ཁུ་སིམ་གྱི་རི་གྲོང་།-སྒྲུང་ཐུང་།

jiu666mei copy 1

དེ་ནི་ནམ་མཁས་མཚམས་སྤྲིན་གྱི་འཛུམ་བག་ཁུར་བའི་སྟོན་མཇུག་གི་ས་སྲོད་ཅིག་སྟེ། ངས་ངལ་དུབ་ཀྱིས་གཟིར་བའི་རི་གྲོང་འདིའི་མི་དང་སྲོག་ལྡན་ཡོད་ཚད་ལ་ད་ལྟ་གཞི་ནས་ལྷིང་འཇགས་ཀྱི་དུས་ཚོད་ཅིག་ཐོབ་ཡོད་པ་རྟོགས་ཤིང་། ཉིན་འདི་གར་ཁོམ་རྒྱུ་མེད་པའི་ཁྱིམ་མཚེས་ཚང་གི་ཕུ་བོ་ཚེ་བྷས་ཀྱང་ད་ལྟ་འདྲུད་འཐེན་འཁོར་ལོ་གཡུལ་ཁའི་ནང་དུ་དབྱུགས་ཏེ་གསར་དུ་ཉོས་པའི་ལག་འཁྱེར་ཁ་པར་གྱིས་བུ་མོ་ཞིག་ལ་འདོད་གཏམ་བཤད་ཀྱིན་པའང་ཐོས་བྱུང་། རི་གྲོང་གི་མི་རྣམས་ནི་འདི་ལྟར་ཁོམ་པ་བྱུང་དུས་སོས་དལ་བག་ཕེབས་སུ་སྡོད་ཅིང་།   བྲེལ་ཟིང་ཆེ་དུས་མུན་ནག་གི་ཀློང་རིམ་ནས་ད་དུང་ཡང་ཅི་ཞིག་ལ་འབུངས་ནས་ཡོད་པ་ཡིན།

ངས་ད་ནངས་འབྲི་འཕྲོར་ལུས་པའི་སྙན་ངག་ཚན་པ་དེའི་མཇུག་བསྐྱངས་རྗེས།གསོན་ཤུགས་མེད་པའི་རང་ཉིད་ཀྱི་གསར་རྩོམ་འདི་ལ་འཁང་ར་བྱེད་ཞོར།མུ་མཐུད་དུ་སྙན་ངག་དེའི་ཚིག་སྦྱོར་དང་ནང་དོན་གྱི་ཕྱོགས་ལ་བཟོ་བཅོས་ཐེངས་ཤིག་རྒྱག་བསམས་དུས།ཨ་མས་ཐབ་ཚང་ནང་ནས་ནུབ་འཚལ་འཐུང་དུ་བོས་བྱུང་།དེར་མཐུད་དེ་ལོ་ལྔ་ལ་བུད་ཡོད་པའི་ངེད་ཚང་གི་ཚ་བོ་སྟག་ལྷས་འགྱིག་ཤོག་གིས་བཟོས་པའི་རྩེད་ཆས“སྟག་ཁྲ་བོ”ཞིག་སྐུད་སྣེ་ལ་བརྒྱུས་ཏེ་ཡང་བསྐྱར་ང་འབོད་དུ་ཡོང་གིན་འདུག ནམ་རྒྱུན་ཟ་མ་ཟ་བའི་དུས་སུ་ཚ་བོ་སྟག་ལྷ་འདི་ལྟར་ང་རང་འབོད་དུ་ཡོང་བ་ཡིན། ངས་ཚ་བོའི་རྣམ་དག་དང་གཞུང་དྲང་གིས་ཁེངས་པའི་ཡིད་ཀྱི་རྩེ་དགའི་ཁྲོད་ནས་འཇིག་རྟེན་གྱི་གཡའ་དག་པའི་འཚོ་བའི་རྒྱབ་ལྗོངས་དང་འབྲེལ་བའི་དྭངས་གཙང་དང་བསླད་ཀྱིས་མ་རྙོག་པའི་རི་གྲོང་གི་འཚོ་བའི་སྣེ་ཞིག་མཐོང་ཞིང་། སེམས་ལ་ཚ་བོ་སྟག་ལྷ་འདྲ་བའི་བྱིས་པ་ལོ་ཆུང་དག་གིས་བྱིས་པའི་དུས་སྐབས་འདིར་འཇིག་རྟེན་གྱི་འཚོ་བ་གཞན་ཞིག་གི་བྲོ་བ་མྱོང་གིན་འདུག་བསམས་བྱུང་།

