ལྷ་སའི་ཁེར་རྐྱང་། ༼ སྒྲུང་ཐུང ༽

56

1

ཉིན་དེར་སྟོབས་རྒྱལ་མེ་འཁོར་ལ་བསྡད་ནས་ལྷ་སར་འབྱོར་དུས། དཀར་ཤག་ཤག་གི་ཉི་འོད་དེའི་འོག་ཏུ། གནས་འདིའི་ཡོད་ཚད་ལ་གསོན་ཉམས་དང་གྲུང་ཤ་དོད་ཅིང་། ཕྱི་ནང་གི་སྣོད་བཅུད་ཀུན་ལའང་མཚར་སྡུག་གི་ཡོ་ལང་རྒྱས་ཀྱིན་འདུག་བསམས་མྱོང་།  ཁོ་དང་ཁོའི་སློབ་གྲོགས་བཀྲ་ཤིས། ད་དུང་རིགས་མཐུན་གྱི་སྤུན་ཟླ་དེ་ཚོས་དེ་ལྟར་པོ་ཏ་ལའི་རྔམ་བརྗིད་ལ་སྨོན་བཞིན་ལྷ་སའི་གྲོང་ནང་དུ་བསླེབས། དེ་ནི་ཏག་ཏག་མི་ལོ་གཉིས་སྔོན་གྱི་གཏམ་རྒྱུད་ཅིག་སྟེ། དེའི་དུས་ཀྱི་སྟོབས་རྒྱལ་ནི་རྣམ་རིག་རྒོད་ཅིང་སྤྱང་གྲུང་འཛོམས་པའི་སྟག་ཤར་ཞིག་ཡིན། སྟོབས་རྒྱལ་ལ་མཚོན་ན་ལོ་ཟླ་དེ་ནི་སེམས་ངོགས་སུ་བཞེངས་པའི་བརྗེད་མེད་ཀྱི་རྨ་ཁ་ཞིག་ཀྱང་ཡིན། ཁོས་ད་ལྟའང་ད་རུང་ཡང་ལོ་ཟླ་དེ་ལ་ཕྱིར་དྲན་གྱི་འཁོར་ལོ་བསྐོར་ཐེངས་རེར། ཁེར་རྐྱང་དང་སྐྱོ་གདུང་། ཡི་ཆད་དང་སྨྲེ་ངག་སོགས་ཀྱི་ཐ་སྙད་མང་པོ་ཞིག་དབང་མེད་དུ་དྲན་གྱིན་ཡོད།

2

དབྱར་གཞུང་གི་ཚ་གདུག་ཆེ་བའི་ཉིན་དེར། ལྷ་ས་གྲོང་ཁྱེར་གྱི་སྲང་ལམ་དོག་མོ་ཞིག་གི་བཞི་མདོ་རུ་སྟོབས་རྒྱལ་གྱིས་རང་གི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལག་ཏུ་བཟུང་སྟེ་འགྲོ་བཞིན་ཡོད། སྐབས་ཤིག་ལ་ཁོས་བྱང་ཆ་ཡོད་པའི་སྒོ་ནས་ཁ་པར་ནང་གི་གླེང་མོལ་མཉེན་ཆས་སྐད་འཕྲིན་གྱི་སྒོ་ཕྱེས་བྱུང་། སྐད་འཕྲིན་ལས་ཁོའི་གྲོགས་པོ་ཚོས་བསྐུར་བའི་འཕྲིན་པ་སྣ་ཚོགས་གཅིག་འཕྲོར་གཅིག་མཐུད་དེ་འབྱོར་བྱུང་།

གྲོགས་པོ་རྟ་མགྲིན་ན་རེ། “ལྷ་སའི་འཚོ་བ་ཅི་འདྲ་རེད། ”

གྲོགས་པོ་རྒྱ་མཚོ་ན་རེ། “ལྷ་ས་རུ་སློང་མོ་བ་མང་པོ་འདུག་ཟེར་བ་བདེན་ནམ།”

གྲོགས་པོ་སྒྲོལ་མ་ན་རེ།“མདང་དགོང་ནམ་གུང་ཁ་པར་བཏང་ནས་ཅི་བྱེད་བསམ་པ་ཡིན་ནམ།”

སྟོབས་རྒྱལ་གྱིས་གྲོགས་པོ་དེ་དག་ལ་ལན་ཅི་ལྟར་གདབ་དགོས་པ་མ་ཤེས་པའམ་ཡང་ན་ལན་ཅི་ཡང་ལྡོན་འདོད་མེད་པའི་བཟོ་ལྟ་ཞིག་བསྟན་ནས་སྔར་བཞིན་ཅི་ཞིག་ལ་འདང་རྒྱག་བཞིན་སོང་།

ཉིན་འགའི་སྔོན་ལ་རྒྱ་བསྐྱེད་པ་དང་རྡོ་སྣུམ་བཏང་ཚར་བའི་ལྷ་སའི་གཞུང་ལམ་གསར་བའི་སྟེང་དུ་གླ་གཏོང་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར། མིང་མི་ཐོགས་པའི་འཇེབ་འཁོར་སྣ་ཚོགས་བྱ་འཕུར་བ་ལྟར་རྒྱུག་གིན་ཡོད་ཅིང་། དེ་དག་ལས་ཀྱང་གླ་གཏོང་རླངས་འཁོར་དག་ནི་གླང་ཆེན་སྨྱོན་པ་ཞིག་དང་འདྲ་བར་གང་འདོད་དུ་ལམ་དཀྱིལ་ནས་ཁ་ཕྱིར་བསྐོར་བའམ་ཡང་ན་མདའ་འཕངས་པ་ལྟར་དྲང་མོར་ཤར་རྒྱུགས་བྱེད་ཀྱིན་འདུག ནང་ལོགས་ནས་ལྷ་སར་ཡོང་བའི་ཡུལ་སྐོར་བ་དག་ནི་མཚན་མོའི་སྐར་ཚོགས་ཇི་བཞིན་སྒམ་བརླིང་གི་མིག་ཟུང་རིག་རིག་ངང་ཡར་ལྟ་མར་ལྟ་བྱེད་བཞིན་མཆིས། ཁོ་ཚོས་སྐབས་རེར་ཆེ་ཆུང་མི་སྙོམས་པའི་པར་ཆས་དག་གི་སོ་ཁ་རྣོན་པོ་རྩེ་སྐོར་ལ་འགྲོ་བའམ་བརྐྱངས་ཕྱག་འཚལ་གྱིན་པའི་བོད་མི་དག་གི་སྟེང་དུ་བསྐོར་གྱིན་འདུག་ཅིང་། ཡང་མཚམས་ལན་རེར་ཁྲི་རྩེ་དམར་པོའི་ཡང་སྟེང་གི་པོ་ཏ་ལའི་ཕྱོགས་སུའང་བསྐོར་གྱིན་འདུག

