རྫི་བོ་ཆུང་ཆུང་བཀྲ་ཤིས། སྒྲུང་ཐུང་།

j1121212iumeiགདུ་བུ།

སྔོ་ཞིང་དྭངས་པའི་ནམ་མཁའ་ནི་རས་ཡུག་སྔོན་པོ་ཞིག་དང་འདྲ་བར་མཐའ་མེད་པར་རྒྱང་ནས་རྒྱང་དུ་བསྲིངས་འདུག་ཅིང་། དགུང་སྔོན་གྱི་དཀྱིལ་ན་འོད་ཀྱི་ཟེགས་མ་ཕྱོགས་མེད་དུ་བཀྱེས་པའི་ཉི་མ་ནི་ལུང་མདོ་འདི་ནས་བལྟས་ཚེ་ནམ་མཁར་བཏབ་པའི་རིན་ཆེན་ཕྲ་ཞིག་དང་འདྲ་བར་འོད་འཚེར་འཚེར་བྱེད། བཀྲ་ཤིས་ཀྱིས་ལག་པ་ཐོད་ལ་བླངས་ཏེ་མིག་འབྱེད་མ་འཛུམ་གྱིས་ནམ་མཁའི་ཉི་མར་ལྟ་བཞིན་སེམས་སུ་ཉི་མ་གན་ཐང་ལ་ལྷུང་ཚེ་མེ་ཕུང་ཞིག་ཡིན་ནམ་སྙམ།
རི་རྒྱུད་ཆེན་པོ་གཉིས་ཀྱི་བར་ལ་བཅུག་པའི་ལུང་ཁོག་ཆེན་པོའི་འདིའི་མིང་ལ་རྡོ་ལུང་ཁ་ཤོར་ཞེས་འབོད་ཅིང་། རྡོ་དཀར་རིལ་མ་ལྟར་སྤུངས་པའི་ལུང་ཁོག་འདིར་དུས་རྒྱུན་དུ་ཆུ་རྒྱུན་ན་ཆུ་ལྟ་བུ་ཞིག་ལས་མེད་ཀྱང་དབྱར་གྱི་གནམ་ངོ་ཐོན་སྐབས་རྒྱ་མཚོའི་ཁ་ཤོར་བ་ལྟ་བུའི་ཆུ་ལོག་བརྡོལ་བས་ན་རྡོ་ལུང་ཁ་ཤོར་ཞེས་བཏགས་པ་རེད། བཀྲ་ཤིས་ཀྱིས་ཉི་མར་ལྟ་མཚམས་བཞག་ནས་དལ་གྱིས་ཡར་ལངས་ཏེ་གཞུང་ཆུའི་འགྲམ་དུ་ཕྱིན། ཤག་ཤག་བཞུར་བའི་རྒྱུགས་ཆུའི་ནང་ཁོས་རང་གི་གཟུགས་བརྙན་འཆར་ཡོད་པ་མཐོང་བྱུང་བས་ཁོའི་ངོ་ལ་རྣམ་རིག་ཅིག་རྒྱས་བཞིན་ཐང་ལ་གུམ་ཙོག་གིས་བསྡད་དེ་རང་ཉིད་ལ་བལྟས།
བཀྲ་ཤིས་ནི་ལོ་བཅུ་གཅིག་ལ་བུད་པའི་བྱིས་པ་ཞིག་རེད་ལ། ཁོའི་ཤ་མདངས་སྨུག་ཅིང་འཇམ་ལ་ནག་ཀྲིག་ཀྲིག་བྱེད་པའི་མིག་གཉིས་ནི་དཀྲི་ག་གསལ་བོར་ཆགས་པའི་རི་མོ་དང་། ནག་ཅིང་སྟུག་པའི་རྫི་མའི་འོག་ན་བྱིས་པ་པྲ་ཆལ་ཞིག་དང་འདྲ་བར་གསོན་ཤུགས་དང་རེ་བས་ཁེངས་འདུག