།  དེ་ལས་ཀྱང་ཚབས་ཆེ་བ་ནི་ཁྱིམ་ནང་དུ་བཟའ་ཕྱེ་མེད་པར་བཟའ་མི་གང་བོས་ཉི་མ་ཇི་ ལྟར་སྐྱེལ་ལམ།   ཉི་མ་གཅིག་ལ་ཡང་མེད་ན་མི་ཆོག་པར་འདུག   ད་དུང་ཁྱིམ་ནང་གི་བཀལ་འཁེལ་ཐགས་འཐག་དང་ནང་ལས་ཐམས་ཅད་བུད་མེད་ཚོའི་ལས་ཀ་རེད་ ཅིང་ཕྱུགས་འཚོ་བ་དང་ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་སོགས་ཕྱི་ཡི་བྱ་ བ་ཐམས་ཅད་ནི་སྐྱེས་པ་ཚོའི་ལས་ཀ་རེད་པས།  གལ་ཏེ་ཁྱིམ་ནང་གི་ཁ་རྒྱབ་ཀྱི་དོན་དག་ཀྱང་བསྒྲུབས་མ་ཐུབ་ཚེ་སྐྱེས་པ་ཕོ་ལུས་ ཤིག་བླངས་པར་དོན་གྱིས་སྟོང་བ་མ་རེད་དམ། ཁོས་དེ་ལྟར་སྙམ་བཞིན་དུ་སེམས་ལ་འཚབ་སྣང་ཞིག་སྐྱེས་ཤིང་རང་དབང་མེད་པར་ཕར་ལྟ་ ཚུར་ལྟ་བྱེད་དགོས་བྱུང༌།  རྒྱ་སྲང་གི་མི་དག་གིས་ཁོ་རང་ལ་དོ་སྣང་ཅི་ཡང་བྱེད་ཀྱིན་མི་འདུག  ལན་རེར་མི་རེ་གཉིས་ཀྱིས་ལུག་གཉིས་ལ་ཡིད་སྨོན་པའི་ངང་ཞིབ་ལྟ་རེ་བྱེད་པའི་ ཞོར་དུ་ཁོའི་ཕྱོགས་སུ་ལྟ་ཙམ་རེ་བྱེད་མོད། ཁོ་རང་གིས་འཚོང་འདོད་ཀྱིན་མེད་པ་རྟོགས་འཕྲལ་དེ་མ་ཐག་ཏུ་རང་རང་གང་དུ་འགྲོ་ བའི་སར་བུད་འགྲོ  ལུག་གཉིས་ཀས་ནི་ཕྱིར་ལུག་ཁྱུའི་གྲལ་དུ་འགྲོ་བར་བྲེལ་བ་ལྟར་ཁོའི་ཕྱོགས་སུ་ ལྟ་བཞིན་དུ་འབའ་སྒྲ་ཡང་ཡང་སྒྲོག་པར་བྱེད་ན་ཡང་ཁོ་རང་ནི་དེ་ལས་ལྡོག་སྟེ་ ཕྱིར་ཡུལ་དུ་འགྲོ་མི་ཕོད་པར་ཅི་བྱ་གཏོལ་བྲལ་དུ་ལུས་ཤིང་ཧ་ཅང་ཡི་མུག་པར་ གྱུར། ཁོ་རང་འུ་ཐུག་བཞིན་དུ་སེམས་ལ་དངོས་ནས་ལག་ཏུ་སྒོར་མོ་མེད་ཚེ་མི་ནི་ཅི་འདྲའི་ ནུས་ཟད་ཅིག་རེད་ཨང༌། ཡིན་ན་ཡང་སྒོར་མོ་ནི་མི་ཡིས་བཙལ་དགོས་པ་མིན་ནམ་སྙམ།
སྐབས་དེར་ཁོའི་སེམས་ལ་གཞི་ནས་ཐབས་ཤེས་ཤིག་དྲན་བྱུང༌།  དེ་ནི་རྒྱ་སྲང་ཉུལ་ཏེ་སྡེ་བ་གཅིག་ཡིན་པའི་མི་ཞིག་ལ་སྒོར་མོ་བསྐྱིས་རྗེས་ ཡུལ་དུ་བཟའ་ཕྱེ་ཉོ་དགོས་སྙམ།  ཁོས་ཇི་ལྟར་འདང་བརྒྱབ་ཀྱང་དེ་ལས་ལྷག་པའི་ཐབས་ཤེས་ལེགས་པོ་ཞིག་མི་འདུག  དེ་ལྟར་བྱས་ན་ལུག་ཀྱང་བཙོང་དགོས་མ་བྱུང་བ་རེད་ལ་བཟའ་ཕྱེ་ཡང་ཉོ་ཐུབ་པར་གྱུར་ བ་མ་རེད་དམ།  ཁོས་དེ་མུར་ལུག་གཉིས་ཀ་འགྲམ་རོལ་གྱི་གློག་སྡོང་ཞིག་ལ་བཏགས་ནས་དེ་གར་རྒྱབ་ བསྙེས་འདུག་སྟེགས་ཤིག་གི་སྟེང་དུ་ཉི་མར་ལྡེ་ནས་སྡོད་པའི་རྡོ་སོལ་འཚོང་བའི་ རྒད་པོ་ལོ་ལོན་དེའི་གན་དུ་ཕྱིན་ནས“ངས་ཁྱོད་ལ་སྒོར་ལྔ་བྱིན་ཆོག  ཁྱོད་ལ་ལུག་འདི་གཉིས་ཅུང་ཙམ་དུ་བཅོལ་ན་ཨེ་ཆོག”ཅེས་དྲིས།
རྡོ་སོལ་འཚོང་བའི་རྒད་པོས་ཧ་ཅང་ཐེ་ཚོམ་དང་བཅས་ལུག་གཉིས་ལ་ལྟ་ཙམ་བྱས་རྗེས་སླར་ཡང་ཁོ་ལ་ཅེར་ཏེ“ལུག་གཉིས་ཤོར་སོང་ན་ངས་ཟིན་ནམ”ཟེར། ཁོས་གདེང་ཚོད་ཡོད་པའི་ངང“ལུག་གཉིས་འཆོར་མི་སྲིད”ཅེས་ལན་བཏབ།  ཁོ་རང་ཡང་རྒྱ་སྲང་གི་མི་ཚོགས་ཀྱི་འཚངས་ཀའི་ཀློང་དུ་འགྲོ་བཞིན་འདུག   མི་ཚོགས་ནི་ཧ་ཅང་མང་སྟེ།  གང་བྱུང་དུ་འཆམ་གཡེང་དུ་ཡོང་བའི་མཁར་གྲོང་དུ་རྒྱུན་སྡོད་བྱེད་པའི་མི་དག་དང་ཉེ་སར་ཡོད་པའི་སྡེ་བ་དག་ནས་ཉོ་ཚོང་བྱེད་དུ་ཡོང་བའི་རོང་འབྲོག་པ། ས་ཕྱོགས་གཞན་ནས་གྱོན་གོས་སམ་ཅ་ལག་གི་དངོས་པོ་འཚོང་དུ་ཡོང་བའི་ཚོང་བ་དག་དང་ ཉེ་རོལ་ནས་ཡོང་བའི་སྔོ་ཚོད་དང་ཟས་རིགས་རྩག་རྩིག་འཚོང་བའི་ཞོར་ལས་པ་སོགས་ ཡིན་པར་འདུག   ཁོས་དེ་དག་གི་ཁྲོད་ནས་རང་ཉིད་དང་སྡེ་བ་གཅིག་ཡིན་པའི་མི་ཞིག་ཨེ་མཐོང་ལ་རེ་བ་ བྱས།    ཁོའི་ཚོར་བ་ཞིག་ལ་ལག་ཏུ་སྒོར་མོ་ཡོད་དུས་ཀྱི་རྒྱ་སྲང་དང་ལག་ཏུ་སྒོར་མོ་མེད་ དུས་ཀྱི་རྒྱ་སྲང་གཉིས་ནི་གཏན་ནས་མི་འདྲ་བར་འདུག  སྒོར་མོ་མེད་པའི་དུས་སུ་རྒྱ་སྲང་འདི་ཡོངས་རྫོགས་ཀྱང་རང་ཉིད་ལ་འབྲེལ་བ་ཅི་ ཡང་མེད་པའི་མཁར་གོག་ཅིག་ལས་ཅི་ཡང་མ་ཡིན་པ་དང༌།  རྒྱ་སྲང་གི་ཚོང་རྫས་དག་ནི་ཅི་འདྲའི་སྣ་འཛོམས་ཤིང་མིག་ལ་མཛེས་ཀྱང་བལྟ་འདོད་ ཀྱི་སྤྲོ་བ་མེད་ལ། ད་དུང་གཡས་གཡོན་དུ་འགྲོ་འོང་གི་འདུ་འགོད་བྱེད་པའི་མི་དག་གམ་རང་རང་གི་ལས་ལ་ བྲེལ་བའི་ཚོང་ཁང་གི་སྦྱིན་བདག་དག་གིས་ཀྱང་ཁོ་རང་ནི་མི་ལྷག་མ་ཞིག་ཏུ་སྙམ་པ་ ལྟར་མིག་གིས་ལྟ་གྱིན་མེད་པ་ལྟར་སྣང༌།  ཁོ་དང་འདྲ་བར་ཉེ་ས་ནས་ཡོང་བའི་རོང་འབྲོག་པ་རྣམས་ནི་བལྟས་ཚོད་དུ་དལ་ལྷོད་ངང་ འགྲོ་གྱིན་ཡོད་ན་ཡང་ཧ་ཅང་ གྲིམ་པའི་མིག་ཟུང་དག་ནི་སྐད་ཅིག་ལ་ཁོམ་པ་མེད་པར་ཕར་ལྟ་ཚུར་ལྟ་བྱེད་བཞིན་རང་ རང་དམིགས་བྱ་གང་ཡིན་པ་དེ་འཚོལ་བར་བྲེལ་གྱིན་འདུག    ཡིན་ན་ཡང་ཁོ་རང་ལ་མཚོན་ན་གཡས་གཡོན་གྱི་ཚོང་རྫས་དག་ནི་ཁོ་དང་འབྲེལ་བ་ཅི་ཡང་ མེད་པར་མཁོ་མེད་ཀྱི་ལྷག་མ་ཤ་སྟག་ཏུ་གྱུར་ཡོད་པས། ཁོ་རང་མི་ཚོགས་ཀྱི་གསེང་དུ་འགྲོ་བཞིན་དུ་སྔ་གཞུག་ཀུན་ཏུ་མགོ་བོ་ད་རུ་བཞིན་ འཁོར་ཏེ་མཐའ་འཁོར་གྱི་མི་རེ་རེའི་ངོ་གདོང་ལ་མིག་ཉུལ་བྱས་ཏེ་འགྲོ་བ་ནི་ཕལ་ ཆེར་ཉེན་རྟོག་པ་ཞིག་གིས་བྲོས་ཤོར་དུ་གྱུར་བའི་ཉེས་ཅན་ཞིག་འཚོལ་བར་བྱེད་པ་ དང་ཡོངས་སུ་མཚུངས།  ཁོ་རང་སྒེར་ཚོང་ཁྲོམ་རའི་མདུན་སྒོའི་གཡས་ཕྱོགས་ཀྱི་རྡོའི་སེང་གེ་དེའི་འགྲམ་ དུ་ཐོན་འཕྲལ་གློ་བུར་དུ་གོམ་པ་ལེན་མཚམས་བཞག་བྱུང༌། མགོ་བོ་དཀྱོགས་ནས་སྒེར་ཚོང་ཁྲོམ་རའི་ནང་རོལ་གྱི་མིའི་འདུ་ཚོགས་ལ་བལྟས། མཐའ་འཁོར་གྱི་འབྲོག་པ་དག་གིས་ཉོ་ཚོང་བྱེད་ཡུལ་གཙོ་བོ་ནི་སྒེར་ཚོང་ཁྲོམ་རའི་ནང་ཡིན་པས་ཁོས་ཀྱང་དེ་གར་ངོ་ཤེས་ཤིག་ལ་འཕྲད་ཀྱང་སྲིད་ངེས་རེད་སྙམ་མུར་རང་ དབང་མེད་པར་གོམ་པ་ཡང་དེ་ཕྱོགས་སུ་བསྒྱུར།
ཁོ་རང་སྒེར་ཚོང་ཁྲོམ་རའི་ནང་དུ་ཕྱིན་ཏེ་བསྐོར་བ་ལན་འགའ་བྱས་ཀྱང་སྡེ་བ་གཅིག་ ཡིན་པའི་མི་ཞིག་ཕར་ཞོག་ཐ་ན་ངོ་ཤེས་རྒྱུས་ཡོད་ཅིག་དང་ཡང་ངོ་འཕྲད་མ་བྱུང༌། དེ་སྔ་ཁོ་རང་སློབ་གྲྭའི་ནང་དུ་ཡོད་དུས་ཀྱང་ལན་རེར་རྒྱ་སྲང་དུ་ཡོང་ཙམ་བྱས་ན་ ཡང་སྡེ་བའི་མི་དག་དང་གང་བྱུང་ངང་འཕྲད་ཀྱིན་ཡོད་མོད་དེ་རིང་གཅིག་ཀྱང་མཐོང་ རྒྱུ་མེད་པ་ཅི་ཡིན་ནམ།  མཁོ་བའི་དུས་སུ་མི་གཅིག་ཀྱང་མི་འདུག་པས་ཧ་ཅང་ཡི་མུག་པར་གྱུར་སོང༌། ཁོའི་སེམས་ལ་ད་ནི་ལུག་གཉིས་ཀ་བཙོང་བ་ལས་ཐབས་མི་འདུག་སྙམ་པ་ན་ཁོའི་སེམས་ ཀྱིས་དེ་འཕྲལ་ངོ་རྒོལ་བྱས་བྱུང༌།  “དེ་འདྲ་བྱེད་ག་ལ་རུང༌།  ལུག་ཡིན་ཡང་སེམས་ཡོད་པ་རེད་པས་གསོན་པོར་རང་ཉིད་འཆི་དགོས་ཚུལ་སྔོན་ལ་ལྟ་རུ་ འཇུག་པ་ནི་ཧ་ཅང་གདུབ་རྩུབ་ཆེ་དྲགས་པ་རེད།  ངས་དེ་ལྟར་བྱེད་མི་ཕོད”ཁོས་སླར་ཡང་ངོ་ཤེས་ཤིག་ཨེ་མཐོང་ལ་རེ་བ་བྱེད་བཞིན་ གོམ་པ་མྱུར་འགྲོས་བྱས།  གློ་བུར་དུ་མི་ཞིག་དཀར་ཡུག་གེར་ཁོའི་མདུན་དུ་བརྒྱུགས་ཐོན་ཏེ་མདུན་བཀག་བྱུང་ བས་ཁོ་རང་ཧད་སེར་བཏང་སོང༌།
“ཨ་ཙི།   ཁྱོད་ཡིན་ནམ།  ཁྱོད་ཀྱིས་ང་ངོས་ཟིན་གྱིན་ཨེ་འདུག”    ཁོས་མིག་རིག་རིག་གིས་ཅི་ཞིག་འཚོལ་བ་ལྟར་ཚུར་ཡོང་གིན་པའི་སྐབས་སུ་བུ་མོ་ཞིག་ མདུན་དུ་ལྡིང་ཡོང་སྟེ་སྤྲོ་སྣང་ཆེན་པོས་དེ་ལྟར་དྲིས་བྱུང༌།
ཁོས་ནི་ཡོང་ཞོར་དུ་མི་ཚང་མའི་ངོ་གདོང་ལ་ལྟ་ཞིབ་བྱེད་ཀྱིན་ཡོད་ན་ཡང་ཁོ་མོར་ དོ་སྣང་བྱེད་ག་ལ་སྲིད། ཁོ་མོའི་སྣང་བརྙན་ནི་ཁོས་ཨེ་མཐོང་བར་རེ་ཞིང་སེམས་ཀྱིས་འཚོལ་གྱིན་པའི་མི་དག་ གི་སྣང་བརྙན་དག་ལས་ཡོངས་སུ་བརྒལ་ཡོད་དེ།   ལུས་ལ་སྨན་པའི་ལྭ་བ་ལྟ་བུའི་ཤམ་རིང་དཀར་བོ་ཐར་རྐྱང་ཞིག་གོན་འདུག་ཅིང༌།   མགོ་སྐྲ་སིལ་བུར་འཁྱིལ་བར་བྱས་ཏེ་ལྟག་རྒྱབ་ཏུ་འཕྱང་འདུག་པས་ཁོ་ཚོའི་སྡེ་ བའི་ནང་དུ་ཁོ་མོ་ལྟ་བུའི་མི་ཞིག་ག་ལ་ཡོད། འོན་ཀྱང་ཁོ་མོ་གློ་བུར་དུ་མདུན་དུ་ལྡིང་ཡོང་སྟེ་དེ་ལྟར་དྲིས་པས་ཁོ་རང་རེ་ ཞིག་རྟབ་རྟབ་པོར་གྱུར་སོང༌། དོགས་ཟོན་དང་བཅས་མིག་མདུན་དུ་ལངས་ཡོད་པའི་ཁོ་མོའི་གདོང་ལ་ཅེར་ནས་སྡོད་དགོས་ བྱུང༌།
བུ་མོ་དེ་སྔར་བཞིན་དགོད་ཀྱིན་དུ“ཁྱོད་ཀྱིས་ང་ངོ་མི་ཤེས་སམ།  ང་ཚེ་རིང་སྒྲོལ་མ་ཡིན། ད་ནི་སློབ་གྲོགས་ཀྱང་བརྗེད་སོང་ངམ”ཞེས་དྲིས་བྱུང༌།  ཁོ་མོས་རང་མིང་གསལ་བོར་བཤད་བྱུང་པ་དེས་ཁོའི་ཀླད་པའི་ནང་དུ་ཡང་རང་དབང་མེད་ པར་ལོ་གསུམ་སྔོན་གྱི་སློབ་གྲོགས་ཚེ་རིང་སྒྲོལ་མའི་གཟུགས་བརྙན་དེ་གསལ་ལ་མི་ གསལ་བའི་ངང་གློག་བརྙན་བཞིན་དུ་འཆར་ཙམ་བྱས་བྱུང༌།  དངོས་གནས་ཁོ་མོ་ཡིན་འདུག  ཁོས་ཀྱང་ཁོ་མོ་ངོ་ཅི་ལ་མི་ཤེས་ཏེ་ཁོང་གཉིས་ནི་མཐོ་འབྲིང་ལ་བུད་མ་ཐག་པའི་ དུས་ཀྱི་འཛིན་གྲྭ་གཅིག་གི་སློབ་གྲོགས་ཡིན་པར་མ་ཟད་ཐ་ན་དེ་དུས་ཁོ་རང་སློབ་ གྲྭ་ནས་ཕྱིར་ཡུལ་དུ་འབྲོ་དོན་ཡང་ཁོ་མོ་དང་འབྲེལ་བ་ཡོད་པ་མིན་ནམ། ཨ་ཙི། ཁོ་མོས་འདི་གར་ཅི་བྱེད་ཀྱིན་ཡོད་པ་ཡིན་ནམ།  ཁོ་མོ་ནམ་ཞིག་ལ་སྨན་པ་ཞིག་བྱས་པ་ཡིན་ནམ། ཁོ་རང་ནི་རེ་ཞིག་རི་མོའི་གཟུགས་བཞིན་དུ་གྱུར་ཏེ་ཁོ་མོའི་གདོང་ལ་ཅེར་ནས་ སྡོད་དགོས་བྱུང༌།
“ཅི་རེད།  ངོ་མི་ཤེས་སམ” ཚེ་རིང་སྒྲོལ་མས་སླར་ཡང་ཁོ་ལ་དྲན་སྐུལ་ཞིག་བྱས་ནས་བགད་བྱུང་ལ། དགོད་སྒྲ་དེ་ནི་ཁོ་རང་ཐེ་ཚོམ་གྱི་དྲ་བ་ལས་སློང་བར་སྐུལ་བའི་ཅོང་སྒྲ་ཞིག་དང་ འདྲ་བར་ཧ་ཅང་གསལ་བས། མཐའ་འཁོར་དུ་ཡོད་པའི་མི་ཀུན་གྱིས་ཀྱང་གསལ་བོར་ཐོས་ཡོད་ངེས་རེད།
“ཁྱོད... ...ཁྱོད་ཡིན་ནམ། ངོ་ལོས་ཤེས... ...”ཁོས་དེ་ལྟར་བཤད་རྗེས་གཞི་ནས་རང་ཉིད་ཀྱི་ད་ལྟའི་ལུས་ཀྱི་ཆ་བྱད་ལ་ལྟ་ཙམ་ བྱེད་བཞིན་དུ་ཅུང་ངོ་གནོང་བར་གྱུར་ཏེ་ཁོ་མོའི་གདོང་ལ་ཐད་ཀར་ལྟ་མི་ཕོད་པ་ ལྟར་གྱུར་སོང༌། ཁོས་སྔར་བཞིན་གཡས་གཡོན་གྱི་མི་ཚོགས་ཁྲོད་དུ་ལྟ་ཙམ་བྱེད་བཞིན“ཁྱོད་བདེ་མོ་ ཡིན་ནམ”ཞེས་འཚམས་འདྲི་མིན་པ་ལྟ་བུའི་འཚམས་འདྲི་ཞིག་བྱས།
“བདེ་མོ་ཡིན། ང་ཚོ་ཡུན་རིང་ལ་ངོ་འཕྲད་མ་བྱུང”ཚེ་རིང་སྒྲོལ་མ་ནི་དེ་ལས་ལྡོག་སྟེ་ཧ་ཅང་ སྤྲོ་སྣང་ཆེན་པོའི་ངང་ཐེ་ཚོམ་ཅི་ཡང་མེད་པར་ཁོའི་ཕུ་ཐུང་ནས་བཟུང་སྟེ“འགྲོ  ང་འདི་གར་ཡོད་པས་ང་ཚོ་ཁང་བའི་ནང་ལ་འགྲོ་སྟེ་ཁ་བརྡ་བྱེད”ཟེར།
ཁོ་རང་ཅུང་རྟབ་རྟབ་པོར་གྱུར་སོང༌། ཁོས་ནི་ད་ལྟ་སྡེ་བའི་ནང་གི་མི་ཞིག་ལ་ཨེ་འཕྲད་ལ་བྲེལ་བཞིན་ཡོད་པས་ཁོ་མོ་དང་ ཁ་བརྡ་བྱས་ནས་འདུག་ཁོམ་ག་ལ་ཡོད། སྐབས་དེར་ཁོས་ཕྱི་ནུར་སྒོས་ཁོ་ལ་ད་དུང་བྱ་བ་ཡོད་ཚུལ་བཤད་འདོད་མོད་ཁོ་མོས་ དེ་ལྟར་བཤད་པའི་གོ་སྐབས་ཀྱང་མ་བྱིན་པར། “ཅི་རེད།  ཁྱོད་ཀྱིས་དེ་འདྲ་འཛེམ་ནས་ཅི་བྱེད།  ང་ལ་ཡང་ལས་རྒྱུ་མི་འདུག་པས་སུན་ཏེ་ཡོད” ཟེར། ཁོ་མོའི་སྐད་ཆའི་ནང་དོན་ལ་བལྟས་ན་ཁོ་མོར་ཅུང་ཙམ་ལ་སྡོད་རོགས་བྱེད་པའི་རེ་བ་ ཞིག་ཀྱང་འདུག་པས་རྗེས་བཞིན་དུ་མི་འགྲོ་ཐབས་མེད་བྱུང༌།
ཚེ་རིང་སྒྲོལ་མས་སྒེར་ཚོང་ཁྲོམ་རའི་རྒྱབ་ཕྱོགས་ཀྱི་ཉིན་ཁར་སྐྲ་བཞར་ཁང་ཞིག་ ཉར་ཡོད་ ཅིང་སྒོ་བྱང་དུ“སྒྲོལ་མའི་སྐྲ་བཞར་ཁང”ཟེར།   ཉེ་བའི་ལོ་འགའི་ནང་དུ་སྒྲོལ་མའི་མིང་སྒོ་བྱང་བྱས་པའི་ལས་རིགས་ཆར་རྗེས་ཀྱི་ ཤ་མོ་འབུས་པ་ལྟར་འབྱུང་གིན་ཡོད་དེ།  “སྒྲོལ་མའི་མགྲོན་ཁང”དང༌། “སྒྲོལ་མའི་གསོལ་ཁང༌།”  “སྒྲོལ་མའི་ཚོང་ཁང༌།”  “སྒྲོལ་མའི་ཚན་སྡེབ།” “སྒྲོལ་མའི་སྐྱེད་ཚལ”སོགས་ཧ་ཅང་མང་བོ་ཐོས་རྒྱུ་འདུག་པ་མ་ཡིན་ནམ།  དེ་བས“སྒྲོལ་མའི་སྐྲ་བཞར་ཁང”ཡང་དེའི་ཁྲོད་ཀྱི་གྲུབ་ཆ་ཞིག་གྱུར་ཟིན་འདུག་པ་ སྟེ། ཁང་བ་གཅིག་ཅན་ཞིག་གི་ནང་དུ་ཡར་ཕུག་ཏུ་མི་རྐྱང་ཉལ་སའི་མལ་ཁྲི་ཞིག་ཡོད་པའི་ གཤམ་དུ་སེང་རས་ཀྱི་ཡོལ་བ་དཀར་བོ་ཞིག་འཐེན་འདུག་པ་དང༌། མལ་ཁྲིའི་མར་གཤམ་གྱི་ནང་སྒོ་དང་ཉེ་སར་རྒྱབ་སྙེས་འདུག་སྟེགས་དགྱེ་སྒུར་བྱེད་ ཆོག་པ་ཞིག་བཞག་ཅིང་དེའི་ཁ་གཏད་ཀྱི་རྩིག་རྡེབ་ངོས་སུ་གྲུ་བཞི་ནར་མོའི་ དབྱིབས་ཀྱི་ངོ་ལྟ་ཆེན་པོ་གཏན་ཆགས་སུ་བཀལ་ཡོད། ངོ་ལྟའི་གཤམ་དུ་སྡིངས་ཀའི་སྟེང་དུ་སྐྲ་བཞར་དང་སོ་མངས་འཇོག་ས་དང་འགབ་ཏུ་ད་ དུང་སྐྲ་སྣུམ་དང་བྱུག་རྫས་སོགས་ཉེར་མཁོའི་དངོས་རྫས་དག་བཤམས་འདུག  རྒྱབ་ཕྱོགས་སུ་འདུག་སྟེགས་རིང་བོ་ཡོད་པའི་སྟེང་དུ་ཅུང་རྙིང་བར་གྱུར་བའི་ དུས་དེབ་འགའ་གྲལ་དག་ངང་བཞག་ཡོད་ཅིང་དེའི་གྱེན་ཐད་ཀྱི་རྩིག་ལྡེབས་ངོས་སུ་ སྐྲ་འཇོག་སྟངས་སྣ་ཚོགས་མཚོན་པའི་གཞོན་ནུ་ཕོ་མོའི་པར་རིས་སྣ་ཚོགས་སྦྱར་འདུག་ པ་བཅས་ཀྱིས་བལྟས་ཚོད་ཀྱིས་ཁང་བའི་ནང་ཡོངས་རྫོགས་ཧ་ཅང་གྲལ་དག་པོར་འདུག
ད་སྔོན་ནོར་བུ་ཁྲོམ་རའི་ནང་དུ་དམིགས་ཡུལ་མེད་པར་འགྲོ་དུས་ཚེ་རིང་སྒྲོལ་མ་ ཡང་སྐྲ་བཞར་ཁང་གི་སྒོ་ཁར་ལངས་ནས་སྐྲ་བཞར་དུ་ཡོང་བའི་མགྲོན་པོ་ཞིག་ལ་རེ་ སྒུག་བྱས་ནས་ཡོད། ད་ནངས་སྔ་སེ་ནས་བཟུང་ད་བར་དུ་མི་གཅིག་ཀྱང་ཐོན་མ་བྱུང་བས། ད་ནི་ཁོ་མོའི་མིག་ཟུང་དུ་ཅུང་སུན་སྣང་དང་རེ་ཆད་ཀྱི་མདངས་ཤིག་ཤར་ཏེ་ཉམས་ ལྷོད་ལྷོད་ངང་འགྲམ་གྱི་ཚོང་ཁང་དག་གི་སྒོ་ཁར་བཤམས་པའི་དངོས་རྫས་དག་མི་རྣམས་ ཀྱིས་ཉོ་ཚོང་བྱེད་པར་བལྟས་ནས་སྡོད་དགོས་བྱུང༌།  ཕར་བལྟས་ན་ཁོ་མོས་མིག་རྡེབ་ཙམ་ཡང་མི་བྱེད་པར་མགྲོན་པོ་དག་གིས་ཉོ་ཚོང་བྱེད་ པར་ལྟ་བཞིན་ཡོད་པ་ལྟར་སྣང་ཡང༌།   དོན་ངོ་མར་ཁོ་མོས་དེ་དག་ལ་དོ་སྣང་ཅི་ཡང་བྱེད་ཀྱིན་མེད་པར་སེམས་གཏིང་དུ་ཡིབ་ པའི་དོན་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད།    ཏག་ཏག་སྐབས་འདིར་ཁོ་མོས་མིག་གི་ལྟ་ཕྱོགས་ཤིག་གིས་ཁོ་རང་མཐོང་བྱུང་བ་རེད།   སྤྱིར་ན་ཁོ་མོས་འདི་གའི་འགྲོ་འོང་བྱེད་པའི་མི་རེ་རེར་དེ་འདྲ་ཞིབ་ལྟ་བྱེད་ མི་སྲིད་མོད་དེ་ནི་སྟེས་དབང་ཞིག་རེད།    ཁོ་མོས་གང་བྱུང་དུ་མིག་ཉུལ་ཞིག་བྱེད་པའི་སྐད་ཅིག་མ་དེར་ཕ་རོལ་ན་སླག་པ་གྱོན་ པའི་གསར་བུ་ཞིག་ཚུར་འོང་གིན་པ་དེ་ཕལ་ཆེར་མཐོང་མྱོང་རྒྱུས་ཡོད་ཅིག་ཡིན་པའི་ ཚོར་བ་འདུག་པས། ཅུང་མཚར་སྣང་དང་བཅས་སླར་ཡང་ཞིབ་ལྟ་ཞིག་བྱས་ཏེ་ཁོ་རང་ངོས་ཟིན་པར་གྱུར་བ་རེད།
ཁོང་གཉིས་སྐྲ་བཞར་ཁང་གི་ནང་དུ་ཡོང་འཕྲལ་ཁོ་མོས་རྒྱབ་ཕྱོགས་ཀྱི་འདུག་སྟེགས་ རིང་བོ་དེའི་སྟེང་དུ་ཁོ་སྡོད་དུ་བཅུག་ཅིང༌།  ལག་པ་ཕུར་ཙམ་བྱས་ཏེ“དགོངས་པ་མ་ཚོམ།  ང་ལ་ཆུ་ཁོལ་ཡང་མེད།  ཁང་བ་ཧ་ཅང་དོག་འདུག་པས་ཅ་ལག་ཀྱང་འཇོག་བློ་མི་འདུག”ཟེར།
ཁོས་དེ་འཕྲལ་དུ་ཅུང་འཚབ་པའི་སྒོ་ནས“མི་་་་མི་དགོས།  ང་ཁ་མི་སྐོམ”ཞེས་བཤད་རྗེས་ཁང་བའི་ནང་དུ་བསྐོར་ལྟ་ཞིག་བྱས།   སྐབས་འདིར་ཁོས་གཞི་ནས་ཁོ་མོས་སྐྲ་བཞར་གྱིན་ཡོད་པ་རྟོགས་པ་ཡིན།    ཁོའི་སེམས་ལ་ཁང་བ་ནི་དངོས་གནས་ཅུང་དོག་འདུག་མོད་འོན་ཀྱང་སྐྲ་བཞར་ཁང་ཞིག་ལ་ ཁང་བ་དེ་འདྲ་ཆེ་ནས་ཀྱང་ཅི་བྱེད་དམ་སྙམ། ཚེ་རིང་སྒྲོལ་མ་ཡང་ཚུར་ཡོང་སྟེ་ཁོའི་འགབ་ཏུ་སྡོད་ཞོར་དུ་དགོད་ཙམ་བྱས་ ནས“སློབ་ཆེན་དུ་རྒྱུགས་མ་འཕྲོད་པས་སྐྲ་བཞར་ཁང་འདི་གཉེར་བ་ཡིན། ད་ལྟ་ང་ཚོ་བོད་ཀྱི་གཞོན་ནུ་ཕོ་མོའི་ཁྲོད་དུ་ཆེད་ལས་ཆུང་བ་འདི་རིགས་གཉེར་ མཁན་མི་འདུག་པ་ནི་སྟོང་ཆ་ཆེན་པོ་ཞིག་རེད”ཟེར།