སྟོབས་རྒྱལ་གྱིས་ཐ་མག་རྐང་ཞིག་ལ་མེ་བསྒྲོན་བཞིན་དམིགས་ཡུལ་མེད་པར་མཐའ་འཁོར་གྱི་རྦ་རླབས་འཕྱུར་བ་ལྟ་བུའི་མི་ཚོགས་ཀྱི་འཕྲེང་བར་བལྟས་ཤིང་། པི་ཝང་དཀྲོལ་བཞིན་ལྷ་སའི་ཇ་ཁང་གང་སར་སློང་མོ་བྱེད་པར་འགྲོ་བཞིན་པའི་སྐྱེས་པ་དར་མ་དེ་གཉིས་ལ་བལྟས། དེ་ནས་ཡང་གཞུང་ལམ་གྱི་འགྲམ་ན་མི་ཚོགས་ཡར་འགྲོ་མར་འགྲོ་བྱེད་ཀྱིན་པའི་དབུས་སུ་བུ་མོ་ཆུང་ཆུང་ཞིག་གིས་ལོ་འདི་གར་དར་ཁྱབ་ཆེ་བའི་ཁོ་རེ་ཡའི“Gangnam Style”ཞེས་པའི་གླུ་གཞས་དེ་ལེན་བཞིན་སློང་མོ་བྱེད་ཀྱིན་པར་བལྟས། ཁོའི་རྒྱབ་ཕྱོགས་སུ་སྐྲའི་ལན་བུ་འབྲོག་མོ་ལྟར་བསླེས་པའི་རྒྱ་མོ་རེ་འགས་རང་ཉིད་ནི་ལྷ་མོ་ཞིག་ཡིན་མདོག་གིས་གོམ་པ་ཕྲ་མོ་དལ་གྱིས་ལྷ་སའི་ཇོ་ཁང་གི་ཕྱོགས་སུ་བསྒྱུར་གྱིན་འདུག་ལ། ཁོའི་མདུན་ཕྱོགས་སུ་གདོང་ལ་སྐེག་ཚོས་བྱུགས་ཤིང་དོར་མ་ཐུང་ཐུང་གྱོན་པའི་བུ་མོའི་ཁྱུ་ཚོགས་ཤིག་དགོད་སྒྲ་ཐག་གེར་ཆགས་ཉམས་ཀྱིས་བཞུར་གྱིན་འདུག སྟོབས་རྒྱལ་གྱིས་ཐག་ཉེ་རིང་གི་གོམ་པ་འཁྱེར་བཞིན་པའི་མི་རྣམས་ལ་གཟབ་ནན་གྱིས་ལྟ་ཞོར་ཡང་བསྐྱར་ཐ་མག་ལ་རྔུབ་ལེན་རིང་པོ་ཞིག་བྱས་སོང་། ལྷ་སའི་ལམ་ལམ་དུ་འཚེར་གྱིན་པའི་ཉི་འོད་ཀྱི་ཀློང་དུ་སྟོབས་རྒྱལ་གྱི་ཁ་ནང་ནས་ཐོན་པའི་ཐ་མག་གི་དུ་བ་རིང་མོ་རླུང་རྒྱུན་ཞིག་དང་འགྲོགས་ནས་རྒྱང་ལ་བྱེར་ཅིང་། མཐའ་མར་ཐག་རིང་ན་སྔོ་ལིང་ལིང་འཕྱུར་བཞིན་པའི་རླངས་འཁོར་གྱི་མཇུག་རླངས་དེ་དང་གཞི་གཅིག་ཏུ་འདྲེས་སོང་།

ལྷ་སའི་ཉི་འོད་ཀྱི་དམར་ཙག་ཙག་གི་ཟེར་མ་ཁོ་ནས་ལྷ་སའི་གྲོང་ཁྱེར་ཧྲིལ་བོར་དབུགས་རྨེག་གེར་བྱེད་པའི་མཁའ་དབུགས་འཚུབ་མོ་ཞིག་བསྐྱིལ་འདུག་ཅིང་། མཁའ་དབུགས་འཚུབ་མོ་དེའི་ཁྲོད་དུ་ཆར་བར་རེ་བའི་མི་རྣམས་ཀྱི་འབོད་སྒྲ་རིང་མོས་ཁེངས་འདུག སྟོབས་རྒྱལ་གྱིས་མགོ་བོ་གནམ་ལ་འཁོར་ཏེ་དྲང་མོར་འཕྲོས་ཡོང་བའི་ཉི་འོད་ལ་ལྟ་བཞིན“ད་ནི་ལྷ་སར་དངོས་གནས་ཆར་བ་ཆེན་པོ་ཞིག་འབབ་རན་རེད་འདུག་ཨང”ཞེས་ཁེར་ལབ་ཅིག་བྱས། ཡིན་ནའང་། སྔོ་ཞིང་བསངས་པའི་ལྷ་སའི་ནམ་མཁའ་རུ་སྤྲིན་པ་བྱིའུ་མགོ་ཙམ་ཡང་མཐོང་རྒྱུ་མེད་ལ། ཕྱོགས་བཞིར་འགྱིང་བའི་རི་བོ་དག་ཀྱང་ཐག་རིང་ནས་བལྟས་ན་ཟུངས་བཅུད་ཤོར་བའི་བརྒྱད་ཅུའི་བགྲེས་སོང་ཞིག་དང་ཡོངས་སུ་འདྲ། ཤིང་རྟ་བདུན་གྱིས་དྲུད་ནས་འགྲོ་བར་གྲགས་པའི་དམར་ཙག་ཙག་གི་ཉི་མ་ཁོ་ནས་སྟོབས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་ཏེ་མཐོ་སྒང་གི་མིའི་རིགས་འཚོ་སྡོད་བྱེད་སའི་གོ་ལ་ཟླུམ་པོ་འདི་སྐད་ཅིག་ཉིད་ལ་གཞོམ་པར་འདོད་པ་དང་ཀུན་ནས་མཚུངས།