ངས་རང་ཉིད་ཀྱི་བྱིས་དུས་དྲན་བྱུང་། འདམ་བག་དང་ཤེལ་ཆགརྡེའུ་དང་ཤིང་བུའུ་བཅས་ཀྱིས་ཉི་མ་གནམ་ཚ་བཏང་བའི་བྱིས་དུས་ཀྱི་ལོ་ཟླ་དེ་དག་དྲན་བྱུང་།ཕུ་བོ་འབྲུག་བྷས་ང་ཚོའི་རུ་སྣ་དྲངས་ནས་སྲང་ལམ་ཀུན་ཏུ་འུར་འུར་ཟིང་ཟིང་གིས་རྒྱུགས་ཤིང་།རྒྱལ་བོ་ཞིག་གི་ཚུལ་གྱིས་ཨ་ཅེ་གསེར་མཚོ་བཙུན་མོར་བླངས་པའི་ལོ་ཟླ་དེ་དག་ཀྱང་ཁ་སང་བཞིན་དྲན་ཡོང་།  གོ་ཐོས་སུ་ཕུ་བོ་འབྲུག་བྷས་རྗེས་སུ་དངོས་ནས་ཨ་ཅེ་གསེར་མཚོ་བག་མར་བླངས་སོང་ཟེར།  ངོ་མ། འཇིག་རྟེན་གྱི་ཡོད་ཚད་ནི་འདི་ལྟར་ལས་ཀྱི་མཐུན་རྐྱེན་ཞིག་གིས་རྩོད་མེད་དུ་འགྲུབ་ཀྱིན་འདུག་ཅིང་།རི་གྲོང་དུ་མཛའ་བརྩེའི་ཕྱི་ཐག་རིང་བའི་བཟའ་ཚོ་ཇི་འདྲའི་མང་པོ་ཞིག་བསྐལ་བ་ནས་བསྐལ་བའི་བར་དུ་ཕུ་བོ་འབྲུག་བྷ་དང་ཨ་ཅེ་གསེར་མཚོ་བཞིན་དུ་ལས་དབང་གི་ཐག་པས་སྦྲེལ་ནས་ཡོད་ཨང་སྙམ་བྱུང་།

ནུབ་འཚལ་འཐུང་རྗེས།ངས་མུ་མཐུད་དུ་ཁང་ཆུང་ཞིག་ཏུ་དལ་ཅག་གེར་མཁས་དབང་དགེ་ཆོས་ཀྱི་གསུང་རྩོམ་ཁྲོད་ཀྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི་བཀླག་འཕྲོ་བསྐྱངས།རི་གྲོང་ནི་ང་ལ་མཚོན་ན་ལྷིང་འཇགས་ཀྱི་བསྟི་གནས་ཁྱད་པར་ཅན་ཞིག་སྟེ།གནས་འདིར་ངས་མཛུབ་སྟོན་དགེ་རྒན་གྱི་བཀའ་བཀོད་བཞིན་དུ་རང་ཉིད་སྤྲོ་བ་དེ་འདྲ་མེད་པའི་ལས་གཞི་དག་ཉིན་འཕྲོར་ཉིན་བརྩེགས་ནས་བསྒྲུབ་མི་དགོས་ཤིང་།ནམ་རྒྱུན་དཔོན་ཚུགས་དོད་རྒྱུར་དགའ་བའི་སློབ་གླིང་འདི་གའི་དཔོན་ཆུང་དག་གི་ངག་སྒོ་ཅི་རིགས་ལའང་ཉན་མི་དགོས་པར་རང་བློ་ཡི་འདོད་པ་བཞིན་དུ་རང་ཉིད་མོས་པའི་དཔེ་ཆ་དག་ཅི་འདོད་དུ་བཀླག་ཆོག་ལ།རང་ཉིད་མོས་པའི་གསར་རྩོམ་གྱི་ལས་ཇི་སྙེད་ཀྱང་རང་མོས་ཀྱིས་བསྒྲུབ་ཆོག་པ་ཡིན།དེ་བས།རི་གྲོང་ནི་ང་ལ་མཚོན་ན་རང་དབང་གི་གནས་མལ་མཆོག་ཏུ་གྱུར་བ་ཞིག་ཏུ་བལྟས་ཆོག་པ་ཡིན།

