ཇ་ཞོར་དུ་བྲིས་པའི་གཞས་ཚིག་གསུམ།

09

 

དེ་དུས་ཀྱི་སྣང་བ་དྲན་པ། ༼གཞས་ཚིག༽


ཁྱོད་དང་ཕྲད་པའི་ཉིན་མོ་ཡང་ད་ནངས་འདྲ་བའི་ཞོགས་གསར་ཞིག
ཁྱོད་འཛུམ་དྭངས་ལ་དྲོ་བ་ཡིས་ང་ཡི་སྣང་བ་དྲོས་ཤིང་དྲོས།
ཨ་ཙི་མི་ཚེ་མགྱོགས་པ་ལ། མགྱོགས་པ་ལ།
ཕྱིར་མིག་ལྟ་དུས་མི་ཚེའི་ཉིན་གོང་ཡོལ་ནས་ཐལ།
དོ་དགོང་ག་བར་ཡོད་དམ། ང་ཡི་མཚར་མོ་མ།
བྱ་བ་ལྕིའམ་ལུས་པོ་བདེའམ། ང་ཡི་སྒེག་མོ་མ།
ཆུང་དུས་ཆང་གིས་བཟི་ནས་ཁྱོད་ཀྱི་ལག་མགོར་འབྱར་བའི་ང་།
དྲན་ནམ་ང་ཡིས་དྲན་ནས་ལུས་སེམས་འཁྱར་ར་འཁྱོར་རེ་བྱུང་།


ཁྱོད་དང་འགྲོགས་པའི་མཚན་མོ་ཡང་དོ་དགོང་ལྟ་བུའི་སྟོན་ནམ་ཞིག
ཁྱོད་རང་སྒེག་ཅིང་དགད་པ་ཡིས་བསིལ་རླུང་ལྡང་ཡང་ང་རང་རྔུལ།
ཨ་ཙི་མི་ཚེ་མགྱོགས་པ་ལ། མགྱོགས་པ་ལ།
ཕྱིར་མིག་ལྟ་དུས་སོ་སོའི་ལམ་ཁ་བསྙེགས་ནས་ཐལ།
དོ་དགོང་གཟིམ་ས་བདེའམ། ང་ཡི་སྨིན་ལེགས་མ།
རྨི་ལམ་ཡག་གམ་འཚོ་བ་སྐྱིད་དམ། ང་ཡི་ཁམ་འབྲས་མ།
མི་སེམས་སྐོར་ལོག་རེད་དེ་སེམས་འདྲེས་སྣང་བ་བསྙེལ་དུ་མེད།
དྲན་ནམ་ང་ཡིས་དྲན་ནས་ལུས་སེམས་ཉ་བ་ཉོབ་བེ་བྱུང་།

༢༠༡༥ ༡ ༡༩

ང་ཡི་རྨི་ལམ། ༼གཞས་ཚིག༽


ཁ་སྐོམ་དུས་ཀྱི་ང་ནི་ཆུ་འཁྱག་འཐུང་བར་དགའ།
ཕོ་ལྟོགས་སྐབས་ཀྱི་ང་ནི་རྩམ་པ་རྫི་བར་ལོབས།
ཟས་དང་སྐོམ་གྱིས་ང་ལ་སྡུག་པོ་མི་གཏོང་།
ལས་དང་གོན་པའང་ཡག་པོ་འཚམ་པ་ཡོད་མོད།
སེམས་ཁ་མ་གང་བའི་འཚོ་བ་ནི་ཅི་ལས་ཀྱང་འཁྱག་པོ་འཁྱག་པོ་རེད།
ང་ལ་སྒོར་མོ་མང་པོ་མི་དགོས།
ཁང་བ་ལྷག་པོ་མི་དགོས།
རླངས་འཁོར་རྫིག་པོའང་མི་དགོས།
ཁྱོད་ཡོད་དུས།
ངས་ལྕགས་ཐབ་ཏུ་མེ་སྒོང་བརྒྱབ་སྟེ།
གླུ་དབྱངས་ཟ་ཟིའི་ཁྲོད་ནས།
ཁྱོད་ཀྱི་འཛུམ་ངག་འོ་ཇ་བཞིན་འཐུང་བ་ཁོ་ནར་མོས།