བཀྲ་ཤིས་ཀྱིས་རང་གི་གཟུགས་བརྙན་ལ་ལྟ་བཞིན་སྣ་མགོ་ལ་ཕུར་ཙམ་ཕུར་ཙམ་བྱེད་ཀྱིན་སེམས་སུ་རང་གི་ངོ་ལས་ཆེས་ཡག་པའི་དབང་བོ་ནི་སྣ་འདི་ཡིན་སྙམ་སྟེ་འཛུམ་ཙམ་བྱས། ཆུ་ནང་ལ་འཆར་བའི་གཟུགས་བརྙན་ལ་ཞིབ་ཏུ་བལྟས་ན་བཀྲ་ཤིས་ཀྱི་མཆུ་སྒྲོས་ནི་བིམ་པ་ལྟར་དམར་ཞིང་མཉེན་ལ། སྐབས་སྐབས་སུ་འགུལ་ཙམ་འགུལ་ཙམ་བྱེད། འཇིལ་ལུ་ཅུང་ཆགས་པའི་མགོ་སྐྲ་ཐུང་ཐུང་དེ་ནི་ཉིད་འོད་ཀྱི་ཀློང་ན་ནག་ཅིང་མཐུག་ལ། ཁོག་སྟོད་ལ་རྩལ་གོས་དམར་བོ་དང་ཁོག་སྨད་དུ་གྱོན་པའི་དོར་མ་ནག་པོ་དེ་ནི་བར་ཚངས་ཅན་ཞིག་ལོས་ཡིན་སྙམ་པའི་བྱིས་པ་བཀྲ་ཤིས་ནི་ཇི་འདྲའི་སྙིང་རྗེ་བ་ཞིག་རེད་ཨང་།
ཉིན་གུང་གི་སྐབས་འདིར་ཉི་འོད་ཀྱི་ཟེར་མ་ནི་མེ་དཔུང་དམར་བོ་ལས་མཆེད་པའི་མེ་ཟླུམ་ཞིག་དང་འདྲ་བར་སྣོད་བཅུད་ཀུན་སྲེག་ལ་ཁད་བྱེད་ཅིང་། བཀྲ་ཤིས་ཀྱི་དབྱེས་ཆེ་བའི་ཐོད་པ་ན་འཛུམ་པའི་རྔུལ་ཆུ་དག་ནི་འོད་ཀྱི་ལྡོག་འཕྲོ་དང་བསྟུན་ནས་གསལ་ཀྲིག་ཀྲིག་འཚེར།
ཡུད་ཙམ་ནས་བཀྲ་ཤིས་ཀྱིས་ཕུ་རུང་ཡར་བརྫེས་ཤིང་ལག་པ་ཆུ་ནང་དུ་བརྐྱངས་ཏེ་ཁ་ངོ་དང་མགོ་ལ་ཆུ་བརྒྱབ་སྟེ་ཚ་གདུག་ལ་བསིལ་བ་བསྟེན། ཤག་ཤག་གིས་མར་ནས་མར་ལ་འབབ་པའི་ཆུ་བོའི་བཞུར་སྒྲ་དང་རླན་ཞིང་འཁྱགས་པའི་ཆུའི་བསིལ་བ་ལས་བཀྲ་ཤིས་ཀྱི་དྭངས་གཙང་གི་སེམས་པ་དེའང་ཤག་ཤག་ངང་བཞུར་བའི་ཆུ་ཕྲན་ཞིག་དང་འདྲ་བར་རྒྱང་ནས་རྒྱང་ལ་བཞུར་ཞིང་དེའི་ནང་དུ་དགའ་སྐྱོ་ཆགས་སྡང་གི་གཟུགས་བརྙན་ཅི་ཡང་འཆར།
“ང་མུ་མཐུད་དུ་སློབ་གྲྭར་སོང་ནས་ངའི་དགེ་རྒན་ལྟ་བུ་ཞིག་བྱེད་དགོས། ཕྱི་རོལ་གྱི་འཇིག་རྟེན་ནི་ཅི་འདྲ་ཞིག་ཡིན་ནམ། དགེ་རྒན་གྱིས་བཤད་ན་ཕྱི་རོལ་ན་ཡུལ་ཕྱོགས་འདིའི་བྱིས་པ་སུས་ཀྱང་མཐོང་མ་མྱོང་བའི་རྩེད་ཆས་སྣ་ཚོགས་ཡོད་པར་བཤད་ལ།
ད་དུང་བྱིས་པ་རྣམས་ལ་ཆེད་དུ་ལས་པའི་རྩེད་ཁང་ཆེན་པོ་ཞིག་ཀྱང་ལས་ཡོད་ཟེར། ང་ནར་སོན་ན་ཕྱི་རོལ་དུ་འགྲོ་དགོས། ”