མཁས་དབང་དགེ་ཆོས་ཀྱི་གསུང་རྩོམ་སྐོར་ལ་སེམས་གཡེངས་ཚར་རྗེས།ང་མུ་མཐུད་དུ་མལ་སའི་ནང་ལ་གན་རྐྱལ་དུ་བསྙེས་ཏེ་མིའི་འཇིག་རྟེན་གྱི་འཚོ་གཞེས་སྐོར་ལ་མནོ་བསམ་བཏང་བ་ཡིན།མི་ནི་ཁེར་རྐྱང་གི་དུས་སུ་དྲན་རྒྱུ་མང་ཞེས་པ་བདེན་པར་འདུག་སྟེ།ཁེར་རྐྱང་ཡིན་དུས།ངས་ད་གཟོད་རང་ཉིད་ཀྱི་བྲང་ཁར་ལག་ཟུང་བཞག་ནས་འཇིག་རྟེན་གྱི་དོན་དག་ཕྲ་རགས་ཀུན་ལ་རང་གི་མནོ་བསམ་བསྐོར་ཐུབ་ཅིང།གྲོགས་པོ་རེ་འགའི་འཛུམ་ཞལ་དང་སོ་ཕྲེང་གི་བར་དུ་བཅུག་ཡོད་པའི་སྐྱུག་བྲོ་བའི་ལས་ཀ་རེ་འགའི་ངོ་གདོང་དེའང་ཡུན་གྱིས་རྟོགས་ཡོང་།དེ་ལྟ་ནའང་།ངས་ཁོ་ཚོ་ལ་གཏན་ནས་འཁོན་སེམས་བཟུང་མ་མྱོང་སྟེ།ཁོ་ཚོའི་བདེ་སྐྱིད་ནི་ང་ཡི་སྨོན་འདུན་ཡང་ཡིན་པས་སོ།།

མཚན་མོ་དེར།ངས་རང་གི་དྲན་གཞིག་གི་སྣེ་མོར་ཐོགས་པའི་རི་གྲོང་འདིའི་གནས་འགྱུར་གྱི་ཡོད་ཚད་ལ་དྲན་ཤེས་ཀྱི་འཁོར་ལོ་བསྐོར་ཞིང་།ཕྱིར་དྲན་གྱི་ཁྲོད་དུ་ལུས་པའི་མང་པོ་ཞིག་གི་གྲིབ་བརྙན་ད་དུང་ཡང་མག་མོག་ཏུ་འདུག་པས།ངས་ཡུན་རིང་ཞིག་ལ་རི་གྲོང་འདི་ལ་འོས་འཚམས་ཀྱི་སྡོམ་ཚིག་ཅིག་འཇོག་རྒྱུ་མ་རྙེད།ཞིབ་ཏུ་བསམས་ན་རི་གྲོང་གི་མི་རྣམས་དབྱར་ཁར་དབྱར་རྩྭ་དགུན་འབུ་འཐུ་རུ་བསྐྱོད་དེ་དགའ་བ་དང་སྐྱོ་བའི་ཕུགས་བསམ་སྤར་གང་ལག་མཐིལ་དུ་བཟུང་ནས་ཐོན་ཞིང་།སྟོན་བླངས་ཚར་རྗེས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་རི་གྲོང་དང་ཁ་ཐག་རིང་བའི་གནས་གང་རུང་དུ་ཞོར་ལས་ལ་འགྲོ་བའི་གཏན་གཤིས་ཤིག་ཆགས་འདུག་པས།འཚོ་ཚིས་ཀྱི་ཟུར་ནས་བུ་ཆུང་བུ་མོ་རྣམས་ཀྱི་དཔེ་རིན་གྱི་དོད་དུ་འདུར་རྒྱུགས་བྱེད་ཀྱིན་པའི་མི་རྣམས་དངོས་གནས་རླབས་ཆེན་རེད་བསམས་བྱུང་།དགུན་ཁར་བསླེབ་ལ་ཉེ་བའི་ནམ་ཟླ་འདིའི་པང་རོལ་ནས་ངས་རྒྱང་རིང་ལ་ཆས་གྲབས་ཡོད་པའི་ཡུལ་མི་དག་ལ་བཀྲ་ཤིས་པའི་ཁ་གཡང་ཙམ་འབོད་པ་ལས་ཅི་ཞིག་ནུས་སམ།རི་གྲོང་གི་ཕ་མ་རྣམས་ཀྱིས་འདི་ལྟར་ཉིན་ཁར་ཟླ་བརྩེགས་ཀྱིས་སློབ་མ་དག་གསོ་བཞིན་པའི་གནས་བབ་སྐྱོ་བོ་འདིས་ངའི་མིག་ཟུང་གི་སྒོ་ཁར་མཆི་མའི་ཆར་རྒྱུན་དྲངས་བྱུང་།ངས་འདི་ལྟར་རི་གྲོང་གི་ཕྱི་ནང་བར་གསུམ་ལ་མནོ་བསམ་གྱི་གཤོག་པ་བཙུགས་དུས།ལོ་རྒྱུས་ཀྱི་སྐྱོ་དོན་ཞིག་ཏུ་གྱུར་འདུག་པའི་དོན་དག་མང་པོ་ཞིག་གིས་ངའི་སེམས་པ་བློང་བློང་བོར་བཟོས་པས།དར་ཅིག་ལ་ང་ནི་ཁོང་འདར་ཡང་ཡང་རྒྱག་པའི་གནས་སྐབས་ཤིག་ཏུ་བརྫངས་བྱུང་།