3

སྟོབས་རྒྱལ་སློབ་མཐར་ཕྱིན་ཏེ་ལྷ་ས་རུ་ལས་ཀ་བྱེད་དུ་ཡོང་ནས་ལོ་གཉིས་ལྷག་ལས་འགོར་མེད་པས། སྙིང་ཉེ་བའི་དགའ་རོགས་མེད་ལ་སེམས་གཏམ་དང་ཁ་བརྡ་བྱེད་གྲོགས་ཀྱང་མང་པོ་མེད། ཁོ་དང་མཉམ་དུ་ལྷ་སར་ཡོང་བའི་སློབ་གྲོགས་བཀྲ་ཤིས་ཀྱིས་ཟླ་འགའི་སྔོན་ལ་ཕ་ཡུལ་གཞིས་ཀ་རྩེ་ནས་ཡིན་ཟེར་བའི་བུ་མོ་ཞིག་དང་མཛའ་གྲོགས་བསྒྲིགས་ཟིན་པས། ལས་ཁུངས་སུ་དོན་དག་མེད་ཚེ་ཁོ་དང་ངོ་འཕྲད་རྒྱུ་ཡང་ཤིན་ཏུ་དཀའ། སྔོན་ཆད་བཀྲ་ཤིས་ཁེར་རྐྱང་ཡིན་དུས། རྒྱུན་པར་སྟོབས་རྒྱལ་དང་འགྲོགས་ནས་ཕྱི་རུ་ཟ་མ་བཟའ་བར་འགྲོ་ཞིང་། སྟོབས་རྒྱལ་དང་མཉམ་དུ་ལྕགས་རྟར་ཞོན་ཏེ་སྐྱིད་ཆུའི་ཁ་རུ་སེམས་པ་གཡེངས་བར་འགྲོ་བ་ཡིན། དེའི་དུས་སྟོབས་རྒྱལ་གྱིས་ཐ་མག་མི་འཐེན་ལ་སྦི་རག་ནི་དེ་བས་ཀྱང་གཏན་ནས་འཐུང་གིན་མེད། ཡིན་ནའང་། སློབ་གྲོགས་བཀྲ་ཤིས་ནི་ར་མ་ཎའི་ལྷ་མདས་ཟིན་པའི་བརྩེ་དུང་གི་རྒྱལ་སྲས་ཤིག་དང་འདྲ་བར་བུ་མོ་དེའི་གམ་ནས་ཕྱིར་ཡོང་མེད་པ་ནས་བཟུང་། སྟོབས་རྒྱལ་ལ་རང་དབང་མེད་པར་ཁེར་རྐྱང་གི་སྣང་བ་རྫོགས་མཐའ་མེད་པ་ཞིག་འཁོར་ཏེ་ཐ་མག་འཐེན་པའི་གོམས་གཤིས་ཤིག་ཀྱང་ལོབས་སོང་། སྟོབས་རྒྱལ་གྱིས་རང་ཉིད་ཀྱིས་ཐ་མག་མཚམས་མེད་དུ་འཐེན་གྱིན་པ་ནི་ལྷ་སའི་མིག་ལ་ཚ་ཞིང་འཚེར་བའི་ཉི་འོད་དེ་དང་འབྲེལ་བ་ཡོད་དམ་སྙམ། གང་ལྟར་ད་ལྟ་ཐ་མག་ཟེར་བའི་རྩྭ་ལོའི་ཕུང་བོ་འདིས་སྟོབས་རྒྱལ་གྱི་ཡིད་གཏན་ནས་ཚིམས་ཐུབ་ཀྱི་མི་འདུག མཚམས་ལན་རེར། སྟོབས་རྒྱལ་ལ་གློ་བུར་དུ་ཕ་ཡུལ་དྲན་པ་ལྟ་བུའི་ཚོར་སྣང་རེ་འབྱུང་གིན་ཡོད། ཕ་ཡུལ་ཨ་མདོའི་སྔོ་ལྗང་གི་རྩི་ཤིང་དང་ལྗོན་ཤིང་གི་ལོ་འདབ་ཀྱིས་འཁྱུད་པའི་གྲིབ་བསིལ་འཇམ་པོ་དེ་དག་དྲན་བཞིན་ཡོད་ཅིང་། གསེར་མདོག་གི་སྙེ་མའི་རླབས་འཕྲེང་རླུང་བུས་དལ་བུར་བསྐྱོད་ཀྱིན་པའི་དབུས་སུ་ཕུ་ནུ་ལྕམ་སྲིང་དག་གིས་གཡུལ་ལྕོག་གིན་པའི་བཟོ་ལྟ་སོགས་དྲན་གྱིན་ཡོད། སྟོབས་རྒྱལ་གྱིས་མི་ཚོགས་ཀྱི་རྒྱུ་བ་མཐུག་པོར་བལྟས་ཏེ་ད་ནི་གང་ཞིག་ལ་འགྲོ་ཨང་སྙམ། མཇུག་མཐར་ཁོས་ལྷ་སའི་ཇོ་ཁང་ཡོད་སའི་བར་སྐོར་གླིང་དུ་འགྲོ་བར་སེམས་ཐག་བཅད།

ནམ་རྒྱུན་གཟའ་མཇུག་ལ་སླེབས་ཐེངས་རེར། སྟོབས་རྒྱལ་ཁང་མིག་དོག་པོ་དེའི་ནང་དུ་འཛུལ་ནས་སྦི་རག་འཐུང་བཞིན་ཁེར་རྐྱང་གི་སྙན་ངག་རེ་འབྲི་བ་མིན་ན་སྒོའི་ཕྱི་རོལ་དུ་འཆམ་འཆམ་ལ་འགྲོ་བར་བྱེད་པ་ཡིན། ཉིན་གཅིག་གི་སྤྱི་འགྲོས་ཤིག་དང་མཚུངས་པའི་འཚོ་བའི་སྒྲིག་རིམ་མཐའ་དག་དེ་ལྟར་ཡང་བསྐོར་བསྐྱར་སྐོར་བྱེད་ཀྱིན་པའི་དུས་ཚོད་ཀྱི་ཁབ་རྩེ་ནས་བསྐྱལ་ཚར་དུས། སྟོབས་རྒྱལ་གྱིས་ཡང་བསྐྱར་ཐ་མག་དང་སྦི་རག་མི་འཐུང་བའི་དམ་བཅའ་བཞག་མྱོང་མོད། ཁེར་རྐྱང་གི་སྣང་བ་རྒོད་པོ་དེ་དག་ནི་ཤ་གསེང་ན་འགུལ་གྱིན་པའི་སྲིན་འབུ་ལྡོམ་པོ་ཞིག་དང་འདྲ་བར་ཏག་ཏག་སྟོབས་རྒྱལ་ལ་དུ་ཆང་བཞེས་པའི་ཨུ་ཚུགས་བསླངས་ཡོང་། དེ་ནི་སྟོབས་རྒྱལ་ཐོག་མ་ནས་ཐ་མག་ལ་དགའ་བས་མིན་ཏེ། ཁོའི་ཤ་གསེང་ན་འགུལ་གྱིན་པའི་ཁེར་རྐྱང་གི་སྲིན་འབུ་རྒོད་པོ་དེ་དག་གིས་ཁོ་ལ་འཇབ་རྒོལ་བྱས་ཡོང་བས། ད་ལྟ་ཁོ་ལ་ཐ་མག་མ་ཟད་སྦི་རག་ཀྱང་འཐུང་འདོད་ཀྱི་འདུན་པ་དྲག་པོ་ཞིག་གིས་ཡོངས་སུ་བཅུམས་ནས་ཡོང་གིན་ཡོད། དེར་མ་ཟད། ལྷ་སའི་མི་ཚོགས་ཀྱི་རྒྱུ་བ་མཐུག་པོ་དེས་རྒྱུན་དུ་ཁོ་ལ་བསམ་ཚུལ་འདྲ་མིན་སྣ་ཚོགས་སྐྱེས་སུ་འཇུག་གིན་ཡོད་ཅིང་། ཐག་ཉེ་རིང་གང་སར་མཐོང་ཐུབ་པའི་ཡིག་ནོར་གྱིས་ཁེངས་པའི་ལྷ་སའི་སྒོ་བྱང་དེ་དག་གིས་ནི་དེ་བས་ཀྱང་ཁོ་ལ་རྨ་ཁའི་ན་ཟུག་ཆེན་པོ་རེ་སྟེར་གྱིན་ཡོད། དེ་ལྟ་ནའང་། ཁོའི་ཕ་རྒན་གྱིས་སྟོབས་རྒྱལ་སྟོད་ཉི་མ་ལྷ་སའི་དྲུང་ནས་སྡོད་ཐུབ་སོང་བ་ནི་སྐྱེ་བ་སྔོན་གྱི་ཚོགས་བསགས་དང་ལས་བསོད་རེད་ཟེར། སྟོབས་རྒྱལ་རང་གི་ཕ་རྒན་གྱི་ཚིག་འདིར་དེ་འདྲའི་དགའ་བོ་མེད་ནའང་། རང་ཉིད་ཀྱིས་ཕ་རྒན་དང་ཡུལ་མི་སྤུན་ཟླ་རྣམས་ཀྱི་སེམས་ཁམས་དེ་ལ་རྒྱུས་ལོན་བྱེད་ཐུབ་ཀྱི་ཡོད། གང་ལྟར། ད་ལྟ་ཁོ་རང་རང་གི་ཡུལ་མི་སྤུན་ཟླ་རྣམས་ཀྱིས་ཚེ་གཅིག་ལུས་གཅིག་ལ་ངེས་པར་དུ་ཐེངས་ཤིག་མཇལ་དགོས་པར་བཤད་ཀྱིན་པའི་ལྷ་སའི་ཇོ་བོའི་མདུན་དུ་འགྲོ་བཞིན་ཡོད།