བཀྲ་ཤིས་ཀྱི་གདོང་ལ་ཟེར་མ་ལྟར་འཁྱུག་པའི་འཛུམ་ཞིག་ཕྱུངས་ཤིང་མུ་མཐུད་དུ་དགེ་རྒན་གྱིས་ཉིན་དེར་བཤད་པའི་ཕྱི་རོལ་གྱི་འཇིག་རྟེན་ལ་བསམ་བློ་བཏང་། གླང་བོ་ཆེ་ཞིག་དལ་གྱིས་འགྱིང་བ་དང་འདྲ་བའི་རི་བོ་འདིའི་ཕར་ནང་ནི་ཕྱི་རོལ་གྱི་འཇིག་རྟེན་ཨེ་ཡིན་ནམ། བཀྲ་ཤིས་ཀྱིས་མིག་གཉིས་འཛུམ་ཙམ་འཛུམ་ཙམ་བྱེད་ཀྱིན་ལུང་ཁོག་འདིའི་ཉིན་ངོས་ཀྱི་གླང་ཆེན་རི་ལ་ཅེར་བ་ནི་དེ་ལྟར་བཤད་པ་དང་མཚུངས།
སྐབས་དེར་ཁོའི་སྙིང་རྗེ་བའི་ངོ་གདོང་ཆུང་ཆུང་དེར་བརླན་བཤེར་གྱི་དྲོད་ཀྱིས་ཁྱབ་པའི་དངོས་པོ་གང་ཞིག་གིས་རྩུབ་རེག་རེག་དང་ཚ་བེར་རེ་བཏང་སོང་། བཀྲ་ཤིས་སྐྲག་མ་དངས་ཀྱིས་སྟོང་འདང་ལས་ཕྱིར་འཐེན་ཞིང་རྣམ་རིག་གཅིག་ཏུ་བསྡུས་ནས་མཉམ་འཇོག་དུས་ཁོ་ཚང་གི་བ་རྒན་མ་དཀར་བོས་ཡང་བསྐྱར་རང་གི་ངོ་ལ་ལྕེ་ལྡག་བྱེད་གྲབས་ཡོད་པ་མཐོང་། བཀྲ་ཤིས་སྔར་བཞིན་ཆུ་མོའི་འགྲམ་དུ་གུམ་ཙོག་གིས་བསྡད་འདུག་ཅིང་།ཁ་ནས་འབྲུ་མི་གསལ་བའི་སྣ་གླུ་ཞིག་ལེན་བཞིན་ཁོའི་དྭངས་གཙང་གི་ཡིད་སེམས་ཕྲ་མོ་དེ་ཁྲུང་ཁྲུང་ཞིག་དང་འདྲ་བར་རྒྱང་ནས་རྒྱང་ལ་འཕུར་དྲགས་པས་ཁོས་བ་རྒན་མ་དཀར་བོ་རང་གི་འཁྲིས་སུ་ཇི་ལྟར་ཐོན་པའང་མ་ཚོར། བཀྲ་ཤིས་ལ་བྲེལ་ཤ་ཞིག་ལངས་ཏེ་བ་རྒན་མར་ལག་པས་ཡང་མོར་རྡེག་པ་ན། བ་རྒན་མས་ཀྱང་སུན་སྣང་གི་ཉམས་ཤིག་མངོན་བཞིན་མགོ་སྒུར་ཏེ་ཡང་བསྐྱར་ཆུ་ཅུམ་ཙམ་འཐུང་རྗེས་རྔ་མ་གཡུག་གཡུག་བྱེད་ཀྱིན་ལུང་བའི་སྲིབ་ངོས་སུ་བུད་སོང་། བཀྲ་ཤིས་ད་བཟོད་ཡར་ལངས་ཏེ་ལུང་བའི་སྲིབ་ངོས་སུ་གྲམ་ཡོད་པའི་ཕྱུགས་ཟོག་ལ་ལྟ་བཞིན་ཡང་བསྐྱར་རྩིས་གྲངས་ཤིག་བླངས།
“གཅིག གཉིས། གསུམ། བཞི། ལྔ་་་་་་་”