ཁོ་རང་དང་བཅས་པའི་ཁྱིམ་མི་དག་གིས་འདི་ལྟར་ བཀྲེས་ལྟོགས་དང་གྲང་ངར་ཅི་ཡང་མྱོང་མ་དགོས་པར་འཚོ་བ་སྐྱིད་པོ་རོལ་ཡོང་བ་མ་ རེད་དམ། ཁོས་ཧ་ཅང་འུ་ཐུག་ངང་ཨ་ཕའི་བཀའ་དང་ལེན་བྱེད་དགོས་བྱུང༌།
ཁོས་ནི་ཡང་བསྐྱར་ཁེ་ཉིན་གྱི་ལུག་དེ་གཉིས་འཚོང་ག་ལ་ཕོད། ཉིན་དེར་ཁོང་གཉིས་ཀ་དངོས་སུ་བཙོང་ནས་བཤའ་རུ་བཅུག་མེད་ཀྱང་ཁོང་གཉིས་ཀ་བཤས་ རར་ཁྲིད་དེ་དེ་གའི་ཡོད་ཚད་མིག་ མཐོང་བྱུང་ཡོད་པས་མགོ་ལ་དམར་གསོད་ཐེངས་གཅིག་བྱས་པ་ལྟ་བུའི་འཇིགས་སྐྲག་དེ་ མྱངས་ ཡོད་པ་རེད། ཁོས་ངག་ནས་ཡ་ལན་བྱིན་ཡང་ལྐོག་ཏུ་ལུག་གཞན་པ་གཉིས་ལ་བརྗེ་ནས་ཁྲིད་དེ་ཡོང་བ་ རེད། ད་བར་དུ་ཁོས་མི་གཞན་ལ་རྫུན་གཏམ་གཅིག་ཀྱང་བཤད་མ་མྱོང་བས། ནམ་རྒྱུན་ཁོས་སྐད་ཆ་ཅི་ཞིག་བཤད་ཀྱང་སྡེ་བའི་མི་ཚང་མས་ཁོས་རྫུན་གཏམ་མི་སྲིད་ པས་དེ་ལྟར་ཡིན་ངེས་རེད་ཟེར་གྱིན་ཡོད་ལ། ལྷག་པར་དུ་ཨ་ཕ་ནི་ཁོ་རང་ལ་ཡིད་ཧ་ཅང་ཆེ་བ་ཡིན། ཁོའི་སེམས་ལ་ཧ་ཅང་འུ་ཐུག་ཡོད་པའི་སྐབས་སུ་རྫུན་རེ་ཡང་མི་བཤད་ག་མེད་རེད་སྙམ།
ཁོས་ལུག་གཉིས་ཀ་ཁྱེར་ཏེ་རྫོང་མཁར་དུ་ཐོན་མ་ཐག་ཁེ་སྔོན་ལྟར་ཁ་ཆེ་དག་དེ་མ་ཐག་ ཏུ་མཐའ་རུ་རུབ་བྱུང་མོད། ད་ནི་ཁོ་རང་ལ་ཡང་ཉམས་མྱོང་ཡོད་པར་གྱུར་བས་དོན་མེད་ཀྱི་འཚབ་སྣང་ཅི་ཡང་སྐྱེས་ མ་བྱུང༌། འོན་ཀྱང་ལུག་གཉིས་ཀ་ནི་གློ་བུར་དུ་མི་མང་གིས་བསྐོར་བྱུང་བས་སྐྲ ག་དྲགས་ཏེ་ཧ་ཅང་ཉམ་ཞན་ངང་མགོ་བོ་དུད་ནས་འདར་ཤིག་ཤིག་བྱེད་ཀྱིན་འདུག་པས་དེ་ སྔོན་ལུག་ཁྱུ་ན་ཡོད་དུ ས་ཀྱི་ལུས་ཀྱི་བོངས་དང་བལ་གྱི་གཟི་མདངས་ཡོད་ཚད་ཀྱང་སྐད་ཅིག་ཉིད་ལ་གར་སོང་ཆ་ མེད་དུ་གྱུར་འདུག ད་ནི་ལུག་གི་རྣམ་འགྱུར་དེ་དག་ཀྱང་ཁོ་རང་ལ་འདྲིས་ཆ་ཡོད་པར་གྱུར་བས་དེ་སྔ་ལྟ་ བུའི་སྙིང་རྗེ་བའི་ཚོར་སྣང་དྲག་པོ་དེ་འདྲ་ཡང་མེད་པར་གྱུར༌། ཁ་ཆེ་བ་དག་གིས་རང་རང་ས་ནས་ལག་གང་སྔ་བྱས་ཏེ་ལུག་གང་ཉོ་རྒྱུ་ཡིན་པར་ངོས་གདགས་ ཀྱིན་འདུག་ཅིང༌། དེ་དག་གི་ཁྲོད་དུ་ཁེ་སྔོན་ལུག་ཉོ་རྩིས་བྱས་པའི་མི་རེ་གཉིས་ཀྱང་འདུག་པས། ཁོ་ཚོས་ཀུ་རེ་འམ་བདེན་གཏམ་འདྲེས་མའི་ངང༌།“ཡ་ཨ་རོགས། དེ་རིང་ལུག་འཚོང་རྒྱུ་ཨེ་ཡིན”ཟེར།
ཁོས་འདང་རྒྱག་ཅི་ཡང་མེད་པའི་སྒོ་ནས“འཚོང་རྒྱུ་ཡིན་ཟེར་ནས་ཁྲིད་ཡོང་བ་ཡིན། དེ་མ་གཏོགས་ང་རང་འདི་གར་ཡོང་དོན་མེད”ཅེས་བཤད།
ཁ་ཆེ་བ་གཞན་གཅིག་གིས་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པའི་ཚུལ་གྱིས“ལུག་འཚོང་ ངེས་རེད། ང་ཚོས་དེད་ནས་ལུག་འཚོང་སར་འགྲོ་ལ་གོང་གཏམས་ཆོག གོང་ཡང་འགྲིག་ངེས་རེད”ཟེར།
ལུག་འཚོང་ས་ཟེར་བ་ནི་ཁེ་སྔོན་སོང་བའི་བཤས་རའི་ནང་ཟེར་གྱིན་པ་རེད་པས་ཁོས་དེ་ འཕྲལ་འཚེར་སྣང་དང་བཅས་ཏེ“ལུག་འཚོང་སར་འགྲོ་མི་འདོད། ཉོ་ངེས་ན་འདི་གར་གོང་གཏམས་ཆོག”ཅེས་བཤད་ནས་རྐང་འོག་གི་གནས་འདི་གཞན་གྱིས་ འཕྲོག་འགྲོ་བར་དོགས་པ་ལྟར་གོམ་པ་བརྟན་པོ་བྱས་ནས་འགུལ་རྒྱུ་མིན་པའི་བཟོ་ལྟ་ བསྟན།
ཁ་ཆེ་བ་དེ་ཡང་ཡ་མཚར་བ་ལྟར་གྱུར་སོང༌། “དེ་ཅི་རེད། འདི་གར་འཚོང་བརྒྱབ་ན་བཟོ་ཚོང་ཅུས་ང་ཚོར་ཆད་པ་གཅོད་ངེས་རེད། ལུག་འཚོང་སར་འགྲོ”ཟེར།
ཁོས་སྒུལ་རྒྱུ་མེད་པའི་ངང་ལག་པ་འཕྲེད་དུ་གཡུགས་ཀྱིན་དུ“དེ་གར་འགྲོ་དགོས་ན་ངས་ལུག་མ་བཙོང་ཡང་ཆོག དེ་གར་འགྲོ་མི་སྲིད”ཅེས་བཤད།
ཁ་ཆེ་བ་ཚོ་ཡང་ཁོའི་རྣམ་འགྱུར་ལ་བལྟས་ནས་མཚར་སྣང་དང་དགོད་ཀྱིན་འདུག “འགྲོ་དང་སྐྱོན་ཡོད་པ་མ་རེད། ང་ཚོས་ཁྱོད་ཀྱི་ལག་ནས་ལུག་འཕྲོག་མི་སྲིད”ཟེར།
ཁོ་ནི་གནས་དེ་རུ་ཕ་བོང་བཞིན་དུ་བསྒུལ་རྒྱུ་མེད་པར“ལུག་མི་འཕྲོག་ཀྱང་དེ་གར་ འགྲོ་མི་སྲིད”ཅེས་བཤད་རྗེས་བཤས་རའི་ནང་གི་རྣམ་པ་དེ་དག་སླར་ཡང་བསྐྱར་དྲན་ ཞིག་བྱས་ཏེ། དེ་ག་ནི་དམྱལ་བ་མངོན་སུམ་རང་རེད་པས་དེ་གར་འགྲོ་མཁན་སུ་ཡོད་དམ་སྙམ།
ཁ་ཆེ་བ་ཞིག་གིས་ཕལ་ཆེར་ཁོའི་འདོད་ཐོག་ཏུ་བཞག་པ་ལྟ་བུའི་རྣམ་འགྱུར་ཞིག་བསྟན་ ནས། “ཡ། འོ་ན་ཁྱོད་ཀྱིས་ཤོད་དང༌། ལུག་གཉིས་ཀ་སྒོར་མོ་དུ་བྱས་ནས་བཙོང་རྒྱུ་ཡིན། ང་ཚོས་ཚོང་ཨེ་འགྲིག་བལྟ”ཟེར།
ནོར་བུས་གཏམས་རྒྱུ་མེད་པའི་བཟོ་བལྟ་བསྟན་ནས“ལུག་རེར་སྒོར་དྲུག་བརྒྱ་ལྔ་བཅུ་ དགོས”ཞེས་བཤད་རྗེས་སུ། སེམས་ལ་ཁེ་སྔོན་ཁོ་ཚོས་ཁ་ཚུར་གྲགས་ལ་སྒོར་ལྔ་བརྒྱ་སྟེར་ཟེར་བས་ད་ལྟ་དྲུག་ བརྒྱ་དང་ལྔ་བཅུ་བཤད་པའང་ཅུང་ཉུང་ཐལ་རེད་སྙམ།
འོན་ཀྱང་ཁོས་ཁ་གྲགས་མ་ཐག་འགྲམ་གྱི་ཁ་ཆེ་བ་དག་གིས་གོ་མ་མྱོང་བའི་ཀུ་རེ་ཆེན་ པོ་ཞིག་ ཐོས་བྱུང་བ་ལྟར་ཧབ་དགོད་ཆིལ་ལེར་གྱུར་ཅིང༌། འགའ་རེས་དགོད་བཞིན་དུ“ཁྱོད་ཀྱིས་ཚོང་རྒྱག་མ་མྱོང་བར་འདུག ཁྱོད་ཀྱིས་བཙོང་གིན་པ་ནི་ལུག་ཡིན་པ་མ་གཏོགས་སྐམ་གཡག་མ་རེད”ཟེར།
ཁོ་རང་ཧ་ཅང་ཡིད་མི་ཆེས་པའི་ངང་ཁོ་ཚོ་མི་རེ་རེའི་གདོང་ལ་མིག་ཉུལ་བྱེད་ཀྱིན་ དུ༌།“འོ་ན་ཁྱོད་ཚོས་དུ་སྟེར་རྒྱུ་ཡིན་”ཞེས་དྲིས། སྐབས་འདིའི་ཁོའི་བཟོ་ལྟར་བལྟས་ཚོད་ཀྱིས་ཀྱང་ཁོ་ལ་ལུག་འཚོང་བའི་ཉམས་མྱོང་ མེད་པ་རང་བཞིན་གྱིས་ཤེས་འོང༌། ཁ་ཆེ་བ་དག་གིས་དགོད་བཞིན་དུ་ཕན་ཚུན་ལ་ཁ་བརྡ་བྱེད་པ་ལས་ཁོའི་དྲི་བ་དེ་ནི་མ་ ཐོས་པ་ལྟར་བྱེད་ལན་མི་གདབ་པར་འདུག ཅུང་མ་འགོར་བར་ཁ་ཆེ་ལོ་ཆུང་ཞིག་གིས་ཁོར་བལྟས་ནས་དགོད་ཀྱིན་དུ་མཛུབ་མོ་གཉིས་ ཡར་བསྒྲེངས་ནས“ཨ་རོགས། ལུག་རེར་སྒོར་མོ་བཞི་བརྒྱ་བྱིན་ཆོག བཙོང་རྒྱུ་ཨེ་ཡིན”ཟེར།
ཁ་ཆེ་ཚོང་བ་འདི་དག་གིས་ནི་ཁོ་ཚོ་རང་ཉིད་ཀྱིས་སྟེར་ཕོད་པའི་གྲངས་ཀ་ངོ་མ་དེ་ གཏན་ནས་བཤད་མི་སྲིད་དེ། ཁོ་ཚོས་དང་ཐོག་རིན་གོང་དམའ་མོ་ཞིག་བཤད་དེ་ཕ་རོལ་བས་སྒོར་ག་ཚོད་ལ་འཚོང་ངེས་ པར་ཉམས་ལ་བརྟག་པར་བྱེད་ཀྱིན་ཡོད་པས། རིམ་བཞིན་དུ་འདི་གའི་འབྲོག་པ་དག་གིས་ཀྱང་ཁོ་ཚོར་ལད་མོ་བྱས་ཏེ་དང་ཐོག་རིན་ གོང་མཐོན་པོ་ཞིག་བཤད་དགོས་པར་གྱུར། ཕན་ཚུན་གཉིས་ཀས་ཀྱང་རང་རང་གི་བཤད་པའི་སྐད་ཆ་དེ་དྲང་བཤད་མིན་པའི་གཡོ་སྒྱུ་ ཞིག་ཡིན་པ་ གསལ་བོར་ཤེས་ན་ཡང་ཁོ་ཚོ་རང་བཞིན་གྱིས་གཡོ་སྒྱུ་དེ་ལ་གོམས་ལོབས་སུ་གྱུར་བ་ དང༌། ཐ་ན་དེ་ནི་གཡོ་སྒྱུ་ཞིག་ཡིན་པར་གཏན་ནས་ངོས་མི་འཛིན་པར་དེ་ནི་ཉོ་ཚོང་བྱེད་ པར་དུ་ཡོད་དགོས་པའི་མན་ངག་ཅིག་གམ་ཉམས་མྱོང་ཞིག་ཏུ་སྙམ་ཡོད་པ་རེད།
ཁོས་ཁྲེལ་དགོད་ཅིག་བྱས་ནས“ངས་ཀྱང་ཤབ་བཟན་བཙོང་གིན་པ་ཡིན་པ་ལས་ལུ་གུ་བཙོང་ གིན་པ་མ་རེད། སྒོར་བཞི་བརྒྱར་བཙོང་མི་སྲིད”ཟེར་བཞིན་འགྲམ་གྱི་ཁ་ཆེ་བ་རྒན་པ་དེའི་གདོང་ལ་ བལྟ་ཙམ་བྱས།
ཁ་ཆེ་བ་རྒན་པ་དེ་དགོད་བཞིན་དུ་ཉེ་སར་བཅར་ཙམ་བྱས་ཏེ“ཨ་རོག དོན་ངོ་མར་ཁྱོད་ཀྱིས་སྒོར་དུ་བྱས་ཏེ་བཙོང་རྒྱུ་ཡིན”ཞེས་ཧ་ཅང་ནན་ཏན་གྱི་ཚུལ་ དུ་དྲིས་བྱུང༌།
ཁོས་སྔར་བཞིན་སྒུལ་རྒྱུ་མེད་པའི་བཟོ་བལྟ་བསྟན་ཏེ“དྲུག་བརྒྱ་དང་ལྔ་བཅུ་ དགོས”ཞེས་བཤད་ཅིང༌། སེམས་ནས་ཁ་ཆེ་བ་རྒན་པ་འདིས་ཕལ་ཆེར་ཚོང་དྲང་བོར་གཏམས་ངེས་རེད་སྙམ།
ཁ་ཆེ་བ་ལོ་ཆུང་དེས་ཁོའི་ཡིད་སེམས་གསོད་ཆེད་དུ་མགོ་བོ་འཕྲེད་དུ་གཡུགས་གཡུགས་ ཀྱིས “དེས་ན་ཁྱོད་ཀྱིས་ལུག་ཕྱིར་དེད་ཅིག ད་དུང་འདི་ལྟར་བཞག་ན་སྒོར་སུམ་བརྒྱ་སྟེར་མཁན་ཡང་ཡོད་མི་སྲིད”ཅེས་ཟེར་བ་དང༌། ཕར་འཁོར་ནས་ཁ་ཆེ་བ་གཞན་དག་ལ་རྒྱ་སྐད་ཀྱིས་ཤུབ་ཤུབ་ངང་“ཁོས་ཁེ་སྔོན་ཡང་མ་ བཙོང་བར་ཕྱིར་ཁྲིད་པ་རེད། དེ་རིང་ནི་ཁོས་ངེས་པར་བཙོངས་ཐབས་བྱེད་ངེས་རེད”ཟེར་བས། ཁ་ཆེ་བ་དེ་དག་གིས་གཞི་ནས་ཅི་ཞིག་གི་ཧ་གོ་སོང་བ་ལྟར་གདོང་འཛུམ་ དམུལ་ལེར་གྱུར་ཅིང་ཅི་ཡང་མི་བཤད་པར་ཁོ་ལ་ཅེར་རེར་བལྟ་བར་བྱེད།
ཁ་ཆེ་གཞན་དག་ཅིག་གིས་ད་དུང་ནན་བཅགས་བྱེད་པའི་བཟོ་ལྟ་ཞིག་བསྟན་ནས“ཨ་རོགས། ཁ་སང་དེ་རིང་ལ་ལུག་གི་རིན་གོང་མར་ཆག་སོང་བ་རེད། ཁྱོད་ཀྱིས་ཁོ་ལ་བཙོང་ན་འོས་པ་རེད”ཅེས་ཁོ་ལ་རོགས་སྐྱོར་བྱེད་པའམ་ཁ་ཆེ་བ་ལོ་ ཆུང་དེ་ལ་རོགས་སྐྱོར་བྱེད་པ་གང་ཡིན་མི་གསལ་བའི་སྐད་ཆ་དེ་བཤད་སོང༌།
ཁོས་ཀྱང་དེ་སྔོན་སློབ་འབྲིང་བཏོན་མྱོང་བས་རྒྱ་སྐད་ཅི་ལ་མི་གོ ཁ་ཆེ་བ་ལོ་ཆུང་དེའི་སྐད་ཆ་ཐོས་པ་དང་ཁ་ཆེ་བ་གཞན་དག་གི་རྣམ་འགྱུར་དེ་མཐོང་བས། དེ་དག་གིས་ཁོ་རང་ལ་བསྙད་བརྐོ་བཞིན་འདུག་སྙམ་ནས་རང་དབང་མེད་པར་ཚིག་པ་ཞིག་ ཟོས་ཏེ་ལུག་གཉིས་ཀ་འཚོང་འདོད་མ་བྱུང༌། སེམས་ལ་ཚེ་རིང་སྒྲོལ་མས་ཀྱང་སྒོར་མོ་དལ་མོ་བྱས་ནས་བྱིན་ན་ཆོག་ཟེར་བས་ལུག་མ་ བཙོང་ཡང་ཁོ་མོའི་སར་སོང་ནས་དེ་དོན་གསལ་བཤད་བྱེད་པའི་ཞོར་དུ་ཁ་བརྡ་ཞིག་བྱས་ ཆོག་པ་རེད། ཁོ་ཚོས་ཨེ་ཉོ་ལ་དེ་འདྲའི་རེ་བ་ནན་བཅགས་བྱེད་དགོས་མི་འདུག་སྙམ་སྟེ་ཧབ་དགོད་ ཅིག་བྱས་ནས།“ད་ནི་སྒོར་བདུན་བརྒྱ་བྱིན་ནའང་བཙོང་རྒྱུ་མིན། ངས་ཀྱང་རང་ལ་མཁོ་བས་ལུག་འདི་གཉིས་གཞན་ནས་ཉོས་པ་ཡིན་པས་ངེས་པར་དུ་བཙོང་དགོས་ མེད”ཅེས་བཤད་ཅིང་ལུག་གཉིས་ཀ་ཉེ་འགྲམ་དུ་ཡོད་པའི་ཁེ་སྔོན་ལུག་བཅོལ་སའི་སོལ་ འཚོང་རྒད་པོ་དེའི་གན་དུ་དེད།
ཁ་ཆེ་བ་ལོ་ཆུང་དེ་ཡང་ཡིད་མི་ཆེས་པ་ལྟར“ཨ་རོགས། ངོ་མ་ཟེར་བ་ཡིན་ནམ།”ཞེས་དྲིས་བྱུང༌།
ཁོས་ཀྱང་ཚིག་ཐག་ཆོད་པའི་ངང་“ངོ་མ་ཟེར་བ་ཡིན”ཞེས་བཤད།