ཚོང་ཟོག་སྣ་ཚོགས་ཐང་མར་བརྡལ་བའི་གཡུ་ཐོག་ལམ་དུ་མི་རིགས་མི་གཅིག་པའི་ཡུལ་སྐོར་བ་མང་པོ་སླ་ངའི་མཐིལ་དུ་ལྷུང་བའི་གྲོག་མ་དག་དང་འདྲ་བར། ཁ་ཐུམ་བརྒྱབ་ཅིང་ཞྭ་མོ་འདབས་འཁྱིལ་མ་གྱོན་ཏེ་ལྷོད་ལྷོད་ཀྱིས་འགྲོ་བཞིན་འདུག ཉི་འོད་ཀྱི་འོག་ཏུ་འཚང་ཁ་ཤིག་ཤིག་གིས་འགྲོ་བཞིན་པའི་ཡུལ་སྐོར་བ་ཚོའི་ཁྲོད་དུ་རྒྱ་མི་བོད་ལྭ་གྱོན་མཁན་ཡོད་ཅིང་། མགོ་སེར་བོད་སྐད་སྨྲ་མཁན་ཡང་རེ་གཉིས་ཡོད། ད་དུང་རྒྱ་སྐད་དང་བོད་སྐད་བསྲེས་མར་སྨྲ་བཞིན་པའི་བོད་པའང་མང་པོ་ཡོད་པ་ནི་སྨོས་ཅི་དགོས། སྟོབས་རྒྱལ་གྱིས་ཁ་ཐུམ་བརྒྱབ་འདུག་པའི་ཡུལ་སྐོར་བ་དག་མིག་གིས་འཚོ་ཞོར་མུ་མཐུད་དུ་ལྷ་སའི་ཇོ་ཁང་གི་ཕྱོགས་སུ་གོམ་པ་སྤོས། ཁོའི་མདུན་ཐད་ཀྱི་གཞུང་ལམ་འགྲམ་གྱི་ཤིང་རྟ་འཁོར་ལོ་རྐང་གསུམ་མ་ཞིག་གི་ནང་དུ་ཨ་མདོའི་གླུ་བ་ཤེར་བསྟན་གྱིས་བླངས་པའི་གླུ་གཞས་སྙན་མོ་ཞིག་གཏོང་གིན་འདུག གླུ་སྐད་དེ་ནི་མཁའ་མཐའ་ནས་བཞུར་འོངས་པའི་དྲན་པའི་གསོས་སྨན་ཞིག་དང་འདྲ་བར། སྟོབས་རྒྱལ་ལ་གློ་བུར་བའི་ཚོར་བ་སྨྲ་མི་ཤེས་པ་ཞིག་སྐྱེས་བྱུང་། སྟོབས་རྒྱལ་གྱིས་ཡིད་ལ་སྨྲེང་སེམས་བསྐྱིལ་བར་བྱེད་པའི་ཨ་མདོའི་གླུ་གཞས་དེར་ཉན་ཞོར་མུ་མཐུད་དུ་གུ་དོག་པའི་གཞུང་ལམ་སྐྱ་བོ་དེ་བརྒལ་ཏེ་ཇོ་ཁང་མདུན་གྱི་ཐང་ཆེན་དུ་བསླེབས།