དེ་རིང་བཀྲ་ཤིས་ཀྱིས་འཚོས་ཡོད་པའི་ཕྱུགས་ཟོག་ཚང་མ་སོས་དལ་བག་ཕེབས་ངང་རང་རང་སར་རྩྭ་ཆུ་ལ་རོལ་བཞིན་འདུག་ཅིང་། ད་ལྟ་ནི་ཉིན་གུང་ཡིན་པས་ཚ་གདུག་གིས་གཙེས་པའི་ལུང་གྲོག་འདི་ནི་མེས་དྲགས་ཏུ་ངར་བའི་ཚལ་ཟངས་ཞིག་དང་འདྲ་བར་ཚ་ལམ་ལམ་བྱས་ཏེ་དབུགས་ཀྱང་རྔུབ་དཀའ་བའི་ཚོར་བ་སྟེར། “བ་རྒན་མ། ང་ལ་སྒུགས།”བཀྲ་ཤིས་ཀྱིས་ཕྱུགས་ཟོག་ཁ་ཚང་བ་ཤེས་རྗེས། བ་རྒན་མའི་ཕྱོགས་སུ་སྐད་ཆེན་པོས་འབོད་ཀྱིན་བརྒྱུགས་སོང་སྟེ་བ་རྒན་མའི་རྔ་མར་འཇུས་ཤིང་དེ་ནས་ཡང་བསྐྱར་འབྲུ་མི་གསལ་བའི་སྣ་གླུ་ཞིག་ལེན་མགོ་བརྩམས། ཁོ་དང་བ་རྒན་མ་དཀར་བོ་གཉིས་ཐད་ཀར་ལུང་བའི་སྲིབ་ངོས་ཀྱི་གསོམ་སྡོང་ཆེན་པོ་ཁེར་སྐྱེས་ཤིག་ཡོད་པའི་བསིལ་གྲིབ་འོག་ཏུ་མ་གྲོས་རང་མཐུན་གྱིས་སོང་། ལུང་བའི་སྲིབ་ངོས་ནི་ལྟོས་བཅས་ཀྱིས་ཚ་བ་ཅུང་ཆུང་ཞིང་ད་དུང་རྩྭ་ལྡུམ་མང་བོ་སྐྱེས་ཡོད་པས་སྤང་ཐང་ལྟ་བུ་ཞིག་ཏུ་གྲུབ་ཡོད།
བཀྲ་ཤིས་ཀྱིས་ནམ་རྒྱུན་དྲོས་ཇ་འཐུང་ས་ནི་གསོམ་སྡོང་ཆེན་པོ་དེའི་རྩར་ཡིན་ཞིང་། དེ་རིང་ཡང་ཁོས་སྔར་བཞིན་རང་གི་འཁུར་ཁུག་ལས་གོ་རེ་ཕྱེད་ཀ་ཞིག་དང་ཇ་ནག་བླུགས་ཡོད་པའི་འགྱིག་དམ་དེ་བླངས་ནས་ཆེས་སྟབས་བདེ་ཡིན་པའི་གུང་ཇ་ཞིག་འཐུང་མགོ་བརྩམས། སྐབས་དེར་བ་རྒན་མ་དཀར་བོ་སྔ་མོ་ནས་ཐང་ལ་ཉལ་ནས་སྐྱུག་ལྡད་ཀྱིས་གནས་གང་ཞིག་ལ་རྒྱང་ལྟ་བྱེད་བཞིན་ཡོད་ཀྱང་། བཀྲ་ཤིས་ཀྱི་བྲོ་ཁའི་དྲི་མ་ཚོར་མ་ཐག་ཁ་ཚུར་འཁོར་ཏེ་སྣོམ་ཙམ་སྣོམ་ཙམ་བྱས་རྗེས། ཡང་བསྐྱར་སྐྱུག་ལྡད་བྱེད་ཀྱིན་གནས་གང་ཞིག་ལ་རྒྱང་ལྟ་བྱས་བྱུང་།
བཀྲ་ཤིས་ཀྱི་ཕོ་བ་འགྲངས་རྗེས་ཁོའང་བ་རྒན་མའི་འགྲམ་དུ་གན་རྐྱལ་དུ་ལོག་ནས་ནམ་མཁར་ཐ་ཐོར་གྱིས་རྒྱུ་བའི་སྤྲིན་པ་ལེབ་མོ་དེ་དག་ལ་ཞིབ་ལྟ་བྱས། ལྷོ་ཕྱོགས་ན་དལ་གྱིས་ཡར་ལ་འཕྱོ་བའི་སྤྲིན་ལེབ་དེ་ནི་བུ་མོ་ཞིག་དང་འདྲ་ལ། བལྟས་ཀྱིན་བལྟས་ཀྱིན་བཀྲ་ཤིས་ཀྱི་མིག་ལམ་དུ་རང་གི་ཨ་མ་ཤར་བྱུང་། ཨ་མས་ཁྱིམ་དུ་ཁྱིམ་ལས་ཙག་ཙིག་རེ་ལས་བཞིན་རང་ཉིད་བ་རྫི་ལས་ཕྱིར་ཐོན་པར་སྒུག་ཡོད་ཅིང་། མོས་དོ་དགོང་མཐེབ་ཐུག་ཞིམ་པོ་ཞིག་བསྐོལ་ཡོད་ཀྱང་སྲིད། བཀྲ་ཤིས་ཀྱིས་ག་ལེར་མཆིལ་མ་སྒོག་མིད་ཅིག་བྱས་ཤིང་དེ་དང་མཉམ་དུ་མུ་མཐུད་ནས་ནམ་མཁའི་སྤྲིན་ཕུང་ལ་བལྟས།