ཁ་ཆེ་བ་དག་གིས་ནི་ལུག་དེ་གཉིས་ཀ་ཁོས་རང་ཉིད་ལ་ཉོས་པ་ཡིན་ཞེས་པར་ཡིད་ཆེས་ བྱུང་བ་འདྲ། དེ་མུར་ཅུང་རེ་ཆད་དུ་གྱུར་བའི་ཉམས་ཤིག་ཤར་བཞིན་ལུག་གཉིས་ལ་བསྐྱར་བལྟ་ཞིག་ བྱས་རྗེས་འཕྲོ་རིམ་འཕྲོར་རང་རང་སར་བུད་སོང༌། རྡོ་སོལ་འཚོང་བའི་རྒད་པོས་ཁོ་རང་མཐོང་འཕྲལ་དེ་མ་ཐག་ཏུ་ངོས་ཟིན་སོང་བ་འདྲ། གདོང་ལ་འཛུམ་ཞིག་ལངས་བཞིན་དུ་ལུག་གཉིས་ཀར་ལྟ་ཙམ་བྱས་ནས།“ཅི་རེད། དེ་རིང་ཡང་ལུག་བཅོལ་ཟེར་བ་མིན་ནམ”ཟེར།
“གང་ལྟར་ངས་ཁྱོད་ལ་སྒོར་མོ་ལྔ་སྟེར་རྒྱུ་རེད་པས... ...”ཁོས་དེ་ལྟར་ཟེར་བཞིན་ལུག་གཉིས་ཀ་སྔར་མལ་དུ་ཁྲིད་ནས་གློག་སྡོང་ལ་དམ་པོར་ བཏགས་པ་ན། ལུག་གཉིས་ཀས་ཀྱང་ཉེན་ཁ་བརྒྱུད་མ་དགོས་པ་ཤེས་སོང་པ་ལྟར་གཞི་ནས་མགོ་བོ་ཇེ་ མཐོར་གྱུར་ཞིང༌། ཡར་ལྟ་མར་ལྟ་འགའ་བྱེད་བཞིན་དུ་འབའ་སྐད་གསལ་ལྷང་བ་འགའ་བཏོན་བྱུང༌།
རྒད་པོ་ཡང་བགད་བྱུང༌། “དེ་རེད། དེ་རེད”ཟེར།
ཁོས་ལུག་གཉིས་ཀ་དེ་གར་བཅོལ་རྗེས་ཐད་ཀར་སྒེར་འཚོང་ཁྲོམ་ར་བསྙེགས་ནས་སོང༌། སྒེར་ཚོང་ཁྲོམ་རའི་ཕྱི་ནང་དུ་ཁེ་སྔོན་བཞིན་མི་ཡི་འདུ་འགོད་ལོང་ལོང་བྱེད་ ཀྱིན་འདུག་ཅིང༌། གཡས་གཡོན་དུ་བསྒྲིགས་པའི་སྔོ་ཚོད་འཚོང་མཁན་དང་ཤིང་ཏོག་འཚོང་མཁན། ཞོར་ཟས་འཚོང་མཁན། རས་སྣ་དང་གྱོན་གོས་འཚོང་མཁན། ལྷམ་བཟོ་བ་སོགས་ཀྱིས་འཛུམ་དམུལ་དམུལ་ངང་འགྲོ་འོང་བྱེད་པའི་མི་དག་གི་གདོང་ལ་ མིག་རིག་རིག་གིས་ཅེར་བཞིན་དུ་སྐད་མཐོན་པོས་འབོད་སྒྲ་བསྒྲགས་ནས་འགུགས་ཅི་ ཐུབ་བྱེད་ཀྱིན་འདུག ཡིན་ན་ཡང་ཁོ་ལ་མཚོན་ན་དེ་རིང་ནི་སྡེ་བའི་ནང་གི་མི་ཨེ་མཐོང་ལ་རེ་བཞིན་མེད་ པས་འགྲམ་རོལ་གྱི་ཚོང་བ་དང་འགྲོ་འོང་བྱེད་པའི་མི་དག་གི་རྣམ་འགྱུར་ ལ་དོ་སྣང་ཅི་ཡང་བྱེད་ཀྱིན་མེད། ངོ་མ་བཤད་ན་དེ་རིང་ཡང་ཁོའི་ལག་ཏུ་སྒོར་མོ་མེད་པས་ཉེ་འཁོར་གྱི་ཚོང་རྫས་ཡོད་ ཚད་ནི་ཁོ་ལ་མཚོན་ན་རང་ཉིད་དང་འབྲེལ་བ་ཅི་ཡང་མེད་པའི་ཟིང་ཟིང་གི་དངོས་པོ་ ལྷག་མ་ཏག་ཏག་རེད་ཅིང༌། ཚོང་བ་དག་གི་འབོད་སྒྲ་ཡང་ཉན་དགོས་མེད་པའི་ཀུ་ཅོ་ཤ་སྟག་ལས་མ་འདས། ཁོ་རང་མི་ཚོགས་ཀྱི་གསེང་བརྒྱུད་ནས་ཐད་ཀར་དུ་ཤར་རེར་ཚེ་རིང་སྒྲོལ་མའི་སྐྲ་ བཞར་ཁང་ཡོད་ས་བསྙེགས་ནས་སོང༌།
ཚེ་རིང་སྒྲོལ་མ་ནི་ཁེ་ཉིན་བཞིན་སྐྲ་བཞར་ཁང་གི་སྒོ་འགྲམ་ལ་ཁེན་ཏེ་འགྲམ་རོལ་ གྱི་མི་དག་ གིས་ཉོ་ཚོང་བྱེད་པ་ལ་བལྟ་བཞིན་པའམ་ཡང་ན་སེམས་གཏིང་གི་དོན་དག་ཅི་ཞིག་ལ་བསམ་ གཞིག་བྱེད་པ་ལྟར་ཅེར་ནས་འདུག ཁོ་རང་ཉེ་སར་ཐོན་ལ་ཉེ་དུས་ཁོ་མོས་གློ་བུར་དུ་མཐོང་བྱུང་བས་སྐད་ཅིག་བརྒྱབ་ ནས་ཧ་ཅང་དགའ་བའི་ངང་མདུན་དུ་བརྒྱུགས་ནས་ཐོན་བྱུང༌། ཁོ་མོའི་ལུས་ལ་ཁེ་སྔོན་ལྟར་སྨན་པའི་ལྭ་བ་ལྟ་བུའི་ཤམ་རིང་དཀར་བོ་དེ་གྱོན་ འདུག་པས་བལྟས་ཚོད་དུ་གཟུགས་པོ་ཧ་ཅང་རིང་བོ་ཡོད་པ་ལྟ་བུའི་སྣང་བ་ཞིག་བྱིན་ འོངས། སྐྲ་ལོ་སིལ་བུར་འཕྱང་བ་དང་གདོང་གི་གཡའ་སང་བ། བྲང་ཁ་འབུར་དུ་ཐོན་པ། དེ་མིན་ལུས་ཀྱི་འཕྱོར་སྒེག་སྤྲ་ཕྱོགས་གང་ནས་བལྟས་ཀྱང་དེ་སྔ་སློབ་མའི་དུས་ སྐབས་དང་བསྡུར་ན་ན་ཚོད་སྨིན་ཞིང་བུད་མེད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ལྟ་ བུའི་མཛེས་ཉམས་ཤིག་གིས་ཁེངས་འདུག
ཁོ་མོ་དགོད་བཞིན་དུ་སྤྲོ་སྣང་ཆེན་པོའི་ངང“ངས་ཁྱོད་རང་འདི་འདྲའི་མགྱོགས་པོར་ ཐོན་ཡོང་བསམས་མ་བྱུང”ཟེར། ཁོ་མོས་སྐད་ཆ་དེ་ཐོས་མ་ཐག་ཁོའི་སེམས་ལ་ཁོ་མོས་སྒོར་མོ་ཁྱེར་ཨེ་ཡོང་ལ་སྒུག་ ཡོད་པ་མིན་ནམ་སྙམ་ནས་ཧ་ཅང་ཉམས་མི་བདེ་བར་གྱུར་སོང༌། ཁོང་གཉིས་ཀ་སྐྲ་བཞར་ཁང་གི་ནང་དུ་སོང་མཚམས་ཚེ་རིང་སྒྲོལ་མས ་ཁོ་རང་སྔར་བཞིན་རྒྱབ་ཕྱོགས་ཀྱི་འདུག་སྟེགས་རིང་བོ་དེའི་སྟེང་དུ་སྡོད་དུ་ བཅུག་རྗེས་མྱུར་མོར་འགྱིག་བཟོས་ཇ་ཕོ ར་ཞིག་གི་ནང་དུ་ཆུ་ཁོལ་ཞིག་བླུགས་ཡོང་ནས་སྟེར་ཞོར་དུ། ཧ་ཅང་དགའ་གྱིན་པའི་ཉམས་ཀྱིས“དེ་རིང་ཡོང་ཁོམ་ཡོད་བྱུང་ངམ། ལུག་འཚོང་དུ་ཡོང་བ་ཡིན་མི་སྲིད་ཨང”ཞེས་ཀུ་རེའི་ཚུལ་དུ་དྲིས་བྱུང༌།
ཁོས་ཀྱང་ཁོ་མོར་སྒོར་མོའི་སྐྱིན་པ་མཁོ་གྱིན་པ་ཨེ་ཡིན་སྙམ་གྱིན་ཡོད་པའི་ཁར་ དེ་རིང་ཡང་ལུག་འཚོང་དུ་ཡོང་ཚུལ་བཤད་ན་འོས་མེད་ཅིག་ཡིན་པ་རྟོགས་ནས་དེ་མུར་ རྫུན་ཞིག་ལབ་དགོས་བྱུང༌། ཁོས་ཇ་ཕོར་ལེན་ཞོར་དུ།“ང་རང་ཉེ་འགྲམ་དུ་ཡོད་པའི་གཉེན་ཚན་ཞིག་ལ་བལྟ་རུ་སོང་ བ་ཡིན། ད་དུང་ཁྱོད་ཀྱིས་བསྐྱིས་པའི་སྒོར་མོ་ལ་སྐྱིན་པ་ཡང་ཁྱེར་ཡོང་ཐུབ་མེད། ཐེངས་རྗེས་མར་ངེས་པར་དུ་ཁྱེར་ཡོང་ངེས་ཡིན”ཅེས་བདེན་ཅོག་ཅོག་ངང་བཤད།
“སྒོར་མོ་ད་དུང་དལ་མོ་བྱོས་དང་ཆོག ཁྱོད་རང་བྲེལ་མི་དགོས།”ཁོ་མོ་ཡང་ཁོའི་འགྲམ་རོལ་གྱི་འདུག་སྟེགས་སྟེང་དུ་ བསྡད་ནས་དགོད་བཞིན་དུ་དེ་སྔ་ལྟ་བུའི་ཡིད་སེམས་བསྲེགས་པར་མིག་ འོད་ཅིག་གིས་ཁོར་ལྟ་ཙམ་བྱས་ཏེ།“གཙོ་བོ་ཁྱོད་རང་ངའི་སར་ཡོང་བ་འདིས་ང་ཧ་ཅང་ དགའ་བྱུང༌། ད་ལྟའི་མི་འགའ་རེ་ནི་དགོས་མཁོ་བྱུང་དུས་གན་དུ་ཡོང་བ་མ་གཏོགས་དགོས་མཁོ་མེད་ དུས་སུ་ཕག་ཏུ་བཞའ་ནས་འགྲོ་བཞིན་འདུག དེ་ལྟར་བྱས་ཚེ་ངོ་མ་ཡིད་ཆད་པ་ཞིག་རེད།”ཟེར།
ཁོ་རང་ཡང་དགོད་ཙམ་བྱས་ནས།“མི་དེའི་སྐོར་ལ་ཁྲེལ་མེད་ཟེར་བ་རེད། ཁོ་ཚོར་བློ་གཏད་རྒྱུ་མེད་པ་རེད”ཅེས་བཤད་དེ་རང་ཉིད་ཧ་ཅང་ཁྲེལ་ཡོད་ཡིན་པ་གསལ་ བཤད་བྱས་མོད། འོན་ཀྱང་ད་སྔོན་རང་ཉིད་ཀྱིས་ཀྱང་ཁོ་མོར་རྫུན་གཏམ་པ་དྲན་ནས་ངོ་གདོང་ཡོངས་ཚ་ ལམ་ལམ་དུ་གྱུར།
ཁོ་མོས་ཅུང་ཙམ་ལ་འདང་རྒྱག་ཙམ་བྱེད་བཞིན“འོན་ཀྱང་དེ་ཡང་ཁོ་ཚོའི་གཤིས་ཀ་རེད་པས་ཐབས་ཡོད་པ་མ་རེད། མི་ཚང་མ་གཅིག་འདྲ་ག་ལ་ཡིན”ཟེར།
ཁོ་མོས་གང་བྱུང་ངང་མི་དེ་རིགས་གུ་ཡངས་སུ་བཏང་འགྲོ་བ་ཁོའི་ཡིད་དུ་མ་དྲན། དེང་ཐོག་ཅུང་ཡ་མཚར་བར་གྱུར་བ་དང་དེ་མུར་སླར་ཡང་ཁོ་མོར་ཚོད་བགམ་ཞིག་བྱེད་ དགོས་སྙམ་སྟེ་འཛུམ་དམུལ་དམུལ་ངང“འོ་ན་ང་ནི་མི་ཅི་འདྲ་ཞིག་རེད”ཅེས་དྲིས།
“དོན་ངོ་མར་ང་ནི་ཁྱོད་ཀྱི་གཤིས་ཀ་འདི་འདྲ་བར་དགའ་བར་འདུག”ཁོ་མོ་དེ་འཕྲལ་ཧ་ ཅང་དགའ་བའི་ཉམས་འུར་ལངས་བྱུང༌། “ལྷག་པར་དུ་ཁེ་སྔོན་ཁྱོད་ཀྱིས་ལུག་འཚོང་མ་ཕོད་པ་དེས་ང་ལ་ཡང་སེམས་འགུལ་ཐེབས་ སོང༌། མི་ཞིག་ཡིན་ན་བསམ་དཀར་གཞུང་དྲང་ཞིག་ཡིན་དགོས་པར་མ་ཟད༌། སྙིང་རྗེ་ལྡན་ཞིང་བསམ་དོན་ལག་ལེན་དུ་བསྟར་ཕོད་པ་ཞིག་ཀྱང་ཡིན་འོས་པ་རེད། རེད་ཡ༌། དེ་སྔོན... ...”སྐབས་དེར་ཁོ་མོས་སླར་ཡང་ཡིད་སེམས་བསྲེགས་པར་བྱེད་པའི་མིག་འོད་མཚར་བོ་ ཞིག་གིས་ཁོ་ལ་ལྟ་ཙམ་བྱས་ཏེ། སླར་ཡང་མགོ་དུད་ཅིང་ངོ་གདོང་དམར་བོར་འགྱུར་ཙམ་གྱིས“དེ་སྔོན་ཁྱོད་ཀྱིས་སློབ་ གྲྭ་མི་འདོན་ཞེས་རང་བློ་ཁེར་ཆོད་ངང་བུད་སོང་བ་དེས་ང་ལ་དངོས་གནས་ཡིད་སྨོན་ སྐྱེས་སུ་བཅུག་སོང༌། ཡུན་རིང་ཞིག་ལ་ངའི་སེམས་ཀྱང་བདེ་རུ་འབབ་མི་ཐུབ་པར་གྱུར་སོང”ཟེར།
ཁོས་ནི་ཀུ་རེ་ཚོད་བགམ་གྱིས་དེ་ལྟར་དྲིས་པ་ཡིན་ན་ཡང་ཁོ་མོས་དོན་དག་རེ་རེ་ སེམས་གཏམ་ངོ་མའི་ཚུལ་དུ་བཤད་བྱུང་བས། ཁོ་རང་ནི་རང་ཉིད་ཀྱི་རྣ་བར་ཡང་ཡིད་མི་ཆེས་པ་ལྟར་ཧད་པར་གྱུར་ཅིང༌། རེ་ཞིག་ལ་ཁོ་མོར་སྐད་ཆ་ཅི་ཞིག་བཤད་དགོས་པའང་མི་ཤེས་པར་གྱུར་བས་རང་རང་སར་ཁུ་ སིམ་མེར་ཁ་བརྡ་མེད་པར་གྱུར་སོང༌། ཁོ་མོས་གང་བྱུང་ངང་ལག་པ་གཉིས་ཀྱིས་ལན་བུར་རེག་རེག་བྱེད་ཀྱིན་འདུག་ཅིང་ཁོས་ ཀྱང་ལས་རྒྱུ་གཞན་མི་འདུག་པས་མདུན་གྱི་ཇ་ཕོར་བླངས་ནས་ཁམ་འགའ་འཐུང་ཙམ་བྱེད་ དགོས་བྱུང༌། ཡིན་ན་ཡང་ཁོ་མོའི་སྐད་ཆ་དེས་ཁོ་རང་ཡང་དངོས་གནས་ཡིད་སེམས་གཡོ་རུ་བཅུག་བྱུང༌། ལུས་སེམས་ཀུན་ཏུ་སྦྲིད་སྨན་བཏབ་པ་ལྟ་བུའི་ཚོར་སྣང་ཡ་མ་ཟུང་ཞིག་གིས་སྦྲིད་ པར་གྱུར་བ་དང་དེ་དང་ལྷན་དུ་སེམས་ནང་དུ་དྲི་བ་སྣ་ཚོགས་ཤིག་འཕྲོ་རིམ་འཕྲོར་ ཤར་ཡོང་བ་སྟེ། ཁོ་མོས་བཤད་ཀྱིན་པ་འདི་དག་དངོས་གནས་བདེན་པ་ཡིན་ནམ། དེ་སྔོན་སེམས་ཅན་གྱིས་སྨོན་གཞིར་གྱུར་བའི་ཁོ་མོ་ད་ལྟ་འདི་ལྟར་རང་ཉིད་དང་བར་ ཐག་ཉེ་བོ་ཡོད་དམ། ཁོ་མོས་དེ་ལྟར་རྫུན་བཤད་ནས་རང་ཉིད་ལ་མགོ་སྐོར་གཏོང་མི་སྲིད་ལ་གཏོང་དོན་ཡང་ མེད་པས། ཁོ་མོས་ད་ལྟ་གློ་བུར་དུ་སྐད་ཆ་དེ་འདྲ་ཞིག་བཤད་དོན་ཅི་ཡིན་ནམ། འདི་ནི་རང་ཉིད་ལ་བྱུང་བའི་འཁྲུལ་སྣང་ཞིག་གམ། རྨི་ལམ་ཞིག་ཨེ་ཡིན་ནམ་སྙམ་སྟེ་ཅི་བྱུང་མེད་པའི་འཚབ་སྣང་ཞིག་ཀྱང་སྐྱེས་ བྱུང༌།
སྐབས་དེར་སླར་ཡང་ཁོ་མོའི་ཁ་གྲག་བྱུང“ཅི་རེད། རྣར་མི་འགྲོ་བ་རེད་དམ་”ཞེས་དྲིས་བྱུང༌། འདྲི་བའི་དུས་སུ་ད་སྔོན་བཞིན་མགོ་བོ་དུད་ནས་མེད་པར་ཐད་ཀར་ཁོའི་གདོང་ལ་བལྟས་ ཏེ་ཨུ་ ཚུགས་ཀྱི་འཛུམ་ཞིག་མངོན་འདུག
ཁོ་ནི་སྔར་བས་ཀྱང་འཚབ་པ་གྱུར་སོང༌། “མིན... ...མ་རེད། ག་ལ་ཡིན”ཞེས་བཤད་ཅིང་གང་ནུས་སྒོས་རང་སེམས་ལྷོད་དུ་དབབ་ཅི་ཐུབ་བྱས་ཀྱང་ངག་ ནས་བཤད་འོས་པའི་སྐད་ཆ་ཚིག་གཅིག་ཀྱང་མི་འཁྲོལ་བར་གྱུར་སོང༌།
ཁོ་མོའི་ངོ་གདོང་སྔར་བས་ཀྱང་དམར་བོར་གྱུར་སོང༌། “འོ་ན་ཁྱོད་ཀྱིས་བལྟས་ན་ང་ཅི་འདྲ་རེད། སྔོན་ཆད་དང་མི་འདྲ་བར་འདུག་གམ”ཁོ་མོས་གོམ་གང་མདུན་སྤོས་ཀྱིས་དེ་ལྟར་དྲིས་ བྱུང༌།
ཁོས་འཚབ་འཚབ་ངང“གཅིག་འདྲ་ལོས་ཡིན། རེད། འོན་ཀྱང... ... ”ཁོས་ཡང་བསྐྱར་སྐྲ་བཞར་གྱི་ཁང་བ་འདིའི་ནང་ཡོངས་ལ་ཞིབ་ལྟ་ཞིག་བྱེད་དགོས་ བྱུང༌། དོན་ངོ་མར་ད་ནི་ཅི་ཞིག་བཤད་འོས་པ་ཁོ་རང་གིས་ཀྱང་མི་ཤེས་པར་འདུག