ལྷ་སའི་ཇོ་ཁང་གི་ཐང་ཆེན་དུ་སྔར་བཞིན་ཡུལ་སྐོར་བ་མང་པོ་གྲོག་ཚང་བརྡོལ་བ་ལྟར་འཚང་ཁ་ཤིག་ཤིག་བྱེད། དེ་རུ་པར་བརྡབས་མཁན་དང་མཇལ་སྐོར་ལ་འགྲོ་མཁན། ལམ་འགྲམ་གཉིས་སུ་ལྷ་སའི་ཁྱད་མཚར་བའི་ཅ་ལག་ཡིན་ཞེས་ཀི་བཏབ་ནས་འཚོང་མཁན་སོགས་མང་པོ་ཡོད། སྟོབས་རྒྱལ་གྱིས་ཇོ་ཁང་མདུན་གྱི་དབོན་ཞང་རྡོ་རིང་ལ་ལྟ་ཞོར་འདས་ཟིན་པའི་བོད་པའི་མེས་པོ་དག་དྲན་ཞིང་། མེས་པོ་རྣམས་ཀྱིས་སེར་མགོ་རྣག་དང་སེར་རྟིང་ཁྲག་བྱས་ཏེ་མཐའ་བཞིའི་རྒྱལ་ཁམས་ཀུན་ཏུ་ཆོས་སྲིད་ཀྱི་འཕྲིན་ལས་བརྐྱངས་པ་དྲན། སྣུམ་ཡུག་ཡུག་གི་དབོན་ཞང་རྡོ་རིང་འདི་ཡང་པོ་ཏ་ལའི་ཐང་ཆེན་དུ་ཡོད་པའི་ཞོལ་རྡོ་རིང་དང་འདྲ་བར། གྲུ་བཞི་རྡོ་ཡིས་བརྒྱན་པའི་ར་བ་ཞིག་གི་ནང་དུ་བཅུག་ཡོད་ཅིང་།  རྡོ་རིང་མདུན་ཐད་ཀྱི“དགེ་སྒྲུབ་སྒམ”ཞེས་པའི་ནང་དུ་གྲངས་ཀ་མི་འདྲ་བའི་ཤོག་སྒོར་མང་པོ་རི་ལྟར་སྤུངས་འདུག ལོ་རྒྱུས་ཀྱིས་མི་རྣམས་ལ་བྱིན་པའི་ཚོར་བ་ནི་ཧ་ལམ་སྐྱོ་གདུང་དང་དྲིན་གཟོ་ལས་མེད་ཅིང་། ཟད་ལ་ཉེ་བའི་རྡོ་རིང་ངོས་ཀྱི་ཡི་གེ་སྐྱ་བོ་དེ་དག་ལས་མེད། དེ་ལྟ་ནའང་། ཇོ་ཁང་མདུན་གྱི་དགུང་ལ་འཕྱོ་བཞིན་པའི་བསང་དུད་དང་མི་ཚོགས་ཀྱི་འདུ་འགོད་སྟུག་པོས་སྟོབས་རྒྱལ་ལ་སྔར་ན་མེད་པའི་སེམས་ཤུགས་ཤིག་སྟེར་བཞིན་ཡོད། ཁོས་མི་ཚོགས་ཀྱི་སྲུབས་ཀ་ཞིག་བཙལ་ནས་གཙུག་ལག་ཁང་མདུན་ངོས་སུ་ཕྱག་འཚལ་བཞིན་པའི་མི་ཚོགས་ལ་ཅེར། ཕྱག་འཚལ་ནས་ཐོད་པར་དམར་ཐིག་ལྷུང་ཡོད་པའི་ཨ་ཅག་དེས་རྡོའི་པང་གཅལ་གྱི་སྟེང་དུ་དེ་ལྟར་རྐང་ལག་བརྐྱངས་ནས་བློ་སེམས་རྩེ་གཅིག་གིས་ཕྱག་འཚལ་བཞིན་ཡོད་ཅིང་།  ལུས་པོ་སྡོང་རྒན་ལྟར་འགྱེལ་བའི་ཆོ་ག་ཕྱག་ལེན་རེའི་ཁྲོད་དུའང་དད་མོས་ཀྱིས་བསླངས་པའི་དགའ་བ་སྨྲ་མི་ཤེས་པ་ཞིག་ཀྱང་ཡོད་ངེས། ཁོས་དེ་ལྟར་བསམ་གྱིན་མི་ཚོགས་ཀྱི་སྟར་ཕྲེང་རིང་མོའི་རྗེས་མཐུད་དེ་ཇོ་ཁང་ནང་དུ་མཆོད་མཇལ་ལ་འགྲོ་མགོ་བརྩམས།  ཇོ་ཁང་ནང་དུ་མཇལ་སྐོར་བ་མཚན་ལྗོངས་ཀྱི་སྐར་ཚོགས་ལས་མང་ཞིང་། དམག་ལྭ་གྱོན་པའི་སྐྱེས་པ་དར་མ་ཞིག་གིས་མཇལ་བ་རྣམས་ལ་གྲལ་བསྒྲིགས་སུ་བཅུག་སྟེ་བཀོད་འདོམས་བྱེད་ཀྱིན་འདུག དུས་ཚོད་གཉིས་ལྷག་གི་རིང་ལ་སྟར་ཕྲེང་བསྒྲིགས་མཐར། སྟོབས་རྒྱལ་གཞི་ནས་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་བསླེབས་སོང་།  སྟོབས་རྒྱལ་གྱི་སེམས་ལ་ང་ཚོ་མགོ་ནག་བོད་པ་འདིས་མི་ཚེ་གཅིག་གི་སྡིག་སྒྲིབ་ཡོད་ཚད་དར་བཞིན་ཞུ་ཆེད། རྒྱང་རིང་བའི་ལམ་ཐག་དང་དུས་ཚོད། དཀའ་སྡུག་སོགས་རྒྱབ་ཏུ་བསྐྱུར་ཏེ་ལྷ་སར་མཇལ་སྐོར་ལ་ཡོང་བ་ནི་ཇི་འདྲའི་རྒྱང་རིང་བའི་འགྲུལ་བཞུད་ཅིག་རེད་ཨང་སྙམ།

4

སྟོབས་རྒྱལ་ཇོ་ཁང་ལས་སྒོར་ཐོན་རྗེས། ཡང་བསྐྱར་སྐད་འཕྲིན་གྱི་སྒོ་ཕྱེས་བྱུང་། སྐད་འཕྲིན་གྱི་ནང་དུ་གྲོགས་པོ་རེ་འགས་བསྐུར་བའི་འཕྲིན་པ་ལས་ཅི་ཡང་མི་འདུག འོན་ཀྱང་གྲོགས་པོའི་གླིང་ཞེས་པའི་ལེ་ཚན་ནང་དུ་བློ་ཡུལ་ལས་འདས་པའི་གསར་འགྱུར་ཞིག་སྤེལ་འདུག དེ་ནི་ཕ་ཡུལ་གཞིས་ཀ་རྩེ་ནས་ཡིན་པའི་ལོ་བརྒྱད་ཅན་གྱི་བུ་མོ་ཞིག་མདང་དགོང་ཆུ་ཚོད་བདུན་གྱི་སྟེང་དུ་སྒོའི་ཕྱི་རོལ་ལ་འཁྱགས་དར་ཉོ་རུ་སོང་ནས་གར་སོང་ཆ་མེད་དུ་གྱུར་ཚུལ་བརྗོད་འདུག་ལ། བུ་མོ་དེའི་ལོ་དང་སྐྱེས་གཟུགས། ངོ་མདངས་དང་ལྭ་བ་སོགས་ཇི་བཞིན་ཞིབ་འབྲི་བྱས་ཡོད་པར་མ་ཟད།ཞོར་དུ་བུ་མོ་དེ་མཐོང་མཁན་རྣམས་ཀྱིས་མོའི་ཁྱིམ་བདག་གི་ཁ་པར་ཨང་གྲངས་འདིའི་སྟེང་དུ་འབྲེལ་བ་བྱོས་ཞེས་ཀྱང་བྲིས་འདུག སྟོབས་རྒྱལ་གྱི་སེམས་ལ་སྔོན་ཆད་དངོས་པོ་བོར་སོང་ཞེས་པ་ཐོས་རྒྱུ་མང་པོ་འདུག་མོད།མི་བོར་སོང་བའི་གསར་འགྱུར་དེ་འདྲ་གོ་རྒྱུ་མེད། ད་ལྟའི་སྤྱི་ཚོགས་འདི་དངོས་གནས་འཇིགས་སུ་རུང་བ་ལ་ཨང་། མི་གསོན་པོ་དག་ཀྱང་མི་ཡུལ་ནས་འདུག་གིན་མི་འཇུག་སྙམ། ཡང་ཕྱིར་འདང་རེ་བརྒྱབ་ཚེ། ནང་ལོགས་སུ་སྔར་ནས་གཟིག་ལྤགས་གྱོན་ཏེ་བོང་བུའི་རྣམ་ཐར་འཁྲབ་མཁན་དང་གཡོ་སྒྱུའི་བྱ་ལས་མཐའ་དག་སྒྱུ་མ་མཁན་གྱི་རྫུ་འཕྲུལ་ལས་ཀྱང་མང་བ་ཐོས་རྒྱུ་མོད་པོ་ཡོད་པ་དྲན་ཚེ།ད་ནི་ལྷ་སར་ལྕགས་ལམ་བསྐྲུན་ཏེ་འགྲོ་འདུག་ལ་སྟབས་བདེ་བཟོས་པས་ཇག་རྐུན་དེ་དག་གིས་ལྷ་སར་ཡང་ལག་པ་སྲིང་གིན་འདུག་བསམས་བྱུང་། གློ་བུར་དུ་སྟོབས་རྒྱལ་གྱིས་ཉིན་འགའི་སྔོན་ལ་ཉི་འོད་ཆང་ཁང་ནས་མཐོང་བའི་བྱིས་པ་ལོ་བཅུ་ཅན་དེ་དྲན་བྱུང་། མི་ཚོགས་ཀྱི་རྒྱ་མཚོ་བརྟོལ་ཏེ་ཐ་མག་འཐེན་ཞིང་སྦི་རག་འཐུང་གིན་པའི་བྱིས་པ་ཆུང་ཆུང་དེ་དྲན་བྱུང་།