“ཨ་མས་བཤད་ན། འཁོར་བ་ནི་སྡུག་གི་རྒྱ་མཚོ་དང་། ཆུང་མ་ནི་དུག་སྦྲུལ་སྔོན་མོ་ཡིན་ཟེར། འཁོར་བ་ཟེར་བ་ནི་ཅི་ཞིག་ཡིན་ནམ།ཨ་མས་བཤད་ན། གྲྭ་བ་བྱས་ན་ཚེ་འདི་ཕྱི་གཉིས་ལ་བདེ་སྐྱེད་ལྡན་ཟེར། གྲྭ་བ་ཡིན་ན་ཀུན་གྱིས་ཕྱག་འཚལ་ས་དང་བཀུར་བསྟི་ཆེན་པོ་བྱེད་པས། ང་རང་ནར་སོན་ན་གྲྭ་བ་ཞིག་བྱེད་དགོས། གྲྭ་བ་ལ་ཧ་ཅང་བརྗིད་ཉམས་ཆེ། ཧེ་ཧེ། ”
བཀྲ་ཤིས་ལ་ཁོང་དགོད་ཅིག་ཤོར་ཞིང་ངོ་ནས་ཡིད་ཚིམ་པའི་འཛུམ་མདངས་ཡ་མཚན་ཞིག་ཕྱུངས། བྱང་ནས་ཤར་དུ་བསྲིངས་པའི་སྤྲིན་ཕུང་དེ་ནི་རྟ་མཆོག་རྒོད་པོ་ཞིག་དང་འདྲ་ཞིང་། རྟ་མཆོག་དེ་དལ་གྱིས་ཤར་ནས་ཤར་དུ་བསྐྱོད་པའི་མཐར་མཆོད་རྟེན་དཀར་བོ་ཞིག་ཏུ་གྱུར་སོང་། བཀྲ་ཤིས་ཀྱིས་མཆོད་རྟེན་དེ་ལ་ལྟ་བཞིན་སེམས་སུ་རང་གི་ཨ་ཕ་དངོས་གནས་མཆོད་རྟེན་ལ་བསྐོར་བ་བྱེད་དུ་སོང་བ་ཨེ་ཡིན་ནམ། ད་ལྟའི་བར་དུ་ཨ་ཕ་ཅིའི་ཕྱིར་མ་ཐོན། བཀྲ་ཤིས་ཀྱིས་ཤུགས་རིང་ཞིག་འཐེན།
“བཀྲ་ཤིས། ཁྱོད་ཀྱི་ཨ་ཕ་རྒྱང་རིང་གི་ཡུལ་ཞིག་ལ་བུད་སོང་བ་རེད། གནས་དེ་ན་ཁོས་ཉིན་རྒྱུན་མཆོད་རྟེན་དཀར་བོ་ཞིག་ལ་བསྐོར་བ་རྒྱག་བཞིན་ང་ཚོར་སྒུག་ནས་ཡོད། རྗེས་སུ་ང་ཚོའང་གནས་དེར་འགྲོ་དགོས།”
བཀྲ་ཤིས་ཀྱིས་ཨ་མས་བཤད་པའི་སྐད་ཆ་དེ་སེམས་ལ་དྲན་བཞིན་མུ་མཐུད་དུ་མཆོད་རྟེན་གྱི་དབྱིབས་སུ་ཆགས་པའི་སྤྲིན་ཕུང་ལ་བལྟས། སྤྲིན་ཕུང་དེ་མཆོད་རྟེན་ནས་སེང་གེ་དང་། སེང་གེ་ནས་བྱི་ལ། བྱི་ལ་ནས་འབྲོག་ན་ཡོད་པའི་ལུ་གུ ། ལུ་གུ་ནས་མཐར་སྦྲ་ནག་གཅིག་ཏུ་གྱུར་སོང་།