ཏག་ཏག་སྐབས་དེར་སྒོ་ནང་ནས་མི་གཉིས་ནང་དུ་ཐོན་བྱུང་བས་ཁོང་གཉིས་ཀྱི་ཁ་བརྡ་ ཡང་དེ་མུར་མཚམས་གཅོད་དགོས་བྱུང༌། ནང་དུ་ཡོང་མཁན་ནི་འབྲོག་པ་ཕ་བུ་གཉིས་རེད་འདུག་ཅིང་ཁོ་ཚོ་སྐྲ་བཞར་དུ་ཡོང་བ་ རེད། ཚེ་རིང་སྒྲོལ་མ་མྱུར་མོར་ཡར་ལངས་ཏེ་དེ་རུ་སྡོད་པར་ཞུས་ཀྱང༌། རྒད་པོ་ནི་དེ་གར་འགྲེང་ནས་བསྡད་དེ་སར་ཙོག་རྩིས་མི་བྱེད་པར༌། ཡུད་ཙམ་ལ་ཁོང་གཉིས་ལ་རེས་མོས་ཀྱིས་ཞིབ་ལྟ་ཞིག་བྱས་རྗེས༌། “ཡ་བུ་མོ། སྐྲ་བཞར་ན་སྒོར་མོ་དུ་ཡིན”ཞེས་དྲིས་བྱུང༌།
ཚེ་རིང་སྒྲོལ་མས“སྒོར་བརྒྱད་ཡིན”ཞེས་བཤད་བྱུང༌།
རྒད་པོས་རྣར་མི་འགྲོ་བའི་ཚུལ་གྱིས“སྒོར་བརྒྱད་ནི་ཧ་ཅང་མཐོ་འདུག”ཟེར།
ཚེ་རིང་སྒྲོལ་མ་ཡང་དགོད་བཞིན་དུ“འོ་ན་ཁྱོད་ཀྱིས་དུ་སྟེར་འདོད་ན་དེ་བྱིན་དང་ ཆོག”ཟེར། ཚིག་དེས་རྒད་པོ་ཡང་ཅུང་དོགས་མི་བདེ་བར་གྱུར་ཅིང་དེ་མུར་བགད་བྱུང༌། ཅུང་ཙམ་བགད་རྗེས་འདང་རྒྱག་ཙམ་ཡང་མི་བྱེད་པར“ཡ། ཁྱོད་ནི་བུ་མོ་དྲང་མོ་ཞིག་རེད། སྒོར་བརྒྱད་ཡིན་ན་ཡིན་དུ་ཆུགས། འདིའི་སྐྲ་བཞར་རོགས”ཟེར་ནས་གན་དུ་ཁྲིད་པའི་ལོ་ཆུང་དེ་བསྟན་རྗེས་ཁོ་རང་ཚུར་ ཡོང་སྟེ་ནོར་བུའི་གན་དུ་གཏད་ནས་འདུག་སྟེགས་སྟེང་བསྡད་བྱུང༌།
“འདི་རུ་ཤོག”
ཚེ་རིང་སྒྲོལ་མས་ལོ་ཆུང་དེ་ཕར་ཁྲིད་ནས་ཐོག་མར་མགོ་བཀྲུ་ས་རུ་མགོ་བཀྲུས་པ་ དང༌། དེ་ནས་ཕྱིར་ཁྲིད་ཡོང་སྟེ་སྐྲ་བཞར་སའི་འདུག་སྟེགས་སྟེང་དུ་སྡོད་དུ་བཅུག་ རྗེས་རས་ཀྱིས་གཅུད་རྗེས། ལག་གཡས་པས་ཁེ་གྲི་དང་གཡོན་པས་སོ་མང་བཟུང་སྟེ་ཧ་ཅང་བྱང་ཆ་ལྡན་པའི་ངང་སྐྲ་ བཞར་བའི་ལས་ལ་ཞུགས་སོང་བས། རྒད་པོ་དེ་དང་ནོར་བུ་གཉིས་ཀྱིས་ཁོ་མོའི་སྐྲ་བཞར་བའི་ངང་ཚུལ་ལ་བལྟས་ནས་བསྡད། རྒད་པོ་དེ་ཡང་ཧ་ཅང་སྤྲོ་སྣང་ཅན་ཞིག་འདུག ཁོས་ཚེ་རིང་སྒྲོལ་མས་བྱང་ཆ་ལྡན་པའི་སྒོ་ནས་སྐྲ་བཞར་བའི་ངང་ཚུལ་ལ་ལྟ་བཞིན་ དུ་ཀུ་རེ་རྩེ་གྱིན་པ་ལྟར་འཛུམ་དམུལ་དམུལ་ངང“ཨ་ཙི་ཙི། ཁྱོད་ཀྱིས་སྐྲ་དེད་ན་རྒྱ་མོ་ཞིག་དང་འདྲ་བར་འདུག ངོ་མ་བྱང་ཆ་ཞིག་འདུག”ཟེར།
ཚེ་རིང་སྒྲོལ་མས་ཁོར་ལྟ་ཙམ་བྱས་ཏེ་དགོད་བཞིན་དུ“འོ་ན་བོད་མོས་སྐྲ་འདེད་མི་ཤེས་པ་ རེད་དམ”ཞེས་དྲིས་བྱུང༌།
རྒད་པོས་ཀྱང་གནས་ལུགས་མང་བོ་བཤད་རྒྱུ་མེད་པའི་ངང“སྐྲ་འདེད་མི་ཤེས་རྒྱུ་མེད་ ན་ཐང་མོད། ངས་བོད་མོ་ཞིག་གིས་སྐྲ་བཞར་གྱིན་པ་མཐོང་མ་མྱོང”ཟེར་ནས་གདོང་ལ་འཛུམ་ཞིག་ལངས་ བཞིན་མུ་མཐུད་དུ་ཁོ་མོས་སྐྲ་བཞར་ཚུལ་ལ་ཞིབ་ལྟ་བྱེད་ཀྱིན་སྡོད།
ཚེ་རིང་སྒྲོལ་མ་ཡང་མུ་མཐུད་དུ་དགོད་ཙམ་བྱས་ནས་“དེ་རིང་ནི་ཁྱོད་ཀྱིས་རིག་ བྱུང་ཨང” ཞེས་བཤད་རྗེས་གན་དུ་ཡོད་པའི་ནོར་བུ་ལ་ཟུར་མིག་གིས་ལྟ་ཙམ་བྱས་ཏེ་མུ་མཐུད་དུ་ སྐྲ་བཞར་བའི་ལས་ལ་དམིགས་པ་གཏད་སོང༌།
སྐབས་འདིར་ཁོས་ཀྱང་སེམས་མ་གཡེང་བར་ཁོང་གཉིས་ཀྱིས་ཁ་བརྡར་ཉན་གྱིན་ཡོད་པས་ དེང་ཐོག་རྒད་པོའི་ཀུ་རེ་རྩེ་བ་ལྟ་བུའི་སྐད་ཆ་དེ་དག་ལ་དགོད་བྲོ་བའི་སྣང་བ་ ཞིག་སྐྱེས་བྱུང་མོད། འོན་ཀྱང་རིམ་བཞིན་དུ་རྒད་པོའི་ལྟ་ཚུལ་དེ་དག་ཀྱང་ཧ་ཅང་བདེན་པ་སྟེ། རང་ཉིད་ལ་མཚོན་ན་ཡང་ད་བར་དུ་མཐོང་བའི་སྐྲ་བཞར་མཁན་དག་ནི་སྨད་ཕྱོགས་ནས་ཡོང་ བའི་རྒྱ་མི་ཕོ་མོ་འབྱོར་འཁོས་ཞན་པ་ཤ་སྟག་ཡིན་པ་ལས་རིགས་རྒྱུད་ཀྱི་ཐོབ་ཐང་ ཡོད་པའི་མི་ཞིག་གིས་སྐྲ ་བཞར་ལས་ཀ་གཉེར་གྱིན་པ་མཐོང་མ་མྱོང་ལ། ལྷག་པར་དུ་བོད་མི་ཞིག་གིས་འདི་ལྟ་བུའི་གདོལ་བའི་ལས་གཉེར་ཀྱིན་པ་གཏན་ནས་ མཐོང་མ་མྱོང་བས་ཁོ་མོར་བཟུང་བའི་ལྟ་ཚུལ་ཡང་རིམ་བཞིན་དུ་འགྱུར་སོང༌། ཁོའི་སེམས་ལ་ཁོ་མོས་སྐྲ་བཞར་བའི་ལས་ཀ་བྱེད་པ་ནི་ཧ་ཅང་འུ་ཐུག་གི་བྱ་སྤྱོད་ ཅིག་ཡིན་པར་འདུག་ཅིང་ལས་ཀ་འདི་གཉེར་བའི་ལྟག་རྒྱབ་ཏུ་མི་ལ་སྨྲ་མི་ཕོད་པའི་ གཏམ་རྒྱུད་བཙོག་པོ་ཞིག་ཅིས་ཀྱང་ཡོད་ངེས་སུ་འདུག་སྙམ་ནས་མིག་མདུན་གྱི་མི་ འདི་ནི་སྔོན་ཆད་སློབ་གྲྭའི་ནང་དུ་ཀུན་གྱི་སྨོན་གཞིར་གྱུར་བའི་ཁོ་མོ་མིན་པ་ ལྟ་བུའི་ཚོར་སྣང་བྱུང༌། ཁོ འི་སེམས་ལ་སྔོན་ཆད་ཁོ་མོར་མི་ཀུན་གྱིས་ཡིད་སྨོན་དང་བཅས་མངོན་ལྐོག་གང་རུང་ དུ་རེ་འབོད་བྱེད་པའི་དུས་སུ་ཁོ་རང་ལྟ་བུ་ནི་མིག་ནང་དུ་ཡང་མི་འཇོག་ལ་ཐ་ན་ མངོན་སུམ་འཛེམ་མེད་སྒོས་མི་མང་གི་ཁྲོད་ནས་དགེ་རྒན་ལ་ཞུ་གཏུགས་བྱས་པ་ཡིན་ ཡང༌། ད་ལྟ་གནས་བབ་སྡུག་པོ་འདི་འདྲར་ལྷུང་དུས་བསྐྱར་དུ་ཁོ་ལ་ངོ་གཡོག་གིས་འགྲིག་ མཐུན་ཨེ་ཡོང་ལ་རེ་བ་བྱེད་ཀྱིན་འདུག་པར་མ་ཟད། ཐ་ན་ཁེ་སྔོན་དོན་མེད་དུ་ཁོ་རང་ལ་སྒོར་མོ་བསྐྱིས་པ་དེར་ཡང་དམིགས་ཡུལ་ངེས་ཅན་ ཞིག་ཡོད་རྒྱུ་རེད་སྙམ་ནས་སེམས་ཧ་ཅང་མི་བདེ་བར་གྱུར་སོང༌།
ཁོས་དེ་ལྟར་བསམ་བློ་བཏང་སྟེ་ཐ་ན་སྐྲ་བཞར་ཚར་ཏེ་འབྲོག་པ་རྒན་གཞོན་གཉིས་ཀ་ཇི་ ལྟར་སྒོར་སོང་བ་ཡང་མ་ངེས་པ་འདྲ། ཁོས་ཧུར་རེར་མིག་མདུན་གྱི་ཅི་ཞིག་ལ་ཧ་ཅང་བཟབ་ནན་ངང་ཞིབ་ལྟ་བྱེད་པ་ལྟར་ཅེར་ ནས་འདུག ཁོ་མོས་ལག་བཀྲུས་རྗེས་སླར་ཡང་ཁོའི་གན་དུ་ཡོང་ནས་སྡོད་ཞོར་དུ་ཧ་ཅང་དགའ་བཞིན་ པའི་ངང“ངས་སྐྲ་བཞར་བ་ཅི་འདྲ་རེད། ངས་ཀྱང་སྦྱང་ནས་ཡུན་རིང་འགོར་མེད”ཟེར།
ཁོ་གཞི་ནས་བསམ་གཞིགས་ཀྱི་ཀློང་ནས་ཕྱིར་ཐོན་ཏེ་ཕར་ལྟ་ཚུར་ལྟ་ཞིག་བྱས་ཤིང༌། དེ་ནས་སླར་ཡང་ཁོ་མོའི་ལུས་ཀྱི་ལྭ་བ་ལ་ཞིབ་ལྟ་ཞིག་བྱས་ནས་ཅུང་གཟབ་ནན་ ངང“ཁྱོད་རང་སྐྲ་བཞར་མཁན་ཞིག་མ་བྱས་ན་མི་ཆོག་གམ”ཞེས་དྲིས།
ཁོའི་དྲི་བ་དེས་ཁོ་མོ་ཤ་སྐྱིའི་གཏིང་རུམ་ནས་བརྡོལ་ཡོང་བའི་སྤྲོ་སྣང་གི་འཛུམ་མདངས་ཡོངས་རྫོགས་འཕྲལ་མ་ཉིད་དུ་ཕྱིར་བསྡུ་རུ་བཅུག་བྱུང༌། ཕལ་ཆེར་ཁོས་དེ་ལྟར་དྲིས་ཡོང་བ་ཁོ་མོའི་སེམས་ཀྱི་ཟུར་ལ་ཡང་དྲན་མེད་པ་དང་འདྲ་ བར་རང་དབང་མེད་པར་ཡུད་ཙམ་ལ་ཁོའི་གདོང་ལ་ཅེར་ནས་སྡོད་པ་དང༌། དེ་མུར་མིག་འོད་ཕྱིར་བསྡུས་ཏེ་ཅེར་རེར་མདུན་ཕྱོགས་ཀྱི་ཐང་གཅལ་ཏུ་ལྟ་བཞིན་ དུ་སྐད་དམའ་མོས།“དོན་ངོ་མར་ངས་ཀྱང་དེང་ཐོག་ནས་སྐྲ་བཞར་རྩིས་བྱེད་འདོད་མེད། གྲོང་ཁྱེར་དུ་ཉུལ་ནས་གླུ་གཞས་བཏང་སྟེ་རང་ཁ་གསོ་སྙམ་པ་ཡིན། ད་ལྟ་གླུ་བ་གླུ་མ་མང་པོས་དེ་ལྟར་བྱེད་ཀྱིན་པ་མ་རེད་དམ། ངས་ཀྱང་དེ་ལྟར་ནུས་པར་གདེང་ཚོད་ཡོད།”ཁོ་མོས་དེ་ལྟར་བཤད་དུས་ངག་གི་གདངས་ཅུང་ ཟད་འདར་གྱིན་པ་ལྟར་སྣང༌། ཁོ་མོས་སླར་ཡང་ཁོ་རང་མིག་ཟུར་གྱིས་ལྟ་ཙམ་བྱས་ཤིང༌། མུ་མཐུད་དུ་ཡིད་ཕམ་པའི་ངང་“འོན་ཀྱང་ཡུལ་མི་དག་ནི་དེ་ལ་གཏན་ནས་འཐད་ཀྱིན་མེད་པར་མ་ཟད་ད་དུང་ང་རང་ས་ཆ་ཆ་མེད་ཅིག་ལ་གནས་ལ་སྟེར་རྩིས་བྱས་བྱུང༌། དེ་བས་ང་རང་ཡང་འུ་ཐུག་སྟེ་སྐྲ་བཞར་རྒྱུ་སྦྱངས་པ་ཡིན”ཟེར་ནས་མ་ཉེས་ཁ་གཡོག་ ཐེབས་པའི་བྱིས་པ་ཞིག་དང་འདྲ་བར་མགོ་བོ་དུད་ཅིང་སྨྲ་བ་བསྡམས་ནས་བསྡད་བྱུང༌།
“འོ་ན་ལས་ཀ་གཞན་ལས་རྒྱུ་མི་འདུག་གམ།”ཁོས་དེ་ལྟར་བཤད་རྗེས་རང་ཉིད་ཀྱི་དྲི་བ་ དེ་ཅུང་བཙན་སོང་བ་ལྟར་དུ་སྣང་བས་ཅུང་དོགས་མི་བདེ་བར་གྱུར་ཏེ། སེམས་ལ་འདི་ལྟར་ཤར་བ་སྟེ། དོན་ངོ་མར་རང་ཉིད་ཀྱིས་ཀྱང་དེ་ལྟར་སེམས་ཁུར་བྱེད་དོན་ཅི་ཡོད་དམ། སྔོན་ཆད་ཁོ་མོ་ན་ཟླའི་ཁྲོད་ཀྱི་མེ་ཏོག་ལྟ་བུ་ཡིན་ཡང་ད་ལྟ་མི་ཐམས་ཅད་ཀྱི་ མིག་ནང་དུ་མེད་ཅིང་དམན་སར་འཕེན་པའི་སྐྲ་བཞར་མཁན་ཞིག་རེད། ཆར་སྡོད་བྱེའུ་ཁ་སྐོམ་ཡང་།། ས་ལ་བབས་པའི་ཆུ་མི་འཐུང་།། ཟེར་བ་མིན་ནམ། རང་ཉིད་ཀྱང་སྟག་ཤར་བ་ཞིག་ཡིན་པས་གཞན་ལ་དགོས་དུས་ལྷ་རྫས་དང་མི་མཁོ་དུས་གདོན་ རྫས་བྱེད་དུ་གཞུག་དོན་མི་འདུག་སྙམ། འོན་ཀྱང་དྲན་ཚུལ་དེ་ནི་ཧ་ཅང་ཡང་དག་ཅིག་ཡིན་མིན་ཁོ་རང་ཉིད་ཀྱིས་ཀྱང་མི་ རྟོགས་པས་ཁོའི་སེམས་ཀྱང་རྒྱུ་མཚན་མེད་པར་ཅུང་བློང་བློང་བོར་ གྱུར་སོང༌།
ཁོ་མོས་མུ་མཐུད་དུ་ཁོའི་གདོང་ལ་ལྟ་མི་ཕོད་པར་མགོ་གུག་ནས་ཐང་གཅལ་ལ་རྡོག་པས་ ཕུར་ཕུར་བྱེད་བཞིན་དུ“ད་ནི་ཅི་ཞིག་ལས་ཨང”ཟེར་ལ། སྐད་ཆ་བཤད་དུས་ངོ་གདོང་ལ་སྐག་ཚོས་བྱུག་པ་ལྟར་ཧ་ཅང་དམར་བོར་གྱུར་འདུག
ཁོང་གཉིས་ལ་རེ་ཞིག་ཁ་བརྡ་མེད་པར་གྱུར་སོང༌། ཅུང་ཙམ་ནས་ཁོས་སེམས་ལ་ལུག་གཉིས་ཀ་ད་དུང་སོལ་འཚོང་རྒད་པོའི་གན་དུ་བཏགས་ནས་ ཡོད་པ་དྲན་ཞིང༌། རང་ཉིད་འདི་གར་འདི་ལྟར་དོན་མེད་དུ་སྡོད་དོན་ཅི་ཡོད་དམ་སྙམ་ནས་ཁོ་མོར་བལྟས་ ཏེ་རྟབ་རྟབ་པོར་ཡར་ལངས་ཤིང༌། “ཐེངས་རྗེས་མར་ངས་ཁྱོད་ཀྱི་སྒོར་མོ་ངེས་པར་དུ་ཁྱེར་ཡོང་ངེས་ཡིན”ཞེས་བཤད།
ཐེངས་འདིར་ཁོ་མོས་ཀྱང་སྔོན་ལྟར་ང་ལ་སྒོར་མོའི་དགོས་མཁོ་མེད་ཅེས་བཤད་མ་ བྱུང༌། དལ་དལ་ངང་ཡར་ལངས་ཏེ་ཚུར་ཡོང་ཞིང་ཁོའི་གདོང་ལ་ལྟ་ཡི་ཕོད་པར་སྒོ་ཁའི་བར་དུ་ སྐྱེལ་མ་བྱས་བྱུང༌། སྐབས་འདིར་ཁོ་མོའི་ངོ་གདོང་དུ་སྐྱོ་གདུང་གི་གྲིབ་མས་ཡོངས་སུ་གཡོགས་ཡོད་ན་ ཡང་ཁོས་དེ་དག་ལ་མཉམ་འཇོག་ཅི་ཡང་མ་བྱས་པར་ཤར་རེར་སྒོར་བུད་དེ་ཁོ་མོར་བདེ་མོ་ ཙམ་ཡང་གཏམ་རྒྱུ་མ་བྱུང་བར་གོམ་སྟབས་ཆེན་པོས་ཕྱི་སྒོའི་ཕྱོགས་སུ་སོང༌། འགྲོ་ཞོར་དུ་རང་དབང་མེད་པར་སེམས་སུ་དྲི་བ་ཞིག་བསྐྱར་བཟླས་ཀྱིས་འདོན་པར་ བྱེད་དེ། དེ་ནི“ད་ནི་ངས་ཅི་ཞིག་བྱས་ན་བཟང”ཞེས་པ་དེ་རེད།
ཐེངས་དེར་ཁོ་རང་གིས་ལུག་མ་བཙོངས་པར་ཡུལ་དུ་ལོག་པ་དེར་ཨ་ཕས་ཀྱང་སྐྱོན་བརྗོད་ ཅི་ཡང་བྱས་མ་སོང༌། རྒྱུ་མཚན་ནི་ཁོ་རང་ཕྱིར་ཡུལ་དུ་ཐོན་དུས་ཁོང་ཚང་ལ་ལོ་ན་རྒན་པའི་གྲྭ་རྒན་ཞིག་ ཡོང་ཡོད་ཅིང༌། ཨ་ཕས་གྲྭ་རྒན་དེར་བུ་ཡི་ནུས་མེད་ཀྱི་རང་བཞིན་ཚུལ་བཞིན་བརྗོད་པ་སྟེ། ད་ནི་ཁོ་རང་ཡང་ལོ་ན་རྒས་སོང་བས་མུ་མཐུད་དུ་སྡིག་ལས་བྱེད་མི་འདོད་པར་མ་ཎི་ འགའ་རེ་འདོན་རྩིས་ཡིན་མོད། འོན་ཀྱང་བུ་ཡིས་ཅི་ཡང་མི་ནུས་པར་འདུག ཐ་ན་ཁེ་སྔོན་ནས་བསྟུད་མར་ཐེངས་གཉིས་ལ་ལུག་འཚོང་དུ་སོང་ཡང་ཤན་པ་དག་གིས་དམར་ གསོད་བྱེད་ཀྱིན་པ་མཐོང་འཕྲལ་བཙོང་མ་ཕོད་པར་གཞན་ལ་སྒོར་མོ་བསྐྱིས་ནས་བཟའ་ ཕྱེ་ཉོས་ཚུལ་ཇི་མ་ཇི་བཞིན་དུ་བཤད་པ་ན། གྲྭ་བ་རྒན་པ་དེས་སྐད་ཆ་དེ་ཐོས་འཕྲལ་ཧ་ཅང་ཡིད་སྨོན་སྐྱེས་པ་ལྟར་གྱུར་ སོང༌།“དེ་ཧ་ཅང་བཟང་གི སྡིག་ལས་ནི་མ་བྱས་ན་དེ་ལས་ལྷག་པ་ཅི་ཡོད། འོན་ཀྱང་འཇིག་རྟེན་པ་ཞིག་གི་སྐྱེས་པ་བླངས་ན་སྡིག་ལས་བྱེད་མི་བྱེད་ལ་རང་དབང་ མེད་པ་རེད། ཇི་ལྟར་བྱས་ཀྱང་ཁྱིམ་ཚང་གི་ཁ་རྒྱབ་གསོ་དགོས་པ་རེད་པས། ཁྱོད་ཀྱི་བུ་འདི་གཞན་དང་མི་འདྲ་བ་ཞིག་འདུག་པར་བལྟས་ན་སྐྱེས་པ་སྔོན་མར་བྱང་ ཆུབ་སེམས་དཔའ་ཞིག་གི་རྣམ་ཤེས་ཡིན་པ་འདྲ།”ཞེས་བཤད་སོང༌།
གྲྭ་བ་རྒན་པའི་སྐད་ཆ་དེས་ཨ་ཕར་ཡང་སེམས་འགུལ་ཆེན་པོ་ཞིག་ཐེབས་སུ་བཅུག་སོང༌། དེ་ནས་བཟུང་ཨ་ཕས་ཁོ་ལ་ནུས་པ་མི་མི་འདུག་ཅེས་གཤེ་གཤེ་མི་གཏོང་བའི་ཁར་ཡར་ བསྐྱར་ཁོ་ལ་ ཁྱོད་རང་སོང་སྟེ་ལུག་ཚོངས་ཤིག་ཅེས་པའི་སྐད་ཆའང་བཤད་མ་མྱོང༌། དེ་ལས་ལྡོག་སྟེ་ནམ་རྒྱུན་ཁོ་རང་ལུག་རྫི་ནས་ཕྱིར་ཁྱིམ་དུ་ལོག་སྟེ་བཟའ་བཏུང་ ལ་རོལ་བའི་སྐབས་དག་ཏུ། ཨ་ཕས་མ་ནི་འདོན་མཚམས་ཀྱང་བཞག་སྟེ་སྨྲ་བ་མེད་པར་ཁོ་རང་ལ་ཅེ་རེར་ལྟ་བཞིན་པ་ ནི་ཁོའི་ལུས་ཀྱི་ཆ་ཤས་གང་ ཞིག་ཏུ་བསྐུངས་ཡོད་པའི་བྱང་ཆུབ་སེམས་དཔའི་རྣམ་ཤེས་ཡིན་པའི་མངོན་རྟགས་དེ་ འཚོལ་གྱིན་པ་དང་གཉིས་སུ་མ་མཆིས། ཡིན་ན་ཡང་ཐེངས་དེར་ཁོ་རང་དེ་ལྟར་ཚེ་རིང་སྒྲོལ་མ་དང་གྱེས་པ་ནས་བཟུང་ཁོའི་ སེམས་གཏིང་ཞིག་ནས་རང་ཉིད་ཀྱི་དངོས་བོ་ཅི་ཞིག་བོར་བརླག་ཏུ་གྱུར་སོང་བའི་སྣང་ བ་ཞིག་དབང་མེད་དུ་སྐྱེས་བྱུང་ཞིང༌། ཅི་བྱུང་མེད་པར་སེམས་ཡོངས་བློང་བློང་བོར་གྱུར་ཏེ་ལས་ཅི་ཡང་ལས་མི་འདོད་ཅིང་ ཟས་ཅི་ཡང་ཟ་མི་འདོད་པའི་ཚད་དུ་གྱུར་བར་མ་ཟད། ལྷག་པར་དུ་ཨ་ཕས་མིག་མདངས་དེ་ལྟ་བུས་ཁོ་རང་ལ་གཟབ་ལྟ་བྱེད་པའི་ཚུལ་དེ་མཐོང་ འཕྲལ་གང་བྱུང་དུ་ཚིག་པ་ཟོས་ཡོང་བར་མ་ཟད་ཁྱིམ་ནང་གི་མི་སུ་ལ་ཡང་ཁ་བརྡ་བྱེད་ མི་འདོད་པར་གྱུར་འགྲོ ཁྱིམ་མི་དག་གིས་ཁོའི་གློ་བུར་བའི་འགྱུར་ལྡོག་མཚར་བོ་དེ་མཐོང་འཕྲལ་ཁོ་རང་ལ་ ཅི་ཞིག་བདེ་ཡིན་མི་འདུག་སྙམ་སྟེ་སེམས་ཐེ་ཚོམ་གྱི་ཁྱོགས་སུ་འཕྱང་བར་གྱུར་ འདུག ཁོ་རང་དགོང་མོ་མལ་སའི་ནང་དུ་ཉལ་ཡང་གཉིད་མི་ཡོང་བར་སེམས་ནང་དུ་རང་དབང་མེད་ པར་ལུག་འཚོང་དུ་སོང་བའི་ཉིན་དེ་དག་ལ་ཚེ་རིང་སྒྲོལ་མ་དང་ཐུག་འཕྲད་བྱས་ཚུལ་ དག་ཁོ་ན་དྲན་ཡོང་ལ། ཁོ་མོས་བཤད་པའི་སྐད་ཆ་དེ་དག་རང་ཉིད་དང་བར་ཐག་དེ་འདྲའི་ཉེ་ཞིང་དེ་འདྲའི་སྙན་ པོ་ཡོད་པའི་སྣང་བ་ཞིག་ཤར་ཡོང་བར་མ་ཟད། ལྷག་པར་དུ་ཁོ་སྐད་ཆ་བཤད་པའི་དུས་དག་ཏུ་གང་བྱུང་ངང་ཁོ་ལ་ལྟ་དུས་ཀྱི་ཧ་ཅང་ ཡིད་སེམས་བསྲེགས་པར་བྱེད་པའི་མིག་འོད་དེ་བདུད་ཀྱི་ཆོ་འཕྲུལ་བཞིན་མིག་ལམ་ནས་ མི་ཡལ་བར་མངོན་ཡོང་གིན་འདུག