ཁྱོད་དྲན་དུས་ནི་ང་རང་ཁ་པར་སྣོག་རྒྱུར་གོམས།
ཡང་མིན་ན་དཔེ་དེབ་བཀླགས་ཏེ་དྲན་པ་མནན།
གོས་དང་གོན་པས་ང་ལ་སྡུག་པོ་མི་གཏོང་།
ཟས་དང་བཏུང་བའང་འཛོམས་པོ་ཞིམ་པོ་ཡོད་མོད།
མགུ་ཁ་མ་གང་བའི་འཚོ་བ་ནི་ཅི་ལས་ཀྱང་འཁྱག་པོ་འཁྱག་པོ་རེད།
ང་ལ་སྒོར་མོ་མང་པོ་མི་དགོས།
ཁང་བ་ལྷག་པོ་མི་དགོས།
རླངས་འཁོར་རྫིག་པོའང་མི་དགོས།
ཁྱོད་ཡོད་དུས།
ངས་ཟ་མ་སྟབས་བདེ་ཞིག་ཟོས་རྗེས།
རྐང་ཐང་གིས་རྒྱ་ལམ་བརྒལ་ཞོར།
ཁྱོད་ཀྱི་གསལ་ལ་མི་གསལ་བའི་སྙིང་གཏམ་ཉན་རྒྱུར་མོས།

༢༠༡༥ ༡ ༡༣

མི་སེམས་མཚར་པོ་བྱུང་སོང་། (གཞས་ཚིག)


མི་སེམས་མཚར་པོ་བྱུང་སོང་། མཚར་པོ་བྱུང་།
དྲན་འོས་མི་དེ་མི་དྲན། གཞན་དེ་དྲན།
མི་དེ་ནངས་དྲན་དགོང་དྲན།། མ་དྲན་དུས་ཤིག་མི་དྲན།།
དྲན་པ་ཕྱི་གསལ་ནང་གསལ།། གསང་དང་མ་གསང་མི་འདུག།
འོན་ཏང་ལས་ཀྱི་འཁོར་ཕྱོགས།། གུས་པ་ང་ལ་མ་འཁོར།།


མི་སེམས་མཚར་པོ་བྱུང་སོང་། མཚར་པོ་བྱུང་།
དྲན་འོས་མི་དེ་མི་དྲན། གཞན་དེ་དྲན།
ན་ཚོད་ལྕུག་མའི་དུས་ལ།། སེམས་གཅོང་མི་དེས་བཞག་སོང་།།
སོང་སོང་སོང་གི་མཐའ་ལ།། མི་དེས་སེམས་གསོ་མ་ཉན།།
འཛུམ་ཆུང་དམུལ་བའི་རྗེས་ལ།། ད་ནས་བདེ་མོ་ཟེར་བྱུང་།།

༢༠༡༤ ༨ ༢༢

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།8

དཔྱད་མཆན:

དཔྱད་མཆན 1 ཡོད། སྐུ་མགྲོན: 1 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. བོད་གཞུག་སྐྱིད།
    བོད་གཞུག་སྐྱིད།སྤེལ་དུས་ནི།  

    དྲ་ཚིགས་ཡག་པོ་ཡག་པོ་རེད་འདུག གཞས་ཚིག་སྙན་མོ་སྙན་མོ་བྲིས་འདུག སྐད་གདངས་འཛོམས་ལ་གླུ་དབྱངས་སེམས་ཀྱིས་ལེན་མཁན་ཞིག་གི་བཏང་ན་སྟོབས་སྙམ།

དཔྱད་མཆན་སྤེལ།