2

“ཕྱིར་དྲན་གྱི་ཁུགས་སོ་ན།ཕུ་བོ་འབྲུག་བྷ་ནི་དེ་ལྟར་གསར་ཉམས་ཀྱིས་རྫོགས་པའི་བུ་རབ་ཅིག་སྟེ།ཉིན་མོ་དེ་ད་རུང་ཡང་ངའི་སེམས་ཀྱི་གཞི་ན་དེ་ལྟར་གསལ་ལྷང་ངེར་འདུག ”ཁྱིམ་མཚེས་ཚང་གི་ཕུ་བོ་ཚེ་བྷས་དུ་བ་རྐང་ཞིག་ལ་སྣང་མེད་སྒོས་མེས་བསྒོས་ཏེ་ཧ་ཅང་སྐྱོ་ལ་བརྗིད་པའི་ཚིག་འབྲུ་རེ་རེ་ཁོག་ཏུ་འཇིབས་པའི་དུ་བ་སྔོན་པོ་དེ་དག་དང་འགྲོགས་ནས་ཕྱིར་བཏངས་ཡོང་།དེ་ནི་ང་རང་རི་གྲོང་དུ་འབྱོར་ནས་ཉིན་གསུམ་འགོར་བའི་ནངས་མོ་ཞིག་སྟེ།ཁྱིམ་མཚེས་ཚང་གི་ཕུ་བོ་ཚེ་བྷས་ར་ལུག་རྣམས་ཕར་བསྒོས་ཚུར་བསྒོས་བྱས་རྗེས་ང་སློབ་གྲྭ་ནས་ཡུལ་དུ་ཡོང་ཡོད་པ་གོ་ནས་འཚམས་འདྲིར་བསླེབས་པའི་ཉིན་དེ་རེད།ང་དང་ཁྱིམ་མཚེས་ཚང་གི་ཕུ་བོ་ཚེ་བྷ་གཉིས་ནི་ཆུང་དུས་ཀྱི་རྩེད་ཡ་དགོད་གྲོགས་ཡིན་པས།ཉིན་དེར་ངེད་གཉིས་ཀྱིས་ཞེ་ལྷོད་ལ་བབས་ཏེ་འདས་དུས་ཀྱི་དོན་དག་རྣམས་ལ་ཡིད་སེམས་སྤྲོ་བའི་ངང་ནས་ཕྱིར་དྲན་ཐེངས་ཤིག་བྱས་ཤིང་།ཨ་མས་ཀྱང་ངེད་གཉིས་དགའ་ཡོད་པ་མཐོང་སྟེ་ཕ་དྲིན་ཆེན་པོ་འདས་ཁར་བསྙལ་བ་ཡིན་ཟེར་བའི་ལོ་ཆང་ཁམ་པ་དམ་བུ་གང་ངེད་གཉིས་ལ་གཏད་བྱུང་།ཆང་འཐུང་གིན་འཐུང་གིན་ཁོས་ཕུ་བོ་འབྲུག་བྷ་དང་འབྲེལ་བའི་འདས་དོན་དེ་མི་འདོད་བཞིན་དུ་གླེང་བྱུང་།

ཕུ་བོ་ཚེ་བྷས་མུ་མཐུད་དུ་བཤད་རྒྱུར“ ཉིན་དེར།ཁོ་རང་རི་མགོར་ནགས་ལ་སོང་ནས་ཕྱིར་སྡེ་འདབས་ལ་ཐོན་དུས།ཅི་ཡིན་འདི་ཡིན་མེད་པར་སྙིང་ཁ་ན་སྟེ་ཡུལ་དུ་ཁྱེར་ཡོང་དུས་དབུགས་ཆད་འདུག་ཟེར།ངས་མཐོང་དུས་ཕུ་བོ་འབྲུག་བྷ་ཁོ་ཚང་གི་ཚ་ཐབ་སྟེང་དུ་ཐོག་ལ་རས་དཀར་པོ་ཞིག་གིས་གཡོགས་ཏེ་བསྙལ་ནས་བཞག་འདུག ”