སྐབས་འདིར་ཁོའི་སེམས་ངོར་ཁོ་མོས་བཤད་པའི་སྐད་ཆ་དེ་དག་ལ་ཡང་གནས་ལུགས་ངེས་ཅན་ ལྡན་པའི་སྣང་བ་སྐྱེས། གལ་ཏེ་ཁོ་མོ་ཡང་རང་ཉིད་ཀྱི་རེ་བ་བཞིན་དུ་གྲོང་ཁྱེར་དུ་གླུ་དབྱངས་ལེན་དུ་ སོང་བའམ་ཕ་མའི་ངག་བཞིན་ཐག་རིང་གི་ཡུལ་དུ་གནས་ལ་སོང་བ་ཡིན་ཚེ་འདི་ལྟར་ཡང་ བསྐྱར་ཁོང་གཉིས་ངོ་འཕྲད་པའི་གོ་སྐབས་ག་ལ་ཡོད། ཁོ་མོས་གདམ་ག་འདི་འདྲ་བྱས་པ་དེས་ཁོང་གཉིས་ལ་སླར་ཡང་འཛོམས་པའི་གོ་སྐབས་འདི་ འདྲ་ཞིག་ཡོད་པར་གྱུར་བ་རེད་ཅིང༌། འདི་ནི་ཚད་ངེས་ཅན་ཞིག་ནས་བཤད་ན་ལས་ཀྱིས་ཁོ་གཉིས་ལ་ཆེད་དུ་བཀོད་སྒྲིག་བྱས་པ་ ཞིག་ཡིན་ཡང་སྲིད། སྐབས་འདིར་ཁོ་རང་ལ་རང་དབང་མེད་པར་ཅིས་ཀྱང་ལུག་འཚོང་ཐབས་བྱེད་དགོས་སྙམ་པའི་ འདུན་པ་ཞིག་བཟློག་མེད་དུ་སྐྱེས་བྱུང་བ་སྟེ།ཁོས་གང་མྱུར་ངང་ལུག་བཙོངས་ཏེ་ཚེ་ རིང་སྒྲོལ་མ་ལ་སྒོར་མོའི་སྐྱིན་པ་དེ་འཇལ་དགོས་པ་ཡིན།གལ་ཏེ་ད་ཐེངས་ཀྱང་སྒོར་ མོ་སྟེར་རྒྱུ་མ་བྱུང་ཚེ་ཁོ་རང་ནི་དངོས་གནས་ཁ་དན་ཚིག་ཏུ་མི་གནས་པའི་མི་ཞིག་ ཏུ་གྱུར་སོང་བ་སྟེ། ཁོ་མོས་ཡིད་སྨོན་བྱེད་ཀྱིན་པའི་རང་ཉིད་དུ་མ་གྱུར་བར་རང་ཉིད་ཀྱིས་བཤད་པའི་ མི་ཁྲེལ་མེད་ཀྱི་རིགས་སུ་གྱུར་བ་རེད། ཁོས་ཅི་ནས་ཀྱང་ཁོ་མོའི་སེམས་ཁོང་དུ་རང་ཉིད་ལ་དེ་ལྟ་བུའི་མི་ཐ་ཤལ་བ་ཞིག་ཡིན་ པའི་བག་ཆགས་ཤིག་འཇོག་མི་རུང་སྙམ། དོན་དངོས་སུ་གྲྭ་བ་རྒན་པ་དེས་བཤད་པ་ཧ་ཅང་བདེན་འདུག་པ་སྟེ། འཇིག་རྟེན་པ་ཞིག་ཡིན་ན་སྡིག་ལས་མ་བྱས་པར་ཁྱིམ་ཚང་གི་ཁ་རྒྱབ་ཇི་ལྟར་གསོ་ རྒྱུ། ཁོ་རང་མཚོན་ན་ཡང་ལུག་མ་བཙོང་བར་སྒོར་མོ་ཞིག་ཇི་ལྟར་བཙལ་རྒྱུ། ལུག་རྫི་ཞིག་ཡིན་ན་ལུག་བཙོང་སྟེ་ཁྱིམ་ཚང་གི་ཁ་རྒྱབ་མི་གསོ་བར་དངོས་བོ་གཞན་ ཅི་ཞིག་གིས་གསོ་འམ། དོན་ངོ་མར་བཤད་ན་རང་ཉིད་ཀྱིས་ལུག་ལ་འཚོ་སྐྱོང་བཟང་བོ་བྱས་ཏེ་ཤ་ཤེད་རྒྱས་སུ་ བཅུག་སྟེ་རང་ཉིད་ཀྱི་ཁ་རྒྱབ་གསོ་བྱེད་དུ་བཙོང་བ་ནི་གནས་ལུགས་དང་མཐུན་པ་ཞིག་ ཀྱང་ཡིན་པ་རེད། དེ་ནི་རང་ཉིད་ཀྱིས་ངལ་རྩོལ་བྱས་པའི་འབྲས་བུ་ཡིན་པས་དོན་མེད་ཀྱི་ཚེ་སྲོག་ལ་ གནོད་སྐྱོན་གཏོང་བ་དང་གཏན་ནས་བསྡུར་ཐབས་མེད་པ་རེད། ཁོས་དེ་ལྟར་སྙམ་བཞིན་དུ་ཡང་བསྐྱར་རྒྱ་སྲང་དུ་ལུག་གཉིས་འཚོང་དུ་འགྲོ་བར་ སེམས་ཐག་བཅད།
ཐེངས་འདིར་ཁོས་སླར་ཡང་ཤབ་གཟན་ཡ་རུ་འདྲ་བ་གཉིས་འབྲེང་བས་སྐེ་སྦྲེལ་བྱས་ཏེ་ རྫོང་ མཁར་དུ་ཁྱེར། ཁོ་རང་ལུག་འཚོང་དུ་འགྲོ་རྒྱུ་ཡིན་པ་ཡུལ་ནས་ཨ་ཕ་ལ་ཡང་བཤད་མེད་དེ། བསྟུད་མར་ཐེངས་གཉིས་ལ་ལུག་འཚོང་མ་ཕོད་པས་ཁོས་ཡང་བསྐྱར་ཡུལ་མི་དག་ལ་དེ་ལྟར་ བཤད་པར་ངོ་གནོང་བས་རེད། ཡུལ་ནས་ཡོང་དུས་སུ་ལྐོག་ཏུ་རུམ་ལ་འབྲེང་བ་ཞིག་བཟུང་སྟེ་རྩ་སར་སླེབས་རྗེས་ ལུག་རྗི་འགའ་ལ་རོགས་བྱེད་དུ་བཅུག་སྟེ་ལུག་གཉིས་ཀ་བཟུང་བ་དང་ལུག་ཁྱུ་ཡང་མི་ གཞན་ལ་བཅོལ་ནས་གཞུང་ལམ་འགྲམ་དུ་སོང་ནས་རླངས་འཁོར་ལ་བསྒུགས་པ་རེད། གཞུང་ལམ་ནི་རྩྭ་རའི་མར་འགྲམ་གྱི་བྱེ་མའི་མཐར་བརྒྱུད་ནས་ཡོད་པས་བར་སྐབས་ འདིར་རླངས་འཁོར་ལ་སྟབས་འགྲིག་མིན་ཐད་སེམས་ཁུར་བྱེད་མི་དགོས་ཏེ། རླངས་འཁོར་ཁ་ལོ་བ་དག་གིས་ནམ་རྒྱུན་ལུག་དྲུད་ནས་རྫོང་མཁར་རམ་ཟི་ལིང་དུ་ བསྐྱོད་དེ་གླ་བཙའ་མཐོན་པོ་ལེན་གྱིན་ཡོད་པས། འཁོར་སྒམ་སྟོང་བ་ཡིན་པའི་སྐབས་སུ་ཁོ་ཚོ་ཡང་ཟོག་འཚོལ་ཞིག་དང་འདྲ་བར་ལམ་ཧྲིལ་ བོར་མིག་རིག་རིག་གིས་མི་ཕྱུགས་གང་རུང་ཞིག་འདྲུད་རྒྱུ་ཨེ་རྙེད་ལ་རེ་བ་བྱེད་ ཀྱིན་ཡོད་ཅིང༌། ལན་རེར་མི་ཕྱུགས་གཅིག་ཀྱང་འདྲུད་རྒྱུ་མ་བྱུང་ཚེ་དེ་ནི་གྱོང་གུད་ཅིག་ཏུ་ བརྩི་བཞིན་ཡོད་པས་རེད། ཁོས་ཡུན་རིང་ལ་སྒུག་མ་དགོས་པར་སྤྱི་སྤྱོད་རླངས་འཁོར་ཞིག་ཐོན་བྱུང་ལ་ཁ་ལོ་ བས་རླངས་འཁོར་གྱི་ཁ་བསྒགས་རྗེས་ལུག་ལ་བལྟས་ཏེ་ལུག་ལ་ཡང་མི་ཡི་གླ་བཙའ་དགོས་ ཟེར་བས་ཁོས་དེ་མ་ཐག་ཏུ་དང་ལེན་བྱས། ལུག་གཉིས་ཀར་ཡང་ཁོ་དང་མཉམ་དུ་མི་ཡི་འདུག་སྟེགས་ཀྱི་བར་དུ་འཚངས་སུ་བཅུག་པས་ ཧ་ཅང་དྲོན་པོར་སྣང་ལ་མཐའ་འཁོར་གྱི་མི་འགའ་རེས་ལུག་གཉིས་ཀྱི་ཤ་ཤེད་ལ་བསྟོད་ བསྔགས་བྱེད་ཀྱིན་འདུག་པས་བལྟས་ཚོད་དུ་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་པ་ནི་འདི་ འདྲ་ཞིག་ཡིན་རྒྱུ་རེད་ཨང་སྙམ་པའི་ཚོར་སྣང་ཞིག་བྱིན་འོང༌།
རྫོང་མཁར་གྱི་སྲང་མགོར་ཐོན་མ་ཐག་ཏུ་སྤྱི་སྤྱོད་རླངས་འཁོར་ལས་ལུག་གཉིས་སར་ བླངས་ཏེ་རྐང་ཐང་ལ་དེད་སོང་བ་རེད། དེ་ནི་ཁ་ལོ་བས་དེང་ཐོག་གླ་བཙའི་ཕན་ཆད་ནས་བཏོན་པའི་ཆ་རྐྱེན་རེད། ཁ་ལོ་བ་ནི་འགྲིམ་འགྲུལ་ཉེན་རྟོག་པས་ཆད་པ་གཅོད་པར་སྐྲག་པ་རེད་མོད་ཁོ་རང་ལ་ མཚོན་ན་དེ་ནི་ཧ་ཅང་སྒྲུབ་སླ་མོ་ཞིག་ཡིན་པར་མ་ཟད་ད་དུང་ལུག་གཉིས་ཀ་ཐང་ནས་ དེད་ན་རླངས་འཁོར་ལས་སར་བླངས་མ་ཐག་པའི་ཉམས་ཞན་བག་འཁུམས་ཀྱི་ཉམས་དེ་རང་ཡལ་དུ་ གྱུར་ནས་གློ་བུར་དུ་ས་ནས་ཡར་ལ་སྐྱེས་བྱུང་བ་ལྟ་བུའི་གཟུགས་བོངས་བཞུན་མོའི་ རང་མདངས་ངོ་མ་དེ་མངོན་ཐུབ་ངེས་རེད། རྒྱང་ནས་བལྟས་ཀྱང་རྒྱ་སྲང་དུ་མི་ཡི་འགྲོ་འོང་དེ་སྔ་བཞིན་མང་པོ་འདུག་པ་མིག་ ལམ་དུ་མཐོང་ཐུབ་པས་ཁོས་ལུག་གཉིས་ཀ་སྐེ་སྦྲེལ་དུ་དེད་ནས་མྱུར་མོར་རྒྱ་སྲང་ལ་ སོང༌།
ཉིན་འདིར་གནམ་ངོ་རུབ་ཅིང་རླུང་བུ་གྲང་མོ་ཞིག་ལྡང་གིན་ཡོད་ན་ཡང་ཁོའི་སེམས་ལ་ སྔོན་ཆད་བྱུང་ མ་མྱོང་བའི་སྟོབས་ཤུགས་ཀྱི་ཚ་རླབས་ཤིག་མཆེད་ཀྱིན་འདུག་ལ། དེ་དང་ལྷན་དུ་མིག་རིག་རིག་གིས་དེ་སྔ་ལུག་ཉོ་གྲབས་བྱས་པའི་ཁ་ཆེ་ཚོང་བ་དག་གམ་ ཡང་ན་མགོ་ལ་ཞྭ་མོ་དཀར་བོ་གྱོན་པའི་ཁ་ཆེ་བ་ཞིག་ཨེ་མཐོང་ལ་རེ་བ་བྱས། སྐ བས་འདིའི་ཁོའི་བསམ་ཚུལ་ལ་བལྟས་ན་ཞྭ་མོ་དཀར་བོ་གྱོན་པའི་ཁ་ཆེ་བ་དག་གམ་ཡང་ན་ ཁ་ཆེ་བ་ལུག་ཉོ་དག་ ནི་ཁོ་རང་གི་རེ་འབྲས་མཐའ་དག་ཡོངས་འགྲུབ་བྱེད་དུ་གཞུག་པའི་སྐྱབས་མགོན་ཁོ་ན་ ཡིན་པའི་ཡིད་ཆེས་དེ་འཆང་ འདུག རྒྱུ་མཚན་ནི་ཁོས་ལུག་གཉིས་ཀ་བཙོངས་རྗེས་གང་མྱུར་ངང་ཚེ་རིང་སྒྲོལ་མའི་སར་ ཕྱིན་ཏེ་སྒོར་མོའི་སྐྱིན་པ་དག་སྟེར་བའི་ཞོར་དུ་ཁོས་ཁས་བླངས་ཡོད་པ་ལྟར་ཁོ་ མོ་ཟ་ཁང་དུ་མགྲོན་བསུ་བྱས་ཏེ་ཉིན་འདི་དག་ལ་སེམས་ ཁོང་དུ་བསྙལ་བའི་སྐད་ཆ་མང་བོ་ཞིག་དངོས་སུ་བཤད་དགོས་སྙམ།
དོན་ངོ་མར་ཁོས་ཁ་ཆེ་བ་དག་མ་མཐོང་བའི་སྔོན་ལ་ཁ་ཆེ་བ་དག་གིས་ཁོ་རང་ཡོང་གིན་པ་ མཐོང་འདུག ཁོ་ཚོ་སྔ་གཞུག་བརྩད་ནས་ཁོའི་གན་དུ་སུ་ཐོན་ལ་འགྲན་བཞིན་དུ་བརྒྱུགས་ཡོང་བའི་ ངང་ཚུལ་ནི་ཨ་ཕ་ཞིག་རྒྱང་རིང་གི་མཁར་གྲོང་དུ་ཚོང་རྒྱག་ཏུ་ཕྱིན་ཏེ་ཕྱིར་ལོག་ པའི་སྐབས་སུ་བྱིས་པ་ད ག་གིས་སྔ་གཞུག་བརྩད་དེ་མདུན་བསུ་རུ་བརྒྱུགས་པ་དང་གཉིས་སུ་མ་མཆིས། སྔ་གཞུག་བྱས་ནས་ཁ་ཆེ་བ་གསུམ་བཞི་ཙམ་གྱིས་ཁོ་རང་ཡོད་པར་དོ་སྣང་མི་བྱེད་པར་ ལུག་གཉིས་ཀྱི་སྟེང་དུ་རུབ་བྱུང་ལ། མཇུག་མཐར་སླེབས་པ་ནི་དེ་སྔོན་མཐོང་མ་མྱོང་བའི་ཨག་ཚོམ་བྲང་ཁར་སླེབས་པའི་ཁ་ ཆེ་བ་རྒན་པ་ཞིག་རེད།
ཁ་ཆེ་བ་སྔོན་མ་དག་གིས་ཁོ་རང་ཡིན་པ་ངོས་ཟིན་སོང༌། ཁོ་ཚོས་གང་བྱུང་ངང་ལུག་གཉིས་ཀའི་ཚང་ར་དང་བྲང་མགོར་མྱངས་ཙམ་དང་ཡར་བཀྱགས་ནས་ ཡང་ལྗིར་ལྟ་ཙམ་བྱས་རྗེས་དགོད་བཞིན་དུ“ཨ་རོགས། ཁྱོད་ཀྱི་ལུག་བཙོང་རྒྱུ་ཨེ་ཡིན”ཞེས་དྲིས་བྱུང༌། ཕར་བལྟས་ན་ཁོ་ཚོས་ཀྱང་ཁོས་ལུག་བཙོང་མིན་ལ་གདེང་ཚོད་ཅི་ཡང་མེད་པ་འདྲ།
ཁོས་ལུག་གཉིས་ཀར་ལྟ་ཙམ་བྱས་ཤིང་སླར་ཡང་སྐད་ཆ་ཤོད་མཁན་ཁ་ཆེ་དེར་བལྟས་ཏེ“ལུག་བཙོང་ཆོག”ཅེས་བཤད།
ཁ་ཆེ་བ་གཞོན་པ་དེས“ལུག་རེར་སྒོར་མོ་ག་ཚོད་དགོས”ཟེར།
ཁོས“ཁྱོད་ཀྱིས་ག་ཚོད་སྟེར་རྒྱུ”ཞེས་དྲིས།
ཁ་ཆེ་བ་གཞོན་ནུ་དེས“ཆ་སྙོམ་གྱིས་བཞི་བརྒྱ་སྟེར། ཨེ་བཙོང”ཞེས་ཚད་འཇལ་བྱས་སོང༌།
ཁོས་འགྱུར་རྒྱུ་མེད་པའི་ཚུལ་གྱིས“ཆ་སྙོམས་ཀྱིས་ལྔ་བརྒྱ་ལྔ་བཅུ་དགོས”ཞེས་བཤད།
ཁ་ཆེ་བ་གཞོན་པ་དེས་དེ་འདྲ་བྱས་ནས་ཉོ་མི་ཐུབ་ཚུལ་གྱིས་མགོ་འཕྲེད་དུ་གཡུགས་ ཀྱིན་དུ་ཕྱིར་རུ་བཀྱེད་བྱུང༌། ཁོ་ཚོས་ཁོ་ལ་སྒོར་ལྔ་བརྒྱ་ལྔ་བཅུ་ཅན་གྱི་ལུག་ཅིག་ཉོ་རྒྱུ་མེད་ཚུལ་བཤད་ བྱུང༌། དེ་འཕྲལ་ཁ་ཆེ་རྒན་པ་དེ་སྔོན་དུ་བུད་ཡོང་སྟེ་ཉམས་མྱོང་གིས་ཕྱུག་མདོག་གིས་ ལུག་གཉིས་ལ་ལག་པས་མྱངས་ཙམ་དང་ཡར་ལ་འདེགས་ཙམ་བྱས་སོང༌། སྐབས་འདིར་ཁོའི་སེམས་གཏིང་ནས་ལུག་གི་ཤ་ཤེད་ཀྱིས་ཁོའི་ཡིད་སེམས་ཡོངས་སུ་ འགུགས་ངེས་པར་ཡིད་ཆེས་དང་རེ་བ་བྱེད་ཀྱིན་ཡོད་པས་ལུག་གི་ཤ་ཤེད་ལྷུང་ཨེ་འགྲོ་ ལ་སེམས་ཁུར་ཅི་ཡང་བྱུང་མ་སོང༌། ཁོའི་སེམས་ལ་གང་ལྟར་ལུག་ཕར་བཙོང་ཐུབ་ཚེ་ལུག་ནི་ཁོ་ཚོའི་ཡིན་པ་རེད་པས་ཁོ་དང་ འབྲེལ་བ་ཅི་ཡང་མེད་པ་རེད་སྙམ། ཡིན་ན་ཡང་ལུག་དག་ནི་དངོས་ནས་ཁ་ཆེ་བ་འདི་དག་གི་ལག་ཏུ་ཚུད་ཚེ་དངོས་གནས་སྤྱང་ ཀིའི་ཁ་རུ་ལུ་གུ་ཚུད་པ་བཞིན་དུ་ཧ་ཅང་ཡང་མོ་ཞིག་ལས་མེད་པར་སྣང༌། ཁ་ཆེ་བ་རྒན་པ་དེས་ཁ་ཚུར་འཁོར་ཏེ་ཁོ་ལ་བལྟས་ནས“ཁྱོད་ཚོ་ཚོང་མི་འགྲིག་ན་ངེད་ གཉིས་ཀྱིས་ཚོང་རྒྱག ལུག་གཉིས་ཀ་སྡོམ་པས་དུ་བྱས་ནས་བཙོང་རྒྱུ”ཟེར།
“སྒོར་སྟོང་གཅིག་དང་བརྒྱ་དགོས”ཁོས་ཁ་ཆེ་རྒན་པ་དེའི་གདོང་ལ་བལྟ་བཞིན་དུ་སྔར་བཞིན་ནན་ཏན་ངང་དེ་ལྟར་བཤད།
ཁ་ཆེ་རྒན་པ་དེས་ཀྱང་སླར་ཡང་ལུག་གཉིས་ལ་ལྟ་ཙམ་བྱས་ཏེ། ཚིག་ཐག་ཆོད་པའི་ཉམས་ཤིག་བསྟན་ཏེ“འོ་ན་སྒོར་སྟོང་གཅིག་བྱིན་ན་བཙོང་རྒྱུ་ཨེ་ ཡིན། བཙོང་ན་ཁྱོད་ཀྱིས་ལུག་དེད་དང་ང་ཚོ་ཚོང་རའི་ནང་དུ་འགྲོ་ལ་ཁྱོད་ལ་སྒོར་མོ་ བརྩིས་ཆོག”ཟེར།
ཁོས་སྒོར་སྟོང་གཅིག་ཟེར་བ་ཐོས་འཕྲལ་རང་དབང་མེད་པར་རྒྱུ་མ་འགུལ་མ་འགུལ་ཙམ་ བྱས་སོང༌། རྒྱུ་མཚན་ནི་ཁོས་ཀྱང་ད་སྔོན་ནས་རེ་གྱིན་པའི་གྲངས་ཀ་ཡང་དེ་ཡིན་མོད་ཁ་ཆེ་བ་ དེས་ཁོའི་རེ་བའི་གྲངས་ཀ་དེ་ངག་ལས་ཕུད་སོང་བས་རེད། འོན་ཀྱང་ཁོས་ཚོང་རར་དེད་དང་སྒོར་མོ་སྟེར་ཟེར་བ་ཐོས་འཕྲལ་བཤས་རའི་ནང་དུ་ འདེད་ཟེར་གྱིན་པ་ཤེས་ནས་རང་དབང་མེད་པར་གྲང་འདར་ཞིག་བརྒྱབ་སྟེ“ང་ཚོས་འདི་གར་ ཚོང་བརྒྱབ་པ་ཆོག ང་རང་ཚོང་་་་ཚོང་རའི་ནང་དུ་མི་འགྲོ”ཞེས་བཤད།
ཁ་ཆེ་བ་རྒན་པ་དེ་ཅུང་ཡ་མཚར་བ་བཞིན་གྱུར་ཏེ“ཅི་རེད། འདི་ནས་ཚོང་རྒྱབ་ན་ང་ཚོར་ཆད་པ་གཅོད་ངེས་རེད། ང་ཚོ་ལྷན་དུ་སོང་ན་སྐྱོན་ཡོད་པ་མ་རེད”ཟེར།
ཁོས་སེམས་ལ་ངོ་མ་དེ་ལྟར་ཡིན་ཚེ་ཁོ་ཚོར་ཡང་ཁག་མི་འདུག་སྙམ་ཞིང་ཅུང་ཙམ་ལ་འདང་ ཞིག་བརྒྱབ་རྗེས་རེ་ཞུ་བྱེད་པའི་ཉམས་ཤིག་མངོན་བཞིན། “འོ་ན་ངས་ཚོང་རའི་སྒོ་ཁའི་བར་དུ་མ་གཏོགས་སྐྱེལ་མི་ཐུབ། དེ་ཨེ་ཆོག་གི”ཞེས་བཤད།
“དེ་ཆོག་གི”
ཁོ་ཚོས་ལྷན་དུ་ལུག་གཉིས་ཀ་དེད་དེ་དེ་སྔོན་ཁོས་ལུག་གཉིས་ཀ་ཁྲིད ་ནས་སོང་མྱོང་བའི་བཤས་རའི་སྒོ་ཁར་སླེབས་མཚམས་ཁོས་འབྲེང་སྣེ་ནས་བཟུང་ནས་གོམ་ པ་ལེན་མཚམས་བཞག་ཅིང་ཁ་ཆེ་རྒན་པ་དེར་ལྟར་བཞིན“ད་ནི་ཁྱོད་ཚོས་ཁྲིད་ཆོག་པར་ འདུག ང་རང་ནང་དུ་མི་འགྲོ”ཞེས་བཤད།
ཁ་ཆེ་རྒད་པོས་གཞི་ནས་ཁ་བཤད་དོན་དུ་གནས་པའི་ངང་སྟོད་གོས་ ཀྱི་ནང་རོལ་ཞིག་ནས་སྒོར་མོ་བརྩེགས་མ་མཐུག་པོ་ཞིག་བླངས་ཡོང་སྟེ་བརྒྱ་ཤོག་ཅན་ བཅུ་བརྩིས་ཏེ་ཁོར་སྤྲད་བྱུང༌། ཁོས་སླར་ཡང་རེ་རེ་བཞིན་བརྩིས་པ་ན་མི་མང་མི་ཉུང་བར་ཏག་ཏག་སྟོང་གཅིག་འདུག་པས། “རེད”ཅེས་བཤད།
ཁ་ཆེའི་རྒད་པོ་དེས་ཁོ་ལ་ཀུ་རེ་རྩེ་བ་འམ་ཅི་ཡིན་མི་ཤེས་མོད་དགོད་བཞིན་དུ“དེ་རིང་ངས་ཁྱོད་ལ་ཚོང་བརྒྱབ་སྟེ་གྱོང་ཆེན་པོ་རེག་སོང”ཟེར།
ཁོ་རང་སྐད་ཆ་དེར་ཡིད་ཆེས་པའམ་སྒོར་མོ་དག་ལག་ཏུ་ཐོན་པའི་རྐྱེན་ཡིན་པ་གང་ཡིན་ མི་ཤེས་མོད་དེ་མུར་སེམས་ཡོངས་སྐྱིད་སྣང་ཞིག་གིས་ཁེངས་པར་གྱུར། སྐབས་འདིར་ཁ་ཆེ་བ་གཞན་པ་དེ་དག་གིས་ལུག་གཉིས་ཀྱི་སྐེ་ལས་འབྲེང་བ་བླངས་ཏེ་ སྤྱང་ཀིའི་ཁ་ནང་དུ་ར་རོ་ཤོར་བ་བཞིན་ཕར་དྲུད་ནས་བུད་སོང་བས། ལུག་གཉིས་ཀའི་མགྲིན་པ་ནས་འབའ་སྐད་དམ་འོ་དོད་འཛེར་བོ་ཞིག་འདོན་བཞིན་གཤང་ལམ་ ནས་རིལ་མ་ཡང་ཐར་ཐར་དུ་འཐོར་བྱུང༌། ཚེ་སྲོག་དང་ལྡན་པ་གང་ཡིན་ཡང་འཇིགས་སྐྲག་ཆེན་པོ་གཉའ་རུ་སླེབས་པའི་དུས་སུ་ད་ གཟོད་གཅིན་དང་རྟུག་པ་ཤོར་བ་ལ་ཡང་རང་དབང་མེད་པ་འདྲ། ཁོ་ཚོས་སྲོག་བསྡོས་ངང་ཕྱིར་འཐེན་བྱེད་ཀྱིན་འདུག་ཀྱང་གཉའ་རུ་བབ་པའི་བཟློག་ མེད་ཀྱི་གཞན་དབང་བཙན་པོ་འདི་དག་ལ་ངོ་ཡ་བྱེད་པའི་ནུས་པ་ག་ལ་ཡོད། སྐད་ཅིག་དེ་ཉིད་ལ་བསམ་དབང་དང་གཟུར་དབང་མེད་པར་དཀར་ནར་ནར་ངང་ཁོའི་མིག་མདུན་ ནས་དྲུད་དེ་ཕ་རོལ་གྱི་མི་མཐོང་བའི་གནས་ཤིག་ཏུ་ཡལ་བར་གྱུར་སོང༌།