བྱིས་པ་ཆུང་ཆུང་དེ། སློབ་ལོ་རན་པའི་བྱིས་པ་ཆུང་ཆུང་དེ། དེ་ལྟར་མི་ཚོགས་ཀྱི་ཆང་ཁ་འགྲིམས་ཏེ་ནང་མ་ཁང་དུ་དུས་ཚོད་སྟོང་ཟད་ལ་གཏོང་གིན་ཡོད། སྟོབས་རྒྱལ་གྱིས་སྐབས་དེར་རང་ཉིད་ཀྱིས་བྱིས་པ་དེ་ལ་ཅི་ཡང་མ་སྨྲས་པ་ནི་ནོར་འཆུག་ཅིག་རེད་སྙམ། འོན་ཀྱང་རང་ཉིད་ནི་བྱིས་པ་དེའི་ཕ་མ་དང་སྤུན་མཆེད་ཅི་ཡང་མིན་པས། ཅིའི་ཕྱིར་བྱིས་པ་དེ་ལ་སེམས་ཁུར་བྱ་དགོས་སམ་སྙམ། གལ་སྲིད་བྱིས་པ་དེ་ལ་ཁ་ཏ་སློབ་གསོ་རེ་བཏང་ཡོད་པའི་དབང་དུ་བཏང་ནའང་། བྱིས་པ་དེ་ནི་དེ་ལས་ལྡོག་སྟེ་སྣ་དགོད་ལངས་ཀྱང་སྲིད་ལ། ཁྲིགས་བཞག་མེད་ན་ཁོ་ནི་དྭ་ཕྲུག་ཅིག་ཡིན་ཡང་སྲིད་སྙམ། གང་ལྟར་ད་ནི་ཡོད་ཚད་འདས་ཟིན་པས། དེའི་ཕྱོགས་སུ་བསམ་གཞིག་གཏོང་བ་ནི་རང་ཉིད་སྡུག་ལ་སྦྱོར་བ་ཁོ་ནའོ་སྙམ།སྟོབས་རྒྱལ་གྱིས་འདི་ལྟར་བསམ་བློ་བཏང་ནས་གང་འཚམ་ཞིག་འགོར་སོང་། བར་བསྐོར་གྱི་མི་ཚོགས་དང་འུར་ཟིང་། བསམ་གཞིག་སྣ་ཚོགས་ཀྱི་ཀློང་དུ་དེ་ལྟར་དུས་ཚོད་མང་པོ་ཞིག་ཚོར་མེད་དུ་འདས་སོང་།

5

སྟོབས་རྒྱལ་གྱིས་མཁྲིག་མའི་དུས་ཚོད་ལ་ལྟ་དུས་ཕྱི་དྲོའི་ཐུན་མཚམས་གསུམ་པ་སླེབས་ལ་ཉེ། ཁོས་བསམ་བློ་ཡང་ཡང་བཏང་མཐར་ཐད་ཀར་ལྷ་ཀླུའི་འདམ་རར་འཆམ་འཆམ་ལ་འགྲོ་རྒྱུར་སེམས་ཐག་བཅད། ལྷ་ཀླུའི་འདམ་ར་ནི་མི་ཡུལ་དུ་བབས་པའི་མཛེས་ལྡན་གྱི་སྐྱེད་ཚལ་ཞིག་སྟེ། ངང་བ་མང་པོ་མཐོང་རྒྱུ་མེད་པའི་ལྷ་ཀླུའི་འདམ་ར་ནི་ལྷ་སའི་གྲོང་ཁྱེར་གྱི་མཛེས་པ་གཞན་ཞིག་ཡིན།

ལྷ་ཀླུའི་འདམ་རར་བསླེབས་དུས། སྟོབས་རྒྱལ་གྱིས་རྒྱུན་པར་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་ཁོང་གིས་མཛད་པའི་ཚངས་མགུར་དྲན་གྱིན་ཡོད། ཁོས་ལྷ་ཀླུའི་འདམ་ར་དང་ཚངས་དབྱངས་རྒྱ་མཚོའི་བར་དུ་འབྲེལ་བ་ཅི་ཞིག་ཡོད་མེད་མི་ཤེས་ལ། གཅིག་བྱས་ན་འབྲེལ་བ་ཅི་ཡང་མེད་ཀྱང་སྲིད། འོན་ཀྱང་གནས་འདིར་འཁྱམས་ནས་བསླེབས་དུས། ཁོས་ཚངས་དབྱངས་པའི་སྐྱོ་ཞིང་སྙན་པའི་སྙན་ངག་དེ་དག་དང་མི་ཚེའི་སྐྱོ་གར་རིང་མོ་དྲན་གྱིན་ཡོད། ཁོའི་སེམས་སུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་ཁོང་གི་ཚངས་མགུར་གཉིས་ནི་ནམ་ཡང་གབ་ལན་མེད་པའི་གབ་ཚིག་ཡིན་ལ། གཏན་དུ་མུ་མེད་ཀྱི་ས་གཞིར་འཐིམས་པའི་གསང་བ་ཞིག་ཀྱང་ཡིན་སྙམ་གྱིན་ཡོད།

ལྷ་ཀླུའི་འདམ་རར་འཆམ་འཆམ་ལ་བསྐྱོད་དུས། ཁོས་སྐྱིད་ཆུའི་ཕར་ངོགས་ཀྱི་ཉི་མའི་གླིང་ཕྲན་དང་པོ་ཏ་ལའི་རྒྱབ་ཕྱོགས་ཀྱི་ཕ་བོང་ཁ་ཡང་དྲན་བྱུང་། ཉི་མའི་གླིང་ཕྲན་དེ་ནི་གསར་དུ་བསྐྲུན་པའི་སྡོད་ཁུལ་ཞིག་སྟེ། བོད་དང་རྒྱ་རིགས། ཁ་ཆེ་དང་སོག་པོ་སོགས་མི་རིགས་སྣ་མང་འཚོ་སྡོད་བྱས་ཡོད་པའི་ཉི་མའི་གླིང་ཕྲན་དུ་ཁོས་ནམ་ཡང་ལྷིང་འཇགས་ཤིག་རྙེད་ཀྱིན་མེད། ཉིན་འགའི་སྔོན་གྱི་གཟའ་སྤེན་པའི་ཕྱི་དྲོ་ཞིག་ལ། ཁོ་རང་ལྕགས་རྟར་ཞོན་ཏེ་ཉི་མའི་གླིང་ཕྲན་དུ་སེམས་གཡེང་བར་སོང་། སྐྱིད་ཆུ་སྔོན་མོ་གཞོགས་གཉིས་སུ་བཅད་ཡོད་པའི་ཉི་མའི་གླིང་ཕྲན་ནི་སྔ་མོ་ནས་སི་ཁྲོན་གྱི་འཆལ་མོ་དང་རྒྱ་རིགས་ཞོར་ལས་པ་ཚོའི་བསྟི་གནས་ཤིག་ཏུ་གྱུར་ཚར་འདུག མི་རྣམས་ཀྱིས་འཚོ་གནས་ཀྱི་ཆེད་དུ་རི་ལུང་སྟོང་ཕྲག་ཧྲིལ་གྱིས་བརྒལ་ཏེ། ལྷ་སའི་ས་བབ་མཐོ་བ་དང་ཉི་འོད་བཙན་པ་སོགས་ཀྱང་སྣང་མེད་དུ་བསྐྱུར་ནས་ལྷ་ལྡན་གྲོང་དུ་ཐོན་པ་ནི་ཇི་འདྲའི་མཚར་བ་ལ་ཨང་། འཚོ་ཚིས་ཀྱི་མདུན་དུ་མི་ནི་ངོ་མ་གཅན་གཟན་ལས་ཀྱང་བློ་རིག་མྱུར་བ་ཞིག་རེད་སྙམ། སྟོབས་རྒྱལ་གྱིས་དེ་ལྟར་བསམ་བཞིན་ཉི་མའི་གླིང་ཕྲན་བརྟོལ་ནས་བུམ་པ་རིའི་གམ་དུ་བསླེབས་ལ། སླར་ཡང་ལྕགས་རྟར་ཞོན་ནས་བོད་ལྗོངས་སློབ་ཆེན་བསྐོར་ཏེ་ཕ་བོང་ཁ་རུ་སོང་།