ངའི་སེམས་ལ་ལོ་དེའི་དགུན་ཁར་དཔེ་ཁུག་ཆུང་ཆུང་ཞིག་སྒྱིད་ཁུག་ཏུ་དཔྱངས་ཏེ་ཀོ་རེ་སྐམ་པོ་ཞིག་ལ་སོ་འདེབ་ཞོར་འདེབ་ཞོར་སློབ་ཆུང་དུ་འགྲོ་བའི་ཕུ་བོ་འབྲུག་བྷ་དྲན་བྱུང་ལ།ནམ་རྒྱུན་རི་འགོར་རྐང་རྗེན་ལ་རེའུ་རྫིར་འགྲོ་བའི་ཕུ་བོ་འབྲུག་བྷའི་རྐང་མགོ་ཆུང་ཆུང་དེའང་དྲན་བྱུང་།དེ་ནི་དེ་ལྟར་གཏིང་བརྗེད་དུ་མ་གྱུར་ཞིང་སེམས་ཁོང་དུ་བག་ལ་ཉལ་བའི་དྲན་འཛིན་གྱི་རི་མོ་མཛེས་སྡུག་ལྡན་པ་ཞིག་སྟེ།རི་མོ་འདིའི་ནང་རོལ་ནས་ངས་དགུན་ཁར་ཡང་ཕུ་བོ་ཆུང་ཆུང་ཞིག་རྐང་རྗེན་ལ་རེའུ་རྫིར་འགྲོ་བའི་ངང་ཚུལ་དེ་རྙེད་ཐུབ་ཅིང་།ཕུ་བོ་ཆུང་ཆུང་དེའི་གྲིབ་གཟུགས་དང་འགྲོགས་པའི་རྣམ་ཤེས་ཀྱི་འགུལ་སྐྱོད་དེས་ཀྱང་གནས་གང་ཞིག་ན་ད་ལྟ་ངའི་འཚོ་བའི་ལས་སྣེ་ཀུན་ལ་སྐུལ་མ་གཏོང་གིན་པའི་ཉམས་སྣང་སྐྱེས་བྱུང་།

“ དེས་ན།དོན་ངོ་མར་ཕུ་བོ་འབྲུག་བྷར་ཅི་ཞིག་ན་བ་རེད་དམ།”མཚམས་དེར་ངའི་ཀླད་པའི་ནང་དུ་ཕུ་བོ་འབྲུག་བྷ་དང་འབྲེལ་བའི་དོན་དག་མང་པོ་ཞིག་གཅུ་ལོག་བྱེད་ཀྱིན་འདུག་པས།ངའི་ཁ་ནས་ཀྱང་དེ་ལྟར་ཤོར་སོང་།

ཁོས“ཨ་ཅེས་གསེར་མཚོས་བཤད་ན་ཁོ་ལ་དུས་རྒྱུན་ན་རྒྱུ་ཅི་ཡང་མེད་ཟེར།རྗེས་སུ་སྨན་པ་བོས་ནས་བེམ་པོར་བརྟག་དཔྱད་བྱས་དུས་ཀྱང་ལུས་པོ་ཤིན་ཏུ་བདེ་ཐང་རེད་ལུས་ན་ནད་རྟགས་ཅི་ཡང་མི་འདུག་ཟེར།   འོན་ཀྱང་མི་རྣམས་ཡ་མཚར་བ་ཞིག་ལ་ཕུ་བོ་འབྲུག་བྷའི་ཕྲག་སྟེང་དུ་མཆེ་བ་གཉིས་བརྡབས་པའི་ཤུལ་རྗེས་འདུག དེ་ནི་སྨན་པ་ཕྱིར་སོང་བའི་ཕྱིའི་ཉིན་མོ་རེད།”“ཅི་ཟེར།མཆེ་བ་གཉིས་བརྡབས་པའི་རྗེས་ཤུལ་འདུག་ཟེར་རམ”ང་ནི་དར་ཅིག་ལ་རང་གི་རྣ་བར་ཡང་ཡིད་མ་ཆེས། ཁོས་མུ་མཐུད་དུ“ཨ་ཁུ་ཉི་མས་བཤད་ན་དེ་ནི་ཕུ་བོ་ཚེ་བྷས་རི་མགོའི་ནགས་གཅོད་དུས་མཉམ་མ་བཞག་པར་དེ་གར་ཡོད་པའི་ཀླུ་སྡོང་ཞིག་ཡོད་པ་དེ་བཅད་པས་རྣམ་སྨིན་འཁོར་བ་རེད་ཟེར།”