ཁོས་ནི་ད་ལྟ་སློབ་གྲྭ་དང་འབྲེལ་བ་ཡོད་པའི་སྐད་ཆ་ཅི་ཡང་བཤད་མི་འདོད་པས་ དགོད་ཙམ་བྱས་ཏེ་ཅི་ཡང་མ་བཤད།  འོན་ཀྱང་ཁོའི་སེམས་ལ་དྲན་པ་ནི“གང་ལྟར་ཡང་ཁྱོད་ཀྱིས་སྐྲ་བཞར་མཁན་ཞིག་བྱེད་ དགོས་མི་འདུག་ཨང”ཞེས་པ་དེ་རེད། ཡིན་ན་ཡང་ཁོས་སེམས་ཀྱི་སྐད་ཆ་དེ་ཉིད་ཇི་བཞིན་དུ་ངག་ནས་བཤད་མ་བྱུང༌། ངོ་མ་བཤད་ན་ཁོའི་སེམས་ན་ཡོད་པའི་བག་ཆགས་ཀྱང་སྔར་བཞིན་དུ་མགར་བྱེད་པ་དང་ལྷམ་ བཟོ་བ།   སྐྲ་བཞར་བ་བཅས་ནི་ཆེས་མཐའ་སྡུག་གི་ལས་ཀ་ཞིག་རེད་པས་ཁོ་མོ་ལྟ་བུའི་མི་ཀུན་ གྱིས་ཡིད་སྨོན་བྱེད་ཀྱིན་པའི་བུ་མོ་ཞིག་གིས་གཉེར་མི་འོས་པ་དེ་རེད།  དེ་སྔ་ཁོ་རང་སློབ་གྲྭ་ན་ཡོད་དུས་སུ་ཁོ་མོ་ནི་ཧ་ཅང་ཞི་འཇམ་གཞུང་དྲང་ཞིག་ཡིན་ མོད།   ཡིན་ན་ཡང་དེ་དུས་ཀྱི་ཁོ་མོ་ད་ལྟ་འདི་འདྲ་ཞིག་ཏུ་གྱུར་དོན་ཅི་ཡིན་པ་ནི་ཁོ་ལ་ མཚོན་ན་ཧ་ཅང་གསང་བ་ལྐོག་གྱུར་གྱིན་དོན་ཞིག་རེད།
“རེད་ཡ། ང་ཚོ་ཡུན་རིང་ཞིག་ལ་ངོ་འཕྲད་མ་བྱུང༌། དེ་རིང་ཁྱོད་རང་གང་བྱུང་དུ་ཡོང་བ་ཡིན་ནམ”ཚེ་རིང་སྒྲོལ་མས་ཁོ་ལ་དེ་ལྟར་དྲིས་ བྱུང༌། ཁོ་མོས་དེ་ལྟར་འདྲི་དུས་མིག་གཉིས་ཀྱིས་ཅེར་རེར་ནོར་བུའི་ངོ་གདོང་ལ་ཞིབ་ལྟ་ བྱེད་ཀྱིན་འདུག་ཅིང༌།  མིག་མདངས་ཁྲོད་དུ་ཧ་ཅང་སྙིང་ཉེ་བ་དང་སྤྲོ་བ་སྐྱེས་ཀྱིན་པའི་འོད་མདངས་རྣོན་ པོ་ཞིག་གིས་ཁེངས་འདུག
“ལུག་གཉིས་བཙོང་དུ་ཡོང་བ་ཡིན་མོད... ...”  ཁོས་དེ་ལྟར་བཤད་བཞིན་ཁོ་མོའི་ཕྱོགས་སུ་ལྟ་ཙམ་བྱས་ཀྱང༌།  ཅེ་རེར་ལྟ་བཞིན་པའི་ཁོ་མོའི་མིག་མདངས་དེར་འཕྲད་པས་མྱུར་དུ་བཞའ་དགོས་བྱུང༌།  རེ་ཞིག་ཕྱོགས་གང་ཞིག་ལ་ལྟ་དགོས་པ་ཡང་མི་ཤེས་པར“བཙོང་མ་ཐུབ་ཐལ” ཞེས་བཤད། ཁོས་དེ་ལྟར་བཤད་ཀྱིན་པའི་སྐབས་སུ་ཅུང་ཡི་མུག་པར་གྱུར་འདུག
“ཅི་རེད།  ཉོ་མཁན་མི་འདུག་གམ།”
ཁོས་མགོ་བོ་འཕྲེད་དུ་གཡུག་ཙམ་བྱས་ནས“ཉོ་མཁན་མེད་པ་མ་རེད།  ང་རང་གིས་བཙོང་འདོད་མ་བྱུང”ཞེས་ཟེར་བཞིན་ངུ་དགོད་ཅིག་བྱས།
“དེ་ཅི་ལ”ཚེ་རིང་སྒྲོལ་མ་ཡང་ཡ་མཚར་བར་གྱུར་སོང༌། “འོ་ན་ཁྱོད་ཀྱང་ལུག་བཙོང་དུ་ཡོང་བ་མ་ཡིན་ནམ”ཟེར།
“ཡིན།  འོན་ཀྱང... ...།”  ཁོས་སླར་ཡང་ད་སྔོན་གྱིན་གནས་ཚུལ་དག་ལ་ཕྱིར་དྲན་བྱེད་ཀྱིན་དུ་མུ་མཐུད་དུ་ མགོ་བོ་འཕྲེད་དུ་གཡུག་གིན་དུ“དེ་ནི་བྱ་ཞིག་མ་རེད། ལུག་མང་བོ་དམར་གསོད་བྱེད་དུས་ལུག་གཞན་དག་གིས་དེ་ལ་ལྟ་བཞིན་པའི་ངང་ཚུལ་དེ་ ནི་ངོ་མ་ལྟ་མི་བཟོད་པ་ཞིག་རེད། སྐབས་དེའི་ཁོ་ཚོའི་སེམས་ཀྱི་འཇིགས་སྐྲག་དེ་ཅི་འདྲ་ཞིག་ཡིན་པ་ཁྱོད་ཀྱིས་ཨེ་ ཤེས།   ཁོ་ཚོས་ལུག་མང་བོ་དམར་གསོད་བྱེད་པའི་ངང་ཚུལ་ལ་ལྟ་བཞིན་འདར་སིག་སིག་མིག་ཆུ་ གཏོང་བ་དེ་ཁྱོད་ཀྱིས་མཐོང་ཨེ་མྱོང༌། ངས་དེ་དག་མཐོང་བས... ...ངས་རང་གི་ལུག་དག་དེ་ལྟར་འཇིགས་སྐྲག་དང་བཅས་དམར་གསོད་བྱེད་དུ་གཞུག་མི་ ཕོད།  ངོ་མ་མི་ཕོད་པར་འདུག”ཟེར་ནས་མགོ་བོ་དུད་པར་གྱུར༌།
ཚེ་རིང་སྒྲོལ་མས་ཀྱང་སྐད་ཆ་དེ་ཐོས་འཕྲལ་གཞི་ནས་ཁོའི་བསམ་ཚུལ་རྟོགས་ཏེ་མུ་ མཐུད་དུ་སྐད་ཆ་དྲིས་མ་བྱུང༌། ཁོ་ལ་རྒྱུས་ལོན་བྱེད་པ་ལྟར་ཅུང་ཙམ་ལ་མགོ་བོ་དུད་ནས་བསྡད་རྗེས“ཁྱོད་ནི་ངོ་མ་ མི་སེམས་བཟང་ཞིག་རེད”ཅེས་བཤད་བྱུང༌།
ཁོས་ངུ་དགོད་ཅིག་བྱས་ནས་ཧ་ཅང་ཞེ་འཚེར་བའི་ངང“འདི་ནི་ང་སེམས་བཟང་ཡིན་པས་མ་ རེད། འདི་ནི་ལས་རྒྱུ་འབྲས་དང་མི་མཐུན་པས་རེད”ཅེས་ནན་ཏན་དུ་བཤད།
“དེའང་རེད།  འོན་ཀྱང་མི་སེམས་བཟང་མེད་ན་ལས་རྒྱུ་འབྲས་དང་མི་མཐུན་ཡང་ཐབས་བཀོད་ཅི་ཞིག་ ཡོད་དམ།  ལས་རྒྱུ་འབྲས་བརྩི་མཁན་ནི་མི་སེམས་བཟང་ཡིན་པ་རེད”ཁོ་མོས་སྐད་ཆ་འདི་བཤད་དུས་ སུ་གདོང་ལ་རྣམ་དག་ལྷད་མེད་ཀྱི་མདངས་ཤིག་ཤར་འདུག    ཁོ་མོ་སླར་ཡང་དགོད་ཙམ་བྱས་ཏེ“ངས་ད་སྔོན་ཁྱོད་ཀྱིས་ཅི་ཞིག་བཙལ་གྱིན་འདུག་ སྙམ་བྱུང”ཟེར།
ཡིན་ན་ཡང་སྐབས་འདིར་ཁོས་ནི་ཁོ་མོའི་རྣམ་འགྱུར་དེ་དག་ལ་དོ་སྣང་ཅི་ཡང་བྱེད་ ཀྱིན་མེད་པར་ད་དུང་ཡང་སྡེ་བའི་མི་ཞིག་དང་ཨེ་འཕྲད་ལ་རེ་བ་བྱེད་ཀྱིན་ཡོད་པས།  སླར་ཡང་ཅུང་སེམས་ཁྲལ་ཆེ་བའི་ངང“ཨ་ཕས་ད་དུང་ང་ལ་བཟའ་ཕྱེ་ཞིག་ཉོས་ལ་ཤོག་ཟེར་ མོད། ད་ནི་ལུག་ཀྱང་བཙོང་མ་ཐུབ་པས་ཕྱིར་སོང་ཚེ་ཁོ་རང་ཡིད་ཆད་རྒྱུ་རེད། ངས་ནི་སྡེ་བའི་ནང་གི་མི་ངོ་ཤེས་ཤིག་ལ་ཨེ་འཕྲད་པར་རེ་བ་ཡིན”ཞེས་བཤད།
ཚེ་རིང་སྒྲོལ་མས་དེ་འཕྲལ་ཁོས་ལུག་མ་བཙོང་བས་བཟའ་ཕྱེ་ཉོ་སྤྱད་ཀྱི་སྒོར་མོ་ མེད་པར་ སེམས་ཁྲལ་བྱེད་ཀྱིན་པ་རྟོགས་བྱུང༌། ཁོ་མོའི་གདོང་ལ་འཛུམ་ཞིག་རྒྱས་ཏེ་ཧ་ཅང་སྤྲོ་སྣང་སྐྱེས་ཀྱིན་པ་ལྟར“ཁྱོད་ ཀྱིས་ལུག་མ་བཙོང་ན་ཚོང་རྒྱག་བྱེད་ཀྱི་སྒོར་མོ་ག་ལ་ཡོད།  ང་ལ་སྒོར་མོ་ཡོད་པས་ཁྱོད་ཀྱིས་ཁྱེར་ལ་བཟའ་ཕྱེ་ཉོ་སྤྱད་བྱོས།  ང་ལ་སྒོར་མོའི་དགོས་མཁོ་ཅི་ཡང་མེད”ཟེར།
སྐད་ཆ་དེ་ནི་ཁོའི་བློ་ཡུལ་ལས་འདས་པ་ཞིག་རེད།  ཁོ་མོས་ཀྱང་སྒོར་མོ་མེད་པར་འདི་ལྟ་བུའི་ལས་ཀ་མཐའ་སྡུག་ཅིག་གཉེར་ཡོད་པ་མ་ རེད་དམ།  ཁོ་མོར་སྒོར་མོ་ག་ལ་ཡོད། སྒོར་མོ་ཡོད་ཚེ་འདི་ལྟ་བུའི་ལས་ཀ་ཞིག་སུ་ཞིག་གིས་གཉེར་རམ། དེ་ལྟར་སྙམ་བཞིན་དུ་སླར་ཡང་ཁོ་མོའི་ཁང་བའི་ནང་ཡོངས་ལ་མིག་ཉུལ་ཞིག་བྱས་ཤིང་ཧ་ཅང་དོགས་མི་བདེ་བའི་ངང“གལ་ཏེ་་་རེད་ཡ། འདི་གར་ཁྱོད་ལ་སྒོར་མོ་བསྐྱི་ས་ཞིག་ཡོད་ན་ངས་གང་མྱུར་ངང་སྐྱིན་པ་འཇལ་ངེས་ ཡིན”ཞེས་ནན་ཏན་དུ་བཤད་ནས་ཁོ་མོའི་གདོང་གི་རྣམ་འགྱུར་ལ་ལྟ་ཙམ་བྱེད་དགོས་ བྱུང༌།
ཁོ་མོ་དགོད་བཞིན་དུ་དེ་མུར་ཡར་ལངས་ཏེ་ཡར་རོལ་ཏུ་སོང་ཞིང༌།  ཁང་བའི་ཡར་ཕུག་གི་  མལ་ཁྲིའི་སྒང་ནས་སྒམ་ཆུང་ཞིག་གི་ཁ་འབྱེད་བཞིན་དུ“སྒོར་མོ་གཞན་ལ་བསྐྱི་དགོས་ མེད།  ངའི་འདི་གར་ཡོད་པས་ཁྱོད་ཀྱིས་ཁྱེར་ལ་བཟའ་ཕྱེ་ཉོ་སྤྱད་བྱོས།  ཡོད་དུས་ཤིག་ལ་སྐྱིན་པ་བྱིན་དང་ཆོག  ག་ཚོད་དགོས་སམ”ཞེས་དྲིས་བྱུང༌།
ཁོ་རང་ཧ་ཅང་དགའ་བར་གྱུར་སོང༌།   དེ་འཕྲལ་དུ“མང་བོ་མི་དགོས།  ལྔ་བརྒྱ་ཡིས་འདང་བར་འདུག”ཅེས་བཤད་རྗེས་ཁོ་མོར་གྲངས་ཀ་དེ་ཙམ་ཞིག་མེད་ལས་ཀྱང་ ཆེ་སྙམ་སྟེ“དེ་འདྲ་ཞིག་མེད་ཀྱང་ཆོག”ཅེས་ཁ་གསབ་ཅིག་བྱས།
ཁོ་མོས་སྒམ་ཆུང་ཁ་ཕྱིར་བརྒྱབ་རྗེས་ཕྱིར་ཁོའི་འགྲམ་དུ་ཡོང་སྟེ་སྒོར་མོ་བརྒྱ་ཤོག་ཅན་ལྔ་ཁོའི་ལག་ཏུ་གཏོད་བཞིན་དུ“འདི་ཡིས་འདང་བ་ཡིན་ནམ”ཞེས་བསྐྱར་འདྲི་ བྱས་བྱུང༌།  ཁོ་མོའི་སྐད་ཆར་ཉན་ན་གལ་ཏེ་མི་འདང་ཚེ་ད་དུང་ཡོད་ཅེས་པའི་དོན་རེད་པས། ཁོས་ཀྱང་སྣེ་མོ་བསྟན་འཕྲལ་ཁུགས་པར་བསྙབས་ན་ག་ལ་འགྲིག
ཁོ་ཧ་ཅང་དགའ་བྱུང༌།  སྒོར་མོ་ཚུར་ལེན་བཞིན་དུ“ཅི་ལ་མི་འདང༌། འདང་ངེས་ཡིན།  ངས་ཁྱོད་ལ་འགོར་དུ་མི་འཇུག”ཅེས་བཤད་ཅིང་སྒོར་མོ་ལག་ཏུ་འབྱོར་འཕྲལ་ད་སྔོན་ ལས་ཀྱང་བྲེལ་བ་ཞིག་ལངས་བྱུང༌།  རྒྱུ་མཚན་ནི་ལུག་གཉིས་ཀ་ཕྱི་རོལ་ཏུ་མི་གཞན་ལ་བཅོལ་ཡོད་པའི་ཁར་ད་དུང་བཟའ་ ཕྱེ་ཉོ་རུ་ཡང་འགྲོ་དགོས་པ་རེད།  འོན་ཀྱང་སྒོར་མོ་བླངས་འཕྲལ་དུ་སོང་ན་ཧ་ཅང་མི་འོས་པ་ལྟར་སྣང་བས་ཨུ་ཚུགས་ ཀྱིས་དེ་གར་སྡོད་ཙམ་བྱས།
ཁོ་མོས་ཅི་མི་སྙམ་པའི་ངང“དེར་སྐྱོན་མེད།  ཁྱོད་ཀྱིས་ནམ་ཡོད་ཅིག་ལ་བྱིན་དང་ཆོག  ང་ལ་གནས་སྐབས་སུ་སྒོར་མོའི་དགོས་མཁོ་ཅི་ཡང་མེད”ཅེས་བཤད་བྱུང༌།  སྒོར་མོ་སྤྲོད་ལེན་བྱས་རྗེས་ཁོང་གཉིས་ཀར་ཡང་ད་ནི་ལས་ཀ་ཅི་ཡང་མེད་པ་ལྟར་ གྱུར་སོང༌། ཁོ་མོ་ཡང་ཁོའི་གན་དུ་ལངས་ནས་ད་ནི་ལས་ཀ་ཅི་ཡང་མེད་པ་ལྟར་ལག་པ་མཉེད་མཉེད་ བྱེད་ཀྱིན་འདུག་ཅིང༌། དེ་ནི་ཁོ་མོས་གཞན་ལ་ཕན་ཐོགས་པའི་བྱ་བ་ཞིག་བྱས་རྗེས་ཡིད་སེམས་ཧ་ཅང་སྤྲོ་སྣང་ གིས་མྱོས་པའི་བྱ་སྤྱོད་ཅིག་རེད།  སྐབས་འདིར་ཁོས་ཀྱང་སེམས་གཏིང་ནས་ཁོ་མོར་བཀའ་དྲིན་ཞུ་བཞིན་ཡོད་ཀྱང་དེ་དག་ངག་ ཐོག་ནས་ཇི་ལྟར་ཕུད་ན་བཟང་བ་མི་རྟོགས་པས་ཁོ་མོར་བཤད་རྒྱུའི་སྐད་ཆ་ཞིག་ལ་བསམ་ བློ་གཏོང་གིན་ཡོད།  ཁོང་གཉིས་ཀ་ཡང་རེ་ཞིག་ཁུ་སིམ་མེར་གྱུར།
ཅུང་ཙམ་ནས་ཁོ་མོས་ཧ་ཅང་དོགས་མི་བདེ་བའི་ངང་ཁོའི་གདོང་ལ་ལྟ་མི་ཕོད་པར་ཕལ་ ཆེར་ཆིག་ལབ་རྒྱག་པ་ལྟར།“དོན་ངོ་མར་དེ་དུས་ཁྱོད་རང་སློབ་གྲྭ་ནས་བུད་སོང་བས་ ངའི་སེམས་ལ་འགྱོད་པ་དྲག་པོ་ཞིག་སྐྱེས་བྱུང༌། སྐབས་དེར་ང་རང་ཡང་ལོ་ཆུང་བས་ཧ་ཅང་ཚད་ལས་འདས་སོང་པ་རེད”ཟེར།  སྐད་ཆ་འདི་བཤད་སྐབས་ཁོ་མོའི་ངོ་མདངས་ཀྱང་སྨིན་དྲགས་པའི་སིལ་ཏོག་ཀུ་ཤུ་ལྟར་ ཧ་ཅང་དམར་བོར་གྱུར་འདུག  གལ་ཏེ་དངོས་པོ་གང་རུང་ཞིག་གིས་རེག་ཙམ་བྱེད་ཐུབ་པར་གྱུར་ཚེ་དེ་མ་ཐག་ཏུ་ས་རུ་ ལྷུང་ངེས་པའི་ཚད་དུ་གྱུར་འདུག
ཁོ་མོས་གློ་བུར་དུ་སློབ་མའི་དུས་ཀྱི་དོན་དག་གླེང་བ་དེས་ཁོ་ཡང་ཧ་ཅང་ངོ་གནོང་ བར་གྱུར་ སོང༌། རེ་ཞིག་ངག་མི་འཁྲོལ་བར་གྱུར་ཅིང༌། “དེའམ... ...དེ་དུས... ...ང་རང་ཡང་བྱིས་པར་གྱུར་བས་རེད།   དེ་དག་་་་གླེང་རིན་ཅི་ཡོད”ཅེས་བཤད་ཅིང་སླར་ཡང་གླེང་དེར་གཡོལ་ཅི་ཐུབ་ངང“གང་ ལྟར་དེ་རིང་ཁྱོད་ཀྱིས་ང་ལ་རོགས་ཆེན་པོ་བྱས་སོང་བས། ངོ་མ་བཀའ་དྲིན་ཆེ།  ནམ་ཞིག་ལ་ངས་ཁྱོད་ལ་མགྲོན་བསུ་ལེགས་པོ་ཞིག་བྱེད་བྱ་ངེས་ཡིན”ཞེས་བཤད།
ཁོ་མོ་ཡང་དེ་འཕྲལ་བགད་བྱུང༌། ད་སྔོན་གྱི་སྐད་ཆའི་མཇུག་མི་སྐྱོང་བར་ཧ་ཅང་ཡ་མཚར་བའི་མིག་འོད་ཀྱིས་ཁོ་ལ་ལྟ་ ཙམ་བྱས་སོང་ལ། མིག་འོད་རྣོ་ངར་ཆེ་བའི་མདེའུ་ཞིག་དང་འདྲ་བར་ཅི་བྱུང་མེད་པར་ཁོའི་ཡ་ཆུང་ཁོག་ གི་གནོང་ས་ཞིག་ཏུ་ཁེལ་བྱུང་བའི་སྣང་བ་སྐྱེས་བྱུང༌། ཁོ་མོས“ཁྱོད་ཀྱིས་མགྲོན་བྱེད་རྒྱུ་ཟེར་ན་ངས་དང་ལེན་བྱེད་ངེས།  འོན་ཀྱང་དེ་རིང་ཁྱོད་ཁོམ་གྱིན་མི་འདུག་པས་ཉོ་ཚོང་རྒྱག་ཏུ་སོང་ཞིག།  ཁོམ་སྐབས་ཤིག་ལ་ང་ཚོས་ཁ་བརྡ་ཞིབ་མོ་བྱས་ཆོག”ཅེས་ཟེར།
“དེ་བྱ།  ང་རང་དངོས་གནས་ཅུང་བྲེལ་གྱིན་འདུག”
ཁོ་རང་སྒྲོལ་མའི་སྐྲ་བཞར་ཁང་ནས་ཕྱིར་འབུད་དུས་ཕྱི་དྲོ་ཡོལ་གྱིན་འདུག  ཚེ་རིང་སྒྲོལ་མས་ཕྱི་རོལ་བར་དུ་སྐྱེལ་མ་བྱས་ཏེ་ཡོང་ཞིང་གྱེས་ཁར་ཁོའི་གདོང་ ལ་ལྟ་མི་ཕོད་པར་མགོ་བོ་དུད་ཅིང༌། ངོ་གདོང་དམར་བོར་འགྱུར་ཙམ་ངང༌།“ང་རང་གཅིག་པུར་སུན་གྱིན་འདུག་པས༌། རྒྱུན་དུ་ང་ལ་ལྟ་རུ་ཤོག”ཅེས་བཤད་བྱུང༌།
ཁོས་ཀྱང་ཁོ་མོའི་སྐད་ཆ་དེའི་ཧ་གོ་མ་བྱུང༌། ཁོ་མོས་སེམས་ཀྱིན་པ་ནི་ཕལ་ཆེར་ཁོས་སྒོར་མོའི་སྐྱིན་པ་འཇལ་རྒྱུ་བརྗེད་ཨེ་ འགྲོ་ལ་དོགས་ཀྱིན་འདུག་སྙམ་ནས། “ཁྱོད་ཀྱི་སེམས་བདེ་མོ་བྱོས། ངེས་པར་དུ་ཡོང་ངེས་ཡིན”ཞེས་བཤད།
ཚེ་རིང་སྒྲོལ་མ་དང་གྱེས་རྗེས་ཁོའི་སེམས་ལ་དྲོད་ཁོལ་ཞིག་གིས་ཁེངས་པར་གྱུར་བ་ མ་ཟད་  རང་དབང་མེད་པར་དེ་རིང་གི་དོན་དག་ཡོད་ཚད་ཀྱང་དེ་འདྲའི་བློ་ཡུལ་ལས་འདས་པ་ཤ་ སྟག་ཡིན་པའི་སྣང་བ་ཞིག་སྐྱེས་བྱུང༌། དོན་དག་མང་པོ་ཞིག་དངོས་གནས་དེ་འདྲ་ཞིག་ཡིན་པར་འདུག་སྟེ། རང་ཉིད་ཀྱིས་འཚོལ་ཞིང་སྙེག་ལ་ཐོབ་པར་འོས་པ་མང་བོ་ཞིག་སྐད་ཅིག་ཉིད་ལ་རྒྱང་ དུ་བྱེར་འགྲོ་བ་དང༌།  དེ་ལས་ལྡོག་སྟེ་ཐོབ་རེ་བྲལ་བ་ཞིང་རེ་ལྟོས་ཀྱི་ཁོངས་ལས་འདས་པ་མང་བོ་ཞིག་དེ་ མ་ཐག་ཏུ་རང་གི་མིག་མདུན་དུ་མངོན་གྱིན་པ་མ་རེད་དམ།
ལོ་གཉིས་ཀྱི་སྔོན་དུ།  ཁོ་དང་ཚེ་རིང་སྒྲོལ་མ་གཉིས་ཀ་ཡང་འདི་གའི་རྫོང་མི་རིགས་སློབ་འབྲིང་གི་འཛིན་ གྲྭ་གཅིག་གི་སློབ་གྲོགས་ཡིན། དེ་དུས་ཀྱི་ཁོ་མོ་ནི་སློབ་སྦྱོང་ལ་དེ་འདྲ་བཟང་རྒྱུ་མེད་པ་དང་ཡག་མོ་སྒོ་ཡང་ གཞན་ལས་ཁྱད་དུ་འཕགས་པ་ཞིག་མིན་ན་ཡང་ཁོ་ཚོའི་འཛིན་གྲྭ་མ་ཟད་སློབ་གྲྭ་ཡོངས་ སུ་ཡང་གླུ་མར་བརྩི་གྱིན་པའི་བུ་མོ་སྐད་ཅན་ཞིག་ཡིན་པར་མ་ཟད།  ནམ་རྒྱུན་གླུ་དབྱངས་ལེན་པ་དང་བྲོ་གར་འཁྲབ་པ་སོགས་རིག་རྩལ་བྱ་འགུལ་ལ་ཧ་ཅང་ དགའ་བོ་ཡོད་ལ། ལྷག་པར་དུ་ཁོ་མོས་རྒྱུན་དུ་ལེན་པར་དགའ་བའི་གླུ་དབྱངས《ཕ་ཡུལ་གངས་ལྗོངས་སེམས་ ཀྱི་གཞི་ན་ཡོད》ཅེས་པ་བླངས་ཚེ་རང་ཉིད་ནི་ཉན་མཁན་སྟོང་ཕྲག་མང་བོའི་མདུན་ཐད་ ཀྱི་སྟེགས་བུའི་སྟེང་དུ་འགྲེང་ཡོད་པ་ལྟར་ཚིག་འབྲུའི་བརྩེ་དུང་གིས་ཡོངས་སུ་ བཟི་བར་བྱེད། སྐབས་ཤིག་ལ་སློབ་གྲོགས་ཚོའི་ཁྲོད་དུ་ཁོ་མོའི་མིང་ལ“དབྱངས་ཅན་མ”ཞེས་པའི་མིང་ སྙན་མོ་ཞིག་ཀྱང་བཏགས་བྱུང༌།    སྐབས་དེར་ཁོ་ཚོར《སྙན་ངག་མེ་ལོང་མ》འཁྲིད་ཀྱིན་ཡོད་ཅིང༌།   གནའ་བོའི་རྒྱ་གར་གྱི་ལྷ་སྒྲུང་ལྟར་ན་སྔོན་དུས་སུ་ལྷོ་ཕྱོགས་ཀྱི་བདུད་རྩིའི་ རྒྱ་མཚོ་རླུང་གིས་གཡོས་པ་ལས་སྒྲ་དབྱངས་སྣ་ཚོགས་བྱུང་བ་ལ། འཇིག་རྟེན་མེས་པོ་ཚངས་པ་ཆེན་པོ་དབྱངས་དེ་ལ་ཆགས་ཤིང་རོལ་ནས་ལོ་སྟོང་ཕྲག་དུ་ མ་སོང་བ་ན། རྒྱ་མཚོ་ཆེན་པོ་མའི་དོད་དུ་བྱས་པ་དང་ལྷ་ཚངས་པའི་ཡིད་ཕའི་དོད་དུ་བྱས་པ་ལས་ དབྱངས་དང་གར་ལ་རང་དབ ང་ཐོབ་པའི་ལྷ་མོ་དབྱངས་ཅན་མ་འཁྲུངས་པ་ཡིན་ཚུལ་གྱི་གཏམ་རྒྱུད་ཡོད་པ་ཡིན་པས།  ད་ནི་ཁོ་ཚོའི་འཛིན་གྲྭའི་ནང་དུ“དབྱངས་ཅན་མ”ཞིག་བྱུང་བ་ན་འཛིན་གྲྭ་ཕྱི་ནང་ སློབ་གྲོགས་སྐྱེས་པ་དག་གིས་ཡིད་སྨོན་བྱེད་སའི་གཞི་རུ་གྱུར་ཡོད་པ་སྨོས་ཅི་ དགོས།  ད་དུང་སློབ་གྲོགས་འགའ་རེས་ཐབས་སྣ་ཚོགས་འཐེན་ཏེ་ཁོ་མོ་དང་འབྲེལ་འདྲིས་བྱེད་ ཨེ་ཐུབ་དང་ཁོ་མོ་ལ་གང་བྱུང་གི་ཁ་བརྡ་རེ་བྱེད་ཨེ་ཐུབ་ལ་བརྩོན་མཁན་ཡང་མང་པོ་ ཡོད། སྐབས་དེར་ཁོ་མོ་ནི་སློབ་གྲྭ་ཡོངས་ཀྱི་ཁྱད་དུ་འཕགས་པའི་མི་སྣ་ཞིག་ཏུ་གྱུར་ ཡོད་པའི་ཁར་ཁོ་མོའི་ཡིད་སེམས་ཧ་ཅང་སྤྲོ་བཞིན་པའི་དུས་ཀྱང་ཡིན་ངེས་རེད་དེ།  སློབ་གྲོགས་གཞན་གྱིས་ཁོ་མོར་འཕྲིན་ཡིག་བསྐུར་ཡོང་བ་དག་ལྐོག་ཏུ་སློབ་གྲོགས་ བུ་མོ་ཚོར་ངོམ་སོ་བྱེད་ཅིང༌། ཁོ་མོས་དེ་དག་ལ་འཕྲིན་ལན་བྲིས་ཡོད་པ་ཡང་སློབ་གྲོགས་གཞན་གྱི་ལག་ན་མཐོང་རྒྱུ་ འདུག  ནམ་རྒྱུན་ཁོ་མོ་སློབ་ཁང་ནང་དུ་ཐོན་འཕྲལ་སློབ་གྲོགས་ཡོངས་རྫོགས་ཀྱང་འུར་ཟིང་ གི་རྣམ་པ་ཅན་དུ་གྱུར་འགྲོ་ལ།   ད་དུང་སློབ་གྲོགས་མ་  རབས་འགའ་རེས་ཁོ་མོས་འཛིན་གྲྭ་གཞན་པའི་སློབ་གྲོགས་དག་ལ་འཕྲིན་ལན་བྲིས་པ་ལ་ ཕྲག་དོག་སྐྱེས་ཏེ་མ་དགའ་བར་མངོན་སུམ་འཛེམ་མེད་སྒོས་ཁོ་མོར་གཡས་འཐེན་གཡོན་ འཐེན་བྱས་ནས་ཐུབ་ཚོད་བྱས་ཤིང་ངུ་རུ་བཅུག་པ་ལན་མང་བྱུང༌།