ཉི་མའི་གླིང་ཕྲན་དང་བསྡུར་ན། ཕ་བོང་ཁ་ཡིས་ཁོ་ལ་སྔ་ན་མེད་པའི་བློ་བསྐྱེད་དང་སྙིང་སྟོབས་མང་པོ་ཞིག་སྟེར་བཞིན་ཡོད། ལྷག་པར་གནས་མཆོག་སྐུ་མཁར་མ་རུ་དང་ཕ་བོང་ཁའི་དུར་ཁྲོད་ཆེན་པོ་དེས་ཁོ་ལ་བསམ་ཡུལ་འདས་པའི་བློ་བསྐྱེད་མང་པོ་སྦྱིན་མྱོང་། སྐུ་མཁར་མ་རུ་རུ་སློབ་དཔོན་ཐོན་མིས་བོད་ཡིག་བརྩམས་པའམ་ལེགས་བཅོས་མཛད་པར་གྲགས་ལ་བཙན་པོ་སྲོང་བཙན་སྒམ་པོ་སྒོམ་སྒྲུབ་ལ་བཞུགས་པར་སྨྲ། འདི་དག་ནི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་སྔོན་ལ་བྱུང་བའི་གཏམ་རྒྱུད་ཅིག་ཡིན་ནའང་། གནས་མཆོག་ཕ་བོང་ཁའི་མི་སེམས་ལ་མཚར་སྣང་སྟེར་བའི་ངག་རྒྱུན་དང་ལོ་རྒྱུས་ཀྱི་བྱུང་བ་དེ་ཚོས་ད་གཟོད་སྟོབས་རྒྱལ་ལ་སྤོབས་པ་ཆེན་པོ་ཞིག་སྩོལ་གྱིན་ཡོད། གཟུགས་མེད་ཀྱི་སྤོབས་པ་དེ་ནི་དོན་ངོ་མ་ཅི་ཞིག་ཡིན་པ་ཁོས་ཀྱང་གསལ་བོ་ཞིག་ཤེས་ཀྱིན་མེད་ནའང་། ཁོ་ནི་དེ་ལྟར་ལོ་རྒྱུས་ཀྱི་བྱུང་བ་དེ་ལ་དགའ་ཞིང་མི་སེམས་མཚར་བར་བྱེད་པའི་གཏམ་རྒྱུད་དེ་ལའང་ཤིན་ཏུ་མོས་པ་རེད།

སྟོབས་རྒྱལ་ལ་མཚོན་ན། ངག་རྒྱུན་ནམ་ལོ་རྒྱུས་ཀྱི་བྱུང་བ་འདི་དག་དང་འཕྲད་དུས། ཁོས་ད་གཟོད་རང་ཉིད་ཀྱི་ཁེར་རྐྱང་བརྗེད་ཀྱིན་ཡོད་ལ། རང་ཉིད་ཀྱི་གདུང་བ་སྐྱུར་བོ་དེ་དག་ཀྱང་རེ་ཞིག་བརྗེད་ཀྱིན་ཡོད། དོན་དམ་དུ་ཁོ་ལ་འདི་ལྟ་བུའི་ཁེར་རྐྱང་གི་གདུང་བ་སྐྱུར་བོ་ཞིག་བྱུང་དོན་ཅི་ཡིན་པ་ཁོ་རང་ཉིད་ཀྱིས་ཀྱང་ཤེས་ཀྱིན་མེད།

ལྷ་ཀླུའི་འདམ་རར་འཆམ་འཆམ་ལ་བསྐྱོད་པ་ནི། འདས་ཟིན་པའི་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་བྱུང་བ་སྣ་ཚོགས་ལ་དྲན་གསོ་བྱེད་པ་ཁོ་ནའི་ཆེད་དུའང་མིན་ཏེ། སྟོབས་རྒྱལ་ལ་མཚོན་ན། མི་ཚོགས་ཀྱི་འཚང་ཁ་དང་འུར་ཟིང་མེད་པའི་ལྷིང་འཇགས་ཀྱི་གནས་མལ་འདི་ལྟ་བུ་ཞིག་ཏུ་ད་གཟོད་རང་ཉིད་ཀྱི་ནང་སེམས་ངོ་མ་དེ་ཞི་བར་གནས་ཐུབ་ཀྱིན་ཡོད། སྟོབས་རྒྱལ་གྱིས་ལྷ་ཀླུའི་འདམ་རའི་ན་སྤང་གི་མཚམས་སུ་ཐ་མག་ཅིག་ལ་མེ་བསྒོས་ཙ་ན། ཉིན་གཉིས་ཀྱི་སྔོན་ལ་ཕ་རྒན་གྱིས་ཁ་པར་ལས་བཤད་པའི་སྐད་ཆ་དེ་དག་གོ་རིམ་བཞིན་སེམས་ལ་འཁོར་བྱུང་། “ཨ་ཅེ་ཆེ་བར་རྒྱུ་ལྷག་བྱུང་སྟེ་རྫོང་སྨན་ཁང་དུ་གཤག་བཅོས་བྱེད་ཀྱིན་ཡོད། ཁྱོད་ཁོམ་ན་ཨ་མདོ་རུ་ལྟ་རུ་ཤོག”ཟེར། ཁ་ཐག་རིང་དུས། ཡོད་ཚད་ནི་ཁ་པར་ཟེར་བའི་ལྕགས་ལེབ་འདིས་འབྲེལ་བ་བྱེད་ཀྱིན་ཡོད་ཅིང་། གཏམ་བཟང་ངན་ཅི་རིགས་ཀྱང་ཁ་པར་ཟེར་བའི་ལྕགས་ལེབ་འདིས་དྲུད་ཡོང་གིན་ཡོད། སྟོབས་རྒྱལ་གྱིས་དངན་པ་ཞིག་འཐེན་བཞིན་སེམས་ལ་སང་ཉིན་ངེས་པར་དུ་དཔོན་པོར་དགོངས་ཞུ་ཕུལ་ཏེ་ཕ་ཡུལ་དུ་ཐེངས་ཤིག་འགྲོ་དགོས་སྙམ།