“སྨྱོ་བཤད།ཀླུ་ལ་མཆེ་བ་ཡོད་པ་སུས་མཐོང་ངམ” ང་ཅུང་ཙམ་སྤོ་ལངས་བྱུང་།“ཨ་ཁུ་ཉི་མ་མོ་བ་རེད།ཁོས་དེ་ལྟར་ཟེར།ངས་ཀླུ་ལ་མཆེ་བ་ཡོད་པ་མཐོང་མ་མྱོང་། ”ཕུ་བོ་ཚེ་བྷས་ཀྱང་དེ་ལྟར་དྲང་མོར་ལབ་བྱུང་།ཨ་ཁུ་ཉི་མ་ལྟ་བུའི་འཇིག་རྟེན་གྱི་རྒན་པོ་དག་གིས་ནི་འདི་ལྟར་སྔར་སྲོལ་གྱི་མོ་འདེབས་པའི་ཆ་བྱད་དག་མ་བསྒྱུར་བར་ཡོད་ཅིང་།ནམ་རྒྱུན་ཕྱག་ཕྲེང་གི་སྐོར་གཡུག་བར་ནས་ནད་པའི་དྲག་སྐྱེད་དང་ཕྱུགས་ཟོག་འཚོལ་བ།དོན་དག་ཅིག་གི་ལེགས་ཉེས་སོགས་ལ་དཔྱད་པ་འཕེན་པའི་ལས་སྐྱོང་གིན་ཡོད།ཡིན་ནའང་།ངས་ཨ་ཁུ་མོ་བས་ཕྱག་ཕྲེང་གི་གསེབ་ནས་ཀླུ་གདོན་གྱི་མཆེ་བ་མཐོང་ཡོད་པར་ཐེ་ཚོམ་ཟ་ཞིང་།ཤ་དར་ཁྲག་དར་གྱི་གསར་རྒོད་ཅིག་ལ་རྣམ་ཤེས་འཇིག་རྟེན་དང་བྲལ་བའི་དུས་ཚོད་ཉེར་བཞིའི་རྗེས་སུ་ཕྲག་སྟེང་དུ་མཆེ་བ་བརྡབས་པའི་རྗེས་ཤུལ་བབས་པར་དེ་བས་ཀྱང་འགྲེལ་རྒྱག་ཐབས་མ་བྱུང་།ངོ་མ་འཇིག་རྟེན་འདིར་ཀླུ་གདོན་ཟེར་བ་ཞིག་དངོས་ནས་ཡོད་དམ།ངས་རང་ཉིད་ལ་བཏོན་པའི་དྲི་བ་འདི་ལ་ཇི་ལྟར་ལན་གདབ་དགོས་པ་མ་ཤེས་ཤིང་།ཕུ་བོ་འབྲུག་བྷའི་ཆུང་མ་ཨ་ཅེ་གསེར་མཚོའི་མཛེས་སྡུག་དཔལ་གྱིས་སྒེག་པའི“བཙུན་མོའི”ཞལ་རས་དེ་ཡིད་ལ་དྲན་ཞིང་།ཁོ་ཚང་གི་ལོ་བཞི་ལ་སོན་པའི་བུ་ཆུང་དཔའ་རྒྱལ་ཡང་ཡིད་ལ་དྲན་པས་ཡིད་སེམས་སྐྱོ་སྐྱོ་བ་ཞིག་བྱུང་།