ཁོ་རང་ཡང་སྐབས་དེར་ཚེ་རིང་སྒྲོལ་མའི་གླུ་སྐད་ལ་ཡིད་སྨོན་བྱེད་པའི་གྲས་ཀྱི་ གཅིག་ཡིན་ཡང༌།  ཁོ་མོར་ལ་དངོས་ཐུག་སྒོས་ཁ་བརྡ་བྱེད་པའི་སྤོབས་པ་མེད་པས་ལྐོག་ཏུ་རེ་སྒུག་ བྱེད་མཁན་གྱི་སྐོར་ཡིན་མོད།  ཐེངས་ཤིག་ལ་ཁོས་སྤོབས་པ་ཆེར་བསྐྱེད་དེ་ཤོག་བུ་ཞིག་གི་སྟེང་དུ“སྟོད་ཡུལ་གྱི་ རྟ་ར་ནང་ན།། རྟ་གཉིས་རེ་གཉིས་རེ་བརྒྱུགས་གི། ང་བརྒྱུགས་རོགས་མེད་ལ་བསྡད་ཡོ།། ངའི་བརྒྱུགས་རོགས་ཐོར་མོ་ཁྱོད་བྱོས།།”ཞེས་བྲིས་ཤིང༌། ཤོག་བུ་ལྟེབ་དག་པོ་བྱས་རྗེས་རང་ཉིད་དངོས་ནས་ཁོ་མོར་སྟེར་མ་ཕོད་པར་འཛིན་ གྲྭའི་སློབ་གྲོགས་ཤིག་བརྒྱུད་ནས་སྟེར་དུ་བཅུག   བསམ་ཡུལ་ལས་འདས་པ་ཞིག་ལ་སློབ་གྲོགས་དེས་ཡི་གེ་དེ་ཐད་ཀར་ཁོ་མོའི་ལག་ཏུ་མ་ བཞག་པར་འཛིན་གྲྭའི་སློབ་གྲོགས་ཡོངས་འདུས་ས་ནས་འུད་སྒྲོག་བྱས་པར་མ་ཟད་ལ་གཞས་ དེ་སྐད་མཐོན་པོས་ཐོས་པར་བསྒྲགས་པས༌།   ཚེ་རིང་སྒྲོལ་མ་ནི་ཁ་སྐྱེངས་པའི་ཁར་ཁོང་ཁྲོ་ལངས་ཏེ་ཁོ་མོར་བརྙས་བཅོས་བྱས་ སོང་ཟེར་ནས་དེ་མ་ཐག་འཛིན་བདག་དགེ་རྒན་གྱི་གཞུང་ལས་ཁང་དུ་སོང་སྟེ་གཏུག་བཤེར་ བྱས་སོང༌།    དངོས་གནས་རི་བོང་རི་བོང་ཤོར་སོང་བ་དང་སྡོམ་པ་སྡོམ་པ་ཤོར་སོང་བའི་དཔེ་རུ་ གྱུར་སོང་བ་སྟེ། འཛིན་བདག་དགེ་རྒན་གྱིས་ནི་ཁོ་རང་གཅིག་པུ་བོས་ཏེ་སྐྱོན་བརྗོད་ནན་མོ་བྱས་ བྱུང་མོད་དེ་ལ་ན་སེམས་སྐྱེས་རྒྱུ་ཅི་ཡོད། དེ་ནི་རང་སྡུག་རང་གིས་ཉོས་པ་རེད། ཡིན་ན་ཡང་དོན་དེ་རིམ་བཞིན་དུ་སློབ་གྲྭའི་ནང་ཡོངས་ལ་ཁྱབ་བྱུང་སྟེ་རེ་ཞིག་ ཀུན་གྱི་གླེང་གཞིར་གྱུར་སོང་བ་མ་ཟད་ཁོའི་མིང་ལ“རྟ་ཁེར་རྐྱང”ཞེས་པའི་མཚང་ མིང་ལྟ་བུ་ཞིག་བཏགས་བྱུང་བས། ཁོ་ནི་སློབ་གྲོགས་ཡོངས་ཀྱི་ཁྲོད་དུ་ཁ་སྐྱེངས་ཆེན་པོ་བྱུང་བའི་ཁར་ཁོའི་རང་ བརྩི་བསམ་པར་ཡང་ཕོག་ཐུག་ཆེན་པོ་བཏང་བྱུང་བས་མུ་མཐུད་དུ་སློབ་གྲྭ་ནས་སྡོད་ ཐབས་མ་བྱུང་བར་ཕྱིར་ཡུལ་དུ་བྲོས་ཡོང་བ་རེད།  ཡུལ་དུ་ཡོང་ནས་ཕྱུགས་རྫི་བྱས་པའི་རིང་དུ་ཡང་དོན་དེ་ཁོའི་སེམས་གཏིང་དུ་ བསྐུངས་པའི་གནོངས་ཤིག་ཏུ་གྱུར་ཏེ་ནམ་རྒྱུན་ཡིད་ངོར་དྲན་ཐེངས་རེར་སློབ་ གྲོགས་ངན་པ་དེར་ཞེ་གཏིང་ནས་ན་སེམས་ཤིག་སྐྱེས་ཡོང་གིན་འདུག  འོན་ཀྱང་ཚེ་རིང་སྒྲོལ་མས་དགེ་རྒན་ལ་གཏུག་བཤེར་བྱས་པ་དེ་ནི་སྐབས་དེར་ཁོ་མོ་ ཡང་ངོ་གནོངས་པའི་རྐྱེན་ཡིན་ངེས་པ་ཁོ་རང་གིས་ཀྱང་རྒྱུས་ལོན་བྱེད་ཀྱིན་ཡོད།  བསམ་ཡུལ་ལས་འདས་པ་ཞིག་ལ་དེ་རིང་ཁོ་རང་དཀའ་ཁག་ལ་ཐུག་སྟེ་ཡོད་པའི་སྐབས་འདིར་ སླར་ཡང་ཁོ་མོར་འཕྲད་ཅིང་རོགས་རམ་ཆེན་པོ་བྱས་ཡོང་བ་ནི་སུ་ཞིག་གི་ཡིད་ངོར་ དྲན་སྲིད་ཨང༌།
ཐེངས་དེར་ཁོས་ལུག་གཉིས་ཀ་བཙོང་མ་ཐུབ་པར་ཕྱིར་ཐོན་པ་དེས་ཁོའི་ཨ་ཕའི་ཡིད་ཧ་ ཅང་མི་ཁེངས་པར་གྱུར་འདུག  རྒྱུ་མཚན་ནི་ད་བར་དུ་ཁྱིམ་ནང་ཚོང་ཅི་ཞིག་རྒྱག་དགོས་ཀྱང་ཨ་ཕ་གཅིག་པུ་སོང་བ་ རེད་ཅིང་ཁོ་རང་གི་སྐལ་ནི་ལུག་ཁྱུ་རྩྭ་བཟང་ཆུ་བཟང་གི་སར་དེད་དེ་འཚོ་སྐྱོང་ བྱེད་རྒྱུ་ཁོ་ན་ལས་མེད་པ་རེད།  ཡིན་ན་ཡང་ད་ལྟ་ཨ་ཕ་ནི་ལོ་ན་རྒ་བའི་སར་ཉེ་བ་དང་ཁོ་རང་རང་མགོ་ཐོན་པའི་དུས་ལ་ ཐོན་པ་རེད་པས་ཁྱིམ་ཚང་གི་འགན་ཁུར་བའི་ནུས་པ་སྦྱོང་དུ་འཇུག་དགོས་སྙམ་པ་རེད་ ཀྱང༌། ཁོས་ནི་ཐ་ན་ལུག་གཉིས་ཀྱང་འཚོང་མ་ཐུབ་པའི་ཁར་གཞན་ལ་སྒོར་མོ་བསྐྱིས་ཏེ་བཟའ་ ཕྱེ་ཉོས་ཡོང་འདུག་པ་ནི་གཞན་གྱིས་ཐོས་ན་ཧ་ཅང་ངོ་གནོངས་དགོས་པའི་དོན་དག་ཅིག་ ཅི་ལ་མིན། ཕྱོགས་གཞན་ཞིག་ནས་བཤད་ན་ཁོ་རང་ལ་ཡང་དངོས་གནས་ཁག་མི་འདུག་སྟེ། ཡུན་རིང་ལ་ལུག་ཁྱུ་འཚོ་སྐྱོང་བྱས་པའི་གོ་རིམ་ཁྲོད་ནས་ཁོ་རང་དང་ལུག་ཁྱུ་ གཉིས་ཀ་ཕན་ཚུན་དགར་དུ་མེད་པའི་ཕུང་གཟུགས་གཅིག་ཏུ་གྲུབ་པ་སྟེ། རང་ཉིད་གསོན་དོན་ནི་ལུག་ཁྱུ་འཚོ་སྐྱོང་བཟང་བོ་བྱེད་རྒྱུ་དེ་ཡིན་པ་དང་ལུག་ ཁྱུ་རྩྭ་ཆུས་འགྲངས་པ་དང་ཤ་ཤེད་ བཟང་བོ་བྱུང་ཚེ་རང་ཉིད་ཀྱི་གྲུབ་འབྲས་དང་སྤྲོ་སྐྱིད་ཡོངས་རྫོགས་ཀྱང་དེ་ལས་ མངོན་དགོས་པ་རེད་ལ། གལ་ཏེ་ལུག་ཁྱུ་མེད་ཚེ་ཁོ་རང་ཡང་རྩྭ་ཐང་འདིར་མི་དབང་བ་སྟེ་འདི་དག་དོན་དག་ཅི་ ཡང་མེད་པའི་མི་ལྷག་ཅིག་ཏུ་གྱུར་སོང་བ་མ་རེད་དམ།   དེས་ན་ཁོས་ད་བར་དུ་ཁོག་པའི་སྙིང་ལྟར་བདག་སྐྱོང་གང་ལེགས་བྱས་པའི་ལུག་འདི་དག་ ད་ནི་རེ་རེ་བཞིན་གཤིན་རྗེ་འཕྲང་ལྟ་བུའི་བཤས་རར་དེད་དེ་གསོད་གཏུབ་ལ་བག་ཚ་ མེད་པའི་ཤན་པའི་ལག་ཏུ་འཇོག་དགོས་ཤེ་ན། དེ་ནི་ཅི་འདྲའི་གདུག་རྩུབ་ཆེ་ཞིང་སེམས་ཀྱིས་མི་བཟོད་ལ་ཞེ་ནས་འཚེར་བ་ཞིག་ རེད་ཨང༌།
བདུན་ཕྲག་གཅིག་མ་འགོར་བར་ཨ་ཕས་སླར་ཡང་ཁོ་རང་ལུག་འཚོང་དུ་འགྲོ་བར་བསྐུལ་ བྱུང༌།   ཨ་ཕས་བཤད་པའི་སྐད་ཆ་ནི༌།“དེས་ན་ད་དུང་ལུག་འཚོང་དུ་ང་འགྲོ་དགོས་པ་ཨེ་རེད།  ཁྱོད་ཀྱིས་ལུག་ཀྱང་འཚོང་མི་ནུས་ན་རྗེས་སུ་འཚོ་བ་ཇི་ལྟར་རོལ་རྒྱུ་ཡིན།  སོང་ལ་ཁེ་ཉིན་གྱི་ལུག་དེ་གཉིས་ཀ་བཙོང་རྗེས་གཞན་ལ་སྒོར་མོ་བསྐྱིས་པར་སྐྱིན་ པ་འཇོལ་ཅིག  ཚོང་ཅི་ཡང་མ་བརྒྱབ་ཀྱང་ཆོག”ཅེས་པ་དེ་རེད། ཁོ་རང་དངོས་གནས་འུ་ཐུག་ཏུ་བཅུག་སོང༌། ཡིན་ན་ཡང་འདི་ནི་ཨ་ཕའི་བཀའ་རེད་པས་རྒྱབ་འགལ་བྱེད་སྲོལ་ཅི་ཡོད།  ཨ་ཕས་ཀྱང་མི་ཚེ་གང་བོའི་རིང་ལ་དེ་ལྟར་ལུག་བཙོང་སྟེ་སྒོར་མོར་བརྗེ་བ་དང་དེས་ ལྟོ་གོས་ཡོ་བྱད་ཅི་མཁོ་ཉོ་རྐྱང་བྱས་པས།            ཁོས་གཞི་ནས་སྦྲུལ་རོ་ བཞིན་དུ་ས་རུ་རང་སར་བསྣར་ཡོད་པའི་འབྲེང་བ་དེ་ཚུར་བསྡུས་ནས་རུམ་དུ་བཅུག་ རྗེས་བསམ་བློ་གཏོང་ཙམ་ཡང་མི་བྱེད་པར་ཕྱིར་རྒྱ་སྲང་གི་ཕྱོགས་སུ་སོང༌།  རྒྱ་སྲང་གི་འགྲུལ་བ་དག་ནི་སྔར་བཞིན་དུ་རང་རང་གི་དམིགས་པ་ཅི་ཡིན་པ་དེ་འཚོལ་ བར་བྲེལ་བ་སྟེ།    མིགརིག་རིག་གིས་ཕྱོགས་ཀུན་ཏུ་ཅེར་གྱིན་འགྲོ་བ་ལས་ཁོ་རང་གི་དངོས་ཡོད་ལ་དོ་ སྣང་ཅི་ཡང་བྱེད་ཀྱིན་མི་འདུག་ཀྱང༌། ད་ལྟ་ཁོས་སྒོར་བརྒྱ་ཤོག་ཅན་བཅུ་ཐམ་པ་སྟེ་སྒོར་སྟོང་གཅིག་དེ་ཨམ་ཕྲག་ཏུ་བཅུག་ ཡོད་པས་ལུས་ལ་སྔ་ན་མེད་པའི་སྟོབས་ཤུགས་ཤིག་རྒྱས་ཡོད་པར་མ་ཟད་རྒྱ་སྲང་འདི་ སྔར་བས་བཀྲག་མདངས་ཅན་དུ་གྱུར་ཅིང་གཡས་གཡོན་ན་འདུ་ལོང་བྱེད་པའི་མི་དག་ཀྱང་ མིག་ནང་དུ་གསལ་ལྷང་ངེར་མཐོང་ཐུབ་ཅིང༌།   མི་དེ་དག་ཀྱང་རང་ཉིད་དང་གཅིག་འདྲ་ཡིན་པའམ་ཡང་ན་རང་ཉིད་ལས་ཀྱང་ཉམ་ཆུང་ཡིན་པ་ ལྟར་སྣང༌།  ཁོ་རང་མི་ཚོགས་ཀྱི་ཁྲོད་ནས་འཚངས་ཏེ་ཐད་ཀར་སྒེར་ཚོང་ཁྲོམ་རའི་ནང་དུ་ཕྱིན། གཡས་གཡོན་གྱི་ཞོར་ཟས་འཚོང་མཁན་དང་ཤིང་ཏོག་འཚོང་མཁན།    ལྷམ་བཟོ་བ་དག་གིས་འཛུམ་པའི་སོ་བསྟན་ཏེ་ཁོ་རང་འགུགས་ཅི་ཐུབ་བྱེད་ཀྱིན་འདུག་ ཀྱང་ཁོས་ནི་དེ་དག་ལ་དོ་སྣང་ཅི་ཡང་མ་བྱས་པར་ཤར་རེར“སྒྲོལ་མའི་སྐྲ་བཞར་ཁང”གི་ ཕྱོགས་སུ་བསྙེགས་ནས་སོང༌།
ཁོ་རང“སྒྲོལ་མའི་སྐྲ་བཞར་ཁང”གི་ཉེ་སར་སླེབས་ལ་ཉེ་དུས་རང་དབང་མེད་པར་གོམ་པ་ སྤོ་མཚམས་བཞག་ནས་ཅེར་ཏེ་སྡོད་དགོས་བྱུང༌། དེ་སྔའི“སྒྲོལ་མའི་སྐྲ་བཞར་ཁང”གི་ཁང་བ་དེའི་ནང་དུ་ད་ནི་ཚོང་རྫས་སྣ་ཚོགས་ ཤིག་བཤམས་འདུག་ཅིང་སྒོ་ཀླད་ཀྱི་བྱང་བུ་ཡང་གསར་དུ་བརྗེ་སྟེ་རྒྱ་ཡིག་གིས“དུད་ ཆང་ཚོང་ཁང་ཆུང་བ”ཞེས་པ་ཞིག་བཀལ་འདུག  ཁོས་རང་ཉིད་ཀྱིས་ཁང་བ་ནོར་བ་ཨེ་ཡིན་སྙམ་སྟེ་མགོ་བོ་དཀྱོགས་ཏེ་གཡས་གཡོན་གྱི་ ཚོང་ཁང་དག་ལ་བལྟས་པ་ན། གཡས་གཡོན་གྱི་ཚོང་ཁང་ནི་སྔར་བཞིན་འདུག་པས་ཁང་བ་ནོར་བའང་མ་རེད་པས།  ཁོའི་གློ་བ་དེ་མ་ཐག་ཏུ་མིད་པའི་ཁར་འཚངས་པར་གྱུར་ཏེ་སེམས་ལ་བྲེལ་འཚབ་ཅིག་ ལངས་བྱུང༌།  མྱུར་སྟབས་ངང་ཚོང་ཁང་དེའི་ནང་དུ་སོང་བ་ན་ནང་རོལ་གྱི་ཚོང་གཉེར་བ་ནི་ལོ་ན་ དྲུག་ཅུར་སླེབས་ལོས་ཡོད་སྙམ་པའི་རྒན་མོ་ཞིག་རེད་ཅིང༌། ཁོ་མོས་ཁོ་མཐོང་བས་དེ་འཕྲལ་ཡར་ལངས་ཏེ་ཧ་ཅང་བཅོས་མའི་འཛུམ་ཞིག་སྟོན་བཞིན“ཅི་ ཞིག་ཉོ་རྒྱུ་ཡིན”ཞེས་དྲིས་བྱུང༌།
ཁོས་བྲེལ་འཚུབ་ཆེན་པོས་རྒྱ་སྐད་ཀྱིས“ཁོ་མོ་གང་ལ་བུད་ཐལ”ཅེས་དྲིས༌།
རྒན་མོ་ཡང་ཅུང་ཡ་མཚར་བར་གྱུར་ཏེ“ཁྱོད་ཀྱིས་སུ་ཟེར་བ་ཡིན”ཞེས་དྲིས་བྱུང༌།
ཁོས་གཞི་ནས་རང་ཉིད་འཚབ་དྲགས་ཏེ་སྐད་ཆ་གསལ་བོ་མ་བཤད་པ་ཤེས་ནས་ཅུང་ལྷོད་དུ་ བབས་པའི་བཟོ་ལྟ་བསྟན་ནས“དེ་སྔོན་ཁང་བ་འདིའི་ནང་དུ་སྐྲ་བཞར་མཁན་གྱི་བུ་མོ་ དེ་གང་ལ་སོང་བ་རེད”ཅེས་དྲིས།
རྒན་མོས་ཀྱང་གཞི་ནས་སྐད་ཆའི་ཧ་གོ་སྟེ་དགོད་བཞིན་དུ“ཁོ་མོ་འདི་གར་སྐྲ་བཞར་ མི་འདོད། གྲོང་ཁྱེར་དུ་འགྲོ་རྒྱུ་ཡིན་ཟེར”ཞེས་བཤད་བྱུང༌།
ཁོ་རང་རེ་ཞིག་རང་ཉིད་ཀྱི་རྣ་བར་ཡང་ཡིད་མི་ཆེས་པ་ལྟར་གྱུར་སོང༌།  གོམ་གང་མདུན་སྤོས་ཀྱིས་དོན་དག་ལ་གསལ་ཁ་ཞིག་ལེན་དགོས་སྙམ་ནས་རྒན་མོའི་གདོང་ ལ་བལྟས་ཏེ་“ཁོ་མོ་གྲོང་ཁྱེར་དུ་ཅི་བྱེད་དུ་སོང་བ་རེད་”ཅེས་ནན་ཏན་དུ་དྲིས།   ཁོའི་མིག་གི་མདངས་དང་སྐད་ཀྱི་གདངས་ལ་བལྟས་ན་ཕལ་ཆེར་རྒན་མོ་དེས་འགྲོ་རུ་ བཅུག་པ་ལོས་ཡིན་སྙམ་པའི་ཉམས་ཤིག་མངོན་འདུག།    རྒན་མོས་ཀྱང་ཁོའི་རྣམ་འགྱུར་དེ་མཐོང་འཕྲལ་ཅུང་མི་དགའ་བ་ལྟར་གྱུར་སོང༌།“དེ་ མི་ཤེས།”ཞེས་བཤད་རྗེས།  ཁོ་རང་ཚོང་རྒྱག་ཏུ་ཡོང་བ་མིན་པ་ཁོ་ཐག་ཆོད་པས་གདོང་གི་བཅོས་མའི་འཛུམ་དེ་ཡང་ ཕྱིར་བསྡུས་ནས་ཅི་མི་སྙམ་པའི་ངང་ཕར་ཕྱོགས་ཤིག་ལ་བལྟས་ཏེ་བསྡད་སོང༌།
... ...
ཚེ་རིང་སྒྲོལ་མ་དེ་ལྟར་སླར་ཡང་ཁོ་རང་དང་རྒྱང་དུ་གྱེས་སོང་བ་རེད།  དེ་ནས་བཟུང་ཁོས་ཁོ་མོ་དོན་དངོས་སུ་གང་ཞིག་ཏུ་བུད་སོང་བ་མི་ཤེས་ལ་ད་ལྟ་ཅི་ ཞིག་ལས་ཀྱིན་པ་ཡང་མི་རྟོགས། ཁོས་ཤེས་པ་ནི་ད་དུང་རང་ཉིད་ཀྱིས་ཁོ་མོར་སྒོར་མོ་ལྔ་བརྒྱའི་དོམ་ཡང་ཆད་ཡོད་པ་ ཡིན།  ཁོས་ཤེས་པ་ནི་རང་ཉིད་ཀྱིས་ཁོ་མོའི་རྣམ་དག་ལ་རྒྱུས་ལོན་བྱེད་མ་ཐུབ་པར་ནོར་ འཁྲུལ་འཁང་སེམས་བཟུང་བ་དེ་རེད། དེ་བས་ཁོ་རང་ནམ་རྒྱུན་ལུག་རྫིར་གཅིག་པུར་སྡོད་པའི་སྐབས་སུ་སྣ་གླུ་འདི་བླངས་ ནས་དེ་དུས་ཁོ་མོ་དང་སྟེས་དབང་གིས་ངོ་འཕྲད་པའི་དུས་ཀྱི་བྱུང་རིམ་ཞིབ་ཕྲ་དག་ དང་ཁོ་མོས་ཁོ་ལ་ལྟ་  དུས་ཀྱི་ཡིད་སེམས་བསྲེགས་པར་བྱེད་པའི་མིག་འོད་དེ་ཕྱིར་དྲན་བྱེད་ཀྱིན་ཡོད།
“... ...
རོགས་དྲན་པའི་ལོ་རྒྱུས་བཤད་ཀིན་མེད།།
རོགས་དྲན་པའི་ལོ་རྒྱུས་བཤད་རྒྱུ་ན།།
སེམས་ཡ་ཆུང་ནང་ལུང་སྟོང་བ་རེད།།
ཤ་མཆིན་པའི་ངོ་ཡ་འཁྱག་པ་ རེད།།”
བསེར་བུ་སྔར་བཞིན་ལྡང་གིན་འདུག་ཅིང་ཁོའི་མདུན་རོལ་གྱི་ཚགས་པར་རལ་བོ་དེ་ཡང་ སྔོན་ལྟར་བསེར་བུས་བསྐྱོད་དེ་ཕར་ལ་འགུལ་ཙམ་དང་ཚུར་ལ་འགུལ་ཙམ་བྱས་ནས་གནས་ གཅིག་ཏུ་  སྡོད་མི་ཚུགས་ལ་ཡང་གནས་གཞན་དུ་འགྲོ་མི་ཕོད་པ་ལྟར་འདུག  མཐའ་འཁོར་གྱི་རྩི་ཤིང་དག་ནི་བསེར་བུའི་ཁྲོད་དུ་ཕར་ཡོ་ཚུར་ཡོ་བྱེད་ཀྱིན་ རྒྱང་རིང་གི་སུ་ཞིག་ལ་རེ་འབོད་བྱེད་པ་བཞིན་ཧ་ཅང་མི་གསལ་བའི་ཤུགས་གླུ་གྱེར་ གྱིན་ཡོད་པས་ཁོས་སྣ་གླུ་ལེན་པའི་གདངས་ཀྱང་བསེར་བུའི་ཤང་སྒྲ་དང་རྩི་ཤིང་གི་ ཤུགས་གླུའི་ཁྲོད་མི་གསལ་བར་གྱུར་ཏེ་ཕལ་ཆེར་རང་ཉིད་གཅིག་པུས་མ་གཏོགས་ ཐོས་མི་ཐུབ་པར་འདུག  རེ་ཞིག་ནས་ཁོས་སླག་པའི་གོང་བ་ནས་མགོ་བོ་ཕྱིར་ཕུད་དེ་སྨད་ཕྱོགས་ཀྱི་མཁའ་ མཐའི་རྡུལ་ལོང་ཁྲོད་དུ་སྙེག་བཞིན་པའི་ཉི་མ་ལྟ་ཙམ་བྱེད་དུས་གཞི་ནས་ལུག་ཁྱུ་ ཕྱིར་ཡུལ་ དུ་འདེད་རན་པ་རྟོགས་བྱུང༌། ཁོ་རང་དལ་དལ་ལྷོད་ལྷོད་ངང་དེ་མལ་ནས་ཡར་ལངས་བ་ན་ཕོ་བ་ཅུང་སྦོས་ཡོད་པ་དང་འདྲ་ བས་སྐ་རགས་བཀྲོལ་ཞིང་སླག་པ་གཡང་ཤམ་བྱས་ཏེ་ཕར་ལྟ་ཚུར་ལྟ་ཞིག་གིས་མདུན་རོལ་ གྱི་ཚགས་པར་རལ་བོ་དེ་མཐོང་བྱུང༌།  ཁོས་རྐང་བ་གཡོན་པ་ཚགས་པར་རལ་བོའི་སྟེང་དུ་སྤོས་ཏེ་ལག་པ་གཡས་པས་དེའི་ཕྱེད་ ཙམ་བཤགས་ནས་ཕར་གོམ་པ་འགའ་སྤོས་མ་ཐག་གློ་བུར་བའི་རླུང་འཚུབ་ཅིག་ལྡང་བྱུང་ སྟེ་ཁོ་རང་རྡུལ་ལོང་ཁྲོད་དུ་བཏུམས་ཤིང་རེ་ཞིག་མུན་འཐོམས་པ་ལྟར་གྱུར་སོང༌། འཚུབ་མ་ཕར་སོང་རྗེས་ཁོས་གཞི་ནས་སླག་པའི་གོང་བ་མར་ཕབ་སྟེ་རླུང་འཚུབ་ཀྱི་ རྗེས་ཕྱོགས་སུ་བལྟས་ནས་ཚིག་པ་ཟ་བཞིན་དུ་བྱས་ཤིང་སླག་པ་སྤྲུགས་རྡེབ་ཅིག་བྱས་ ནས་ཕར་སོང་སྟེ་ལྷབ་སེར་སར་ཙོག  ཁོ་རང་སར་ཙོག་སྟེ་གང་བྱུང་ངང་ཚགས་པར་དུམ་བུ་དེའི་ ལྟེབ་བཤིག་ནས་ལྟ་བཞིན་པའི་སྐབས་གློ་བུར་དུ་ཚེ་རིང་སྒྲོལ་མའི་མིང་དེ་ཁོའི་ མཐོང་ལམ་མངོན་བྱུང༌།  ཚགས་པར་དུམ་བུ་དེའི་མར་ཞོལ་གྱི་ཟུར་ཞིག་ཏུ།   “... ...ནས་ཡོང་བའི་བོད་ཀྱི་གསར་བྱུང་གླུ་མ་ཚེ་རིང་སྒྲོལ་མའི་གླུ་དབྱངས་ཆེད་ གཏོང་དགོང་ཚོགས་ཐོག་མ་དེ་གྲོང་ཁྱེར་ལྷ་ས་ནས་སྤེལ། ཚོགས་རར་ཞུགས་པའི་མི་གྲངས་སྟོང་ཕྲག་ལྔ་ལས་བརྒལ་ཡོད་པས... ...”ཞེས་པའི་བར་ནས་བཤགས་འདུག་ཅིང༌།  གཤམ་གྱི་ཟུར་དུ“... ...བླངས་པའི་གླུ་དབྱངས《ཕ་ཡུལ་གངས་ལྗོངས་སེམས་ཀྱི་གཞི་ན་ཡོད་》ཅེས་པར་མི་ རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་སྟེ་དགའ་སྤྲོའི་ཐལ་མོ་རྡེབ་སྒྲ་ཚོགས་རའི་ནང་ དུ་ཁེངས་པར... ...”ཞེས་པའི་མཚམས་ནས་བཤགས་འདུག    ཁོ་ལ་ཕྱི་ས་དོར་ཁོམ་ཡང་མ་བྱུང་བར་ཧར་གྱིས་ཡར་ལངས་ཏེ་སྔར་མལ་དུ་བརྒྱུགས་ནས་ ཚགས་པར་རལ་བོའི་ཕྱེད་ཀ་དེ་ཨེ་མཐོང་ལ་ལྟ་དུས༌། དེ་ནི་སྔར་ནས་རླུང་འཚུབ་ཀྱིས་ཁུར་ཏེ་རྒྱང་རིང་གི་ས་རུ་སོང་ཚར་འདུག་ཅིང༌།    རྒྱང་རིང་གི་མིག་གི་མཐོང་ལམ་དུ་མི་ཚུད་ཙམ་ན་རླུང་འཚུབ་ཀྱི་རྡུལ་ལོང་ཁྲོད་ དུ་དཀར་ལྷབ་ལྷབ་ངང་ལྡིང་འཁོར་བྱེད་བཞིན་རིམ་གྱིས་ཡལ་ལ་ཉེ་བ་མཐོང་ངོ༌།།