6

ས་སྲོད་བསླེབས་བྱུང་། དགོང་ཁའི་ས་སྲོད་བསླེབས་བྱུང་།

ས་སྲོད་བསླེབས་དུས། ནུབ་ཁའི་མཚམས་སྤྲིན་གྱི་མདོག་ཀྱང་རིམ་བཞིན་དམར་པོ་ནས་དམར་པོར་འགྱུར་བཞིན་གདའ། སྟོབས་རྒྱལ་ནི་ནུབ་ཁའི་མཚམས་སྤྲིན་ལ་རྒྱང་ལྟ་བྱེད་པར་ཤིན་ཏུ་མོས། ལྷག་པར་རང་ཉིད་གཅིག་པུ་ཡིན་དུས་སམ་རྒྱང་ཐག་རིང་བའི་ཕ་ཡུལ་ཨ་མདོ་དྲན་དུས་སུ། ལྷ་སའི་སྦི་རག་ཤེལ་དམ་གང་ལག་པས་སྐྱོར་ཏེ་ནུབ་ཁའི་མཚམས་སྤྲིན་ལ་ལྟ་བར་ཤིན་ཏུ་དགའ་ལ། བྲང་ཁུག་ཏུ་གཟར་བའི་ལྕགས་སྨྱུག་མར་བླངས་ནས་སྙན་ངག་འབྲི་དེབ་ཏུ་སེམས་ཁམས་སྣ་ཚོགས་འབྲི་བར་ཡང་མོས་པ་ཤིན་ཏུ་ཆེན་པོ་ཡོད། ཁོས་ལྕགས་སྨྱུག་དེ་བཀོལ་ཏེ་སྙན་ངག་ཅིག་ལ་བགྲང་ཆོག་མིན་ཅི་རིགས་ཀྱི་བརྩམས་ཆོས་འབོར་ཆེན་ཞིག་བྲིས་ཡོད་ནའང་། རང་ཉིད་ཀྱི་བློ་ཡིད་ཚིམས་པའི་སྙན་ངག་གཅིག་ཀྱང་འབྲི་མ་ཐུབ། འོན་ཀྱང་ཕ་ཡུལ་གྱི་ནམ་མཁའ་དང་ས་གཞི། ཕ་ཡུལ་གྱི་ཡུལ་མི་དང་རི་ལུང་སོགས་ནི་སྐད་ཅིག་ཙམ་ལའང་བརྗེད་མྱོང་མེད། སྟོབས་རྒྱལ་གྱིས་ནམ་ཞིག་རང་ཉིད་གཏན་དུ་ཕྱིར་ཕ་ཡུལ་དུ་ལོག་ཐུབ་ན་སྙམ་གྱིན་ཡོད། འདི་ནི་སྨོན་ལམ་ཞིག་ཡིན་ཀྱང་སྲིད། གང་ལྟར་ཁོའི་སེམས་ཁོང་ན་འདི་ལྟའི་རི་མོ་ཞིག་རྒྱུན་པར་འཁྱིལ་ཏེ་ཡོད།

འོན་ཀྱང་ཁོ་རང་ལྷ་སའི་ཡུལ་ལྗོངས་སྣ་ཚོགས་ལ་ཤིན་ཏུ་མོས་ཏེ། ཉི་འོད་ལམ་ལམ་དུ་འཚེར་བའམ་ཆར་བ་ཤག་ཤག་ཏུ་འབབ་པའི་དུས་སྐབས་གང་ཡིན་རུང་། སྟོབས་རྒྱལ་གྱིས་གནས་སྐོར་ལ་འགྲོ་བའི་སྲོལ་རྒྱུན་ཞིག་ནམ་ཡང་སེམས་ཁོང་དུ་ཉར་ཡོད། ལོ་དེར། ལས་གྲོགས་ཤིག་དང་ལྷན་དུ་གནམ་མཚོ་ཕྱུག་མོར་བསླེབས་དུས། སྟོབས་རྒྱལ་གྱིས་འཇིག་རྟེན་གྱི་གཡའ་དག་པ་དང་དྭངས་གཙང་ཞེས་པའི་ཐ་སྙད་དེ་དག་ནི་འདི་ལ་སྦྱར་ན་འོས་ཤིང་འཚམ་མོ་སྙམ། གནམ་མཚོ་ཕྱུག་མོའི་མཐའ་ཡས་པའི་སྔོ་ཐང་ཐང་གི་མཚོ་ངོས་དང་རླབས་ཀྱི་ཟེགས་མ་མཚོ་འགྲམ་དུ་འཕྱུར་བའི་ངང་ཚུལ་དེས། གློ་བུར་དུ་ཁོ་ལ་རང་གི་ཕ་ས་དྲོན་མོ་དྲན་དུ་བཅུག་ཅིང་། ཕ་ས་གྲུ་བཞིའི་མཐིང་མདོག་གི་ནམ་མཁའ་སྔོན་པོ་དང་མུ་མཐའ་བྲལ་བའི་རྩྭ་ཐང་དྲན་དུ་བཅུག་བྱུང་།

སྐབས་དེར། སྟོབས་རྒྱལ་གྱིས་རང་ཉིད་ཀྱི་ཁེར་རྐྱང་གི་སྣང་བ་འདི་ནི་ཕ་ཡུལ་དང་འབྲེལ་ཡོད་དམ་བསམས་ཤིང་། ཡང་ལྷ་སའི་སྤོས་ལྡན་གྲོང་དང་འབྲེལ་ཨེ་ཡོད་སྙམ། གང་ལྟར། ཁེར་རྐྱང་གི་སྣང་བ་དེ་ནི་སྟོབས་རྒྱལ་དང་ལྷ་སའམ། ཡང་ན་ལྷ་ས་དང་སྟོབས་རྒྱལ་གཉིས་ཀྱི་བར་དུ་བྱུང་བའི་གདུང་བ་རིགས་ཤིག་ཡིན་པ་ནི་བསྙོན་དུ་མེད།

སྟོབས་རྒྱལ་ནི་རང་སེམས་ཀྱི་ཚོར་བ་སྣ་ཚོགས་རི་མོར་ཕབ་པའི་སྙན་ངག་པ་ཞིག་ཡིན།

སྟོབས་རྒྱལ་ནི་ལྷ་སར་འཚོ་བ་རོལ་བཞིན་པའི་ཨ་མདོའི་མི་རྐྱང་ཞིག་ཀྱང་ཡིན།

སྟོབས་རྒྱལ་ནི……

 

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།10

དཔྱད་མཆན:

དཔྱད་མཆན 1 ཡོད། སྐུ་མགྲོན: 1 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. ན་བུན།
    ན་བུན།སྤེལ་དུས་ནི།  

    ངོ་མ་སྙིང་ལ་ཉེ་བ་ཞིག་བྲིས་འདུག་་་་་་་་་་་རྩོམ་མཁན་ཁྱེད་ལ་བཀའ་དྲིན་ཆེ་་་་་་་་་འདི་འདྲ་བའི་སྒྲུང་ཐུང་མང་དུ་རྩོམ་པའི་རེ་སྨོན་དང་བཅས་ན་བུན་ནས།

དཔྱད་མཆན་སྤེལ།