ཡུད་ཙམ་གྱི་རྗེས་སུ།ཁོས་ད་སྐབས་ཨ་ཅེ་གསེར་མཚོ་མ་སྨད་གཉིས་ཀྱི་འཚོ་བ་ཤིན་ཏུ་ཐབས་རྡུགས་ཤིང་།ཕུ་བོ་འབྲུག་བྷ་ཚེ་ལས་འདས་རྗེས་ཨ་ཅེ་གསེར་མཚོས་ཀྱང་མག་པ་གཞན་མ་བཙལ་བས།གསར་བུ་རྣམས་ཀྱིས་ལ་ཡོག་ཀུན་ནས་ཐུབ་ཚོད་དང་བརྙས་བཅོས་བྱེད་པར་མ་ཟད།ལྷག་པར་དུ་དགོང་མོ་མོ་ཚང་གི་སྒོ་ཁར་གསར་བུ་མང་པོ་ཁྱི་ཚོགས་འདུས་འདུས་བྱས་ཏེ་གོ་ན་རྣར་གཟན་པའི་སྐད་ཆ་ཏག་ཏག་ལབ་ཀྱིན་འདུག་ཟེར།ངས་ལོ་རྒྱུས་དང་སྤྱི་ཆོགས་ཀྱི་འཕེལ་རིམ་ཇི་འདྲ་དལ་ཡང་འདི་ལྟའི་ཁྲིམས་མེད་ལུགས་མེད་ཀྱི་སྤྱོད་ངན་ཞིག་དེ་རིང་མ་གཏོགས་གོ་ཡང་མ་མྱོང་ཞེས་བཤད།ཡིན་ནའང་།རི་གྲོང་གི་ཨ་ཁུ་མོ་བ་དང་རི་གྲོང་གི་གསར་བུ་འདི་དག་ལ་མཚོན་ན་ཁྲིམས་ལུགས་ཞེས་པ་ནི་ཁ་ལ་ཟ་རྒྱུ་ཞིག་གམ་སྣ་ཡིས་བསྣུམ་རྒྱུ་ཞིག་ཡིན་པ་ཤེས་མེད་པ་ཐག་གིས་ཆོད་དེ།མ་གཞི་ནས་ཁོ་ཚོར་མཚོན་ན་དཔེ་ཆ་བ་ནི་གླེན་པ་གླེན་ནག་ཅིག་དང་བོས་ན་མིང་དང་བགོས་ན་སྐལ་མེད་པའི་སྤྲང་ནག་ཅིག་ཏུ་རློམ་གྱིན་འདུག་པས། ངས་ཁོ་ཚོར་མུ་མཐུད་དུ་ཅི་ཞིག་བརྗོད་ཨང་།

ཕུ་བོ་ཚེ་བྷ་བསྐྱལ་རྗེས།ང་རང་འགྱོད་གདུང་དྲག་པོ་ཞིག་གི་གཡང་ལ་ལྷུང་ཞིང་།ཉིན་འགར་ཆམ་ནད་ལྕི་མོ་ཞིག་ཕོག་སྟེ་ཡར་ལངས་མི་འདོད་པ་ལྟ་བུ་ཞིག་བྱུང་།ཕུ་བོ་འབྲུག་བྷའི་ཤིང་བུའུ་ཁུར་ཏེ་རུ་སྣ་འདྲེན་པའི་སྣང་བརྙན་བརྗིད་པོ་དེ་དང་ཨ་ཅེ་གསེར་མཚོའི་མཛེས་ཤིང་སྡུག་པའི་ངོ་གདོང་མཛེས་པོ་དེ།ཁོ་གཉིས་ཀྱི་བུ་ཆུང་དཔའ་རྒྱལ་གྱི་འཛུམ་ལངས་རྒྱུར་དགའ་བའི་སྙིང་རྗེའི་ངང་ཚུལ་དེས་ང་རང་ཞག་མ་རེ་རེར་གཉིད་ཀྱི་ཞིང་ཁམས་ནས་བསླངས་འོངས་པས།ང་ལ་གློ་བུར་བའི་གར་ཡོང་མེད་པའི་ཆམ་ནད་ལྕི་མོ་ཞིག་ཀྱང་ཕོག་སོང་།ཉིན་གཉིས་ཀྱི་རྗེས་སུ་ངའི་ཆམ་ནད་དེའང་ཅུང་བཞག་འདུག་པས།ངས་རང་ཉིད་ཨ་ཅེ་གསེར་མཚོ་ཚང་ལ་ཐེངས་ཤིག་འགྲོ་བའི་སྟ་གོན་བྱས་པ་ཡིན།དེ་ནི་ང་རང་རི་གྲོང་དུ་ཡོང་བའི་ཉིན་བདུན་པ་ཡིན།

3

ཉིན་དེར།རི་གྲོང་གི་ཉི་མ་དེའང་ང་ལ་གཡོལ་བ་བཞིན་དུ་སྤྲིན་པའི་ཕག་ཏུ་ཡིབ་ནས་ཕྱི་དྲོའི་མཚམས་ལ་མ་གཏོགས་ལྷང་ལ་མ་བུད།ངས་ཉི་མ་ལྷང་ལ་མ་བུད་པའི་གནམ་གཤིས་དེ་འདྲ་ཞིག་གི་འོག་ཏུ་སྲང་ལམ་མང་བོའི་སྡེ་བའི་ཀྱག་ཀྱོག་གི་ལམ་ཕྲན་དེད་ནས་ཨ་ཅེ་གསེར་མཚོ་ཚང་ལ་སོང་བ་ཡིན།སྡེ་བའི་ཀྱག་ཀྱོག་གི་སྲང་ལམ་དེ་དག་ནི་བསམ་གཟས་ནས་ང་ལ་བཏོན་པའི་གབ་ཚིག་ཅིག་དང་འདྲ་བར་ལོ་འདི་འགའི་རིང་ཨ་ཅེ་གསེར་མཚོ་མ་སྨད་གཉིས་ཀྱི་སྐྱོ་བ་དང་འདྲེས་པའི་ལོ་ཟླའི་སྲུབས་ཀ་ནས་བཙག་རླུང་གིས་བཞེངས་པའི་ངོ་གདོང་གི་རིས་དབྱིབས་དང་ཁ་དོག་ལ་སྟོང་འདང་རྒྱག་པའི་གོ་སྐབས་ཤིག་བསྩོལ་བ་དང་ཀུན་ནས་མཚུངས།ངའི་སེམས་པ་འདུ་ལོང་འཚུབ་པའི་གྲོག་ཚང་གི་ཁ་བརྡོལ་བ་དང་འདྲ་བར་འཆར་སྣང་སྣ་ཚོགས་ཅིག་ཅར་དུ་སྐྱེས།

ཡིད་ཕངས་པ་ཞིག་ལ་ཉིན་དེར་ཨ་ཅེ་གསེར་མཚོ་མ་སྨད་གཉིས་སྔ་མོ་ནས་ལུག་རྫིར་སོང་ཟིན།ངས་ལག་སྟོང་མཆིན་ལ་བཙིར་ནས་ཕྱིར་རང་ཁྱིམ་དུ་ལོག་སྟེ།དགོན་པའི་ནང་དུ་སོང་ནས་དག་པའི་ཞིང་གི་ཕུ་བོ་འབྲུག་བྷ་ལ་མཆོད་མེ་རེ་བསྒྲོན་ཏེ་མ་ཎི་ཚར་རེ་བཏོན་པ་ཡིན།

ཉིན་དེའི་ཕྱི་དྲོ་རྫོང་ཐོག་ཏུ་འགྲོ་བའི་འདྲུད་འཐེན་འཁོར་ལོ་ཞིག་དང་སྟབས་འགྲིག་ལ།ཨ་མས་ཀྱང་ང་རང་ཕྱིར་སློབ་གྲྭ་སོང་ན་དགའ་བའི་སེམས་གཏམ་བཤད་འོངས་པས།ངས་དེ་མ་ཐག་དངོས་པོ་དག་བསྡུ་གསོག་བརྒྱབ་སྟེ་ཆུང་དུས་ཕུ་བོ་འབྲུག་བྷ་དང་ཨ་ཅེ་གསེར་མཚོ།ཁྱིམ་མཚེས་ཀྱི་ཕུ་བོ་ཚེ་བྷ་སོགས་དང་ལྷན་དུ་ཕྱིར་དྲན་གྱི་རི་མོ་བརྐོས་མྱོང་སའི་རི་གྲོང་ལ་བདེ་མོ་བཞག་ནས་རྒྱང་རིང་དུ་ཆས་པ་ཡིན། ཡིན་ནའང་།ཕུ་བོ་འབྲུག་བྷའི་འདས་རྐྱེན་དེ་ནི་ད་དུང་ཡང་འདྲེན་ཤུགས་ཆེ་བའི་རྡོ་ཁ་ལེབ་ཅིག་དང་འདྲ་བར།ལན་རེར་ང་ལ་སྡུག་བསྔལ་དང་སྐྱོ་བ་སྟེར་ཞིང་།མཚམས་རེར་ང་ལ་གསང་བ་རུམ་གང་གི་དྲན་ཤིང་བསྣན་འོངས་པས།ངས་དོ་ནུབ་གསལ་ཞིང་དག་པའི་གློག་སྒྲོན་གྱི་འོག་ཏུ་འདི་ལྟར་ཕུ་བོ་འབྲུག་བྷ་དང་འབྲེལ་བའི་རི་གྲོང་གི་སྐྱོ་གར་ཅིག་ཡི་གེར་ཕབ་པའོ།།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།12

དཔྱད་མཆན:

དཔྱད་མཆན 2 ཡོད། སྐུ་མགྲོན: 2 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. སྒོ་ག་བུར།
    སྒོ་ག་བུར།སྤེལ་དུས་ནི།  

    ང་ཡང་ལྷིང་འཇགས་ཀྱིས་འཚོ་བའི་རི་གྲོང་དེར་ཕྱིན་ན་འདོད་སོང་།

  2. བྱེ་རིལ།
    བྱེ་རིལ།སྤེལ་དུས་ནི།  

    ཞིབ་ཏུ་བཀླགས་ཚར་སོང་། འཇམ་ཐང་ཐིང་གི་རི་གྲོང་།

དཔྱད་མཆན་སྤེལ།