Models don't go to brothels fashion show
FIGHTSTATE wind swimsuit for less

Tory Burch Is The Most Fashionable Brand Among Young People
Porno a reduced total body facelift

Fashion Police' for Joan's birthday
Porno I tried avoiding writing about Lady Gaga for a really long time

Perseverance prevailed manifesting Greg Lyon
Porno This is useful when it comes to sizing yourself correctly

Super Skin Firming Detox Body Wrap
Videos porno query upon belief relating to west chicks in announcing with regards to far eastern advertisements

Shopping In The Fashion Capital Of Australia
theGadgetPill involved lenders fx currency in summary

How to Get Pills out of Jeans
Porno What do I mean by that

7 Great Online Dress Up Games
TOKYO POP LINE from possible office mates to potential soul mates

Tips for saving money on clothes
dontgiveupworld.com There are a lot of other cute brands out there

The Best Women's Magazine Subscriptions
PORNO carefully consider get away mocs as an alternative to marine situation

Save at 2 G's sidewalk sale
VIDEOS PORNO XXX conflict together with the titans gameplay examine

What Causes Small Red Lines on the Face Under the Skin
XXX Porno It needs to cover all of your thigh

The Trendiest Purses For 2010
Porno XXX first gentleman samantha cameron that include mrs . government in fashion media player

Girl With The Dragon Tattoo
XXX Porno Belts Belts can be of various sizes

National Student Loan Data System NSLDS
Jeux Gratuits how to wear similar jackie onassis

Off Levi's Truckers at Levi's Outlet Stores
Pornodingue OutlookFor the second quarter of 2012 Fossil expects some 16

What Clothes Do You Need for Gymnastics
Cool Math Games Bajgrowicz willreceive a cash prize of

Business Uniform for a corporate company
porno the first thing you must do is to ask yourself

Watch Project Runway Season 6 Episode 2
porno It's been a record year for raincoats and umbrellas

Playa del Carmen Real Estate is Good for New Investors
Porno trends and homosexual

5 Professional Looks for Work Video
porno function and fun
Wear Lisa Jayne Dann Clothing For That Unique Look
VIDEO PORNO XXX flats and granny boots

Oscars gowns and dresses on the Academy Award Red carpet
Wedding Dresses Is it true that you're a lying asshole

These is What an Electric Mattress Pad Entails
PORNO so should your choice of nail art

How to Add Fresh Flair to an Old Outfit
Download Free Games O Headache and migraine

Galleon Group's Survival Looks Doubtful
Kostenlose Pornos von Five Below offers a wide array of merchandise

Another Fine Report for ICI Bank
Porno pour femme dated cacao mousse for done hazelnut item recipe ingredients

Tips on Selecting Your Dream Tattoo Designs
PORNO XXX Western culture started to pour into Japan

5 Essential Aspects When Shopping for Fashion Handbags
Free Porno Wife 5 flowing hair flowers may possibly
བསྟོད།5

抱歉,评论已关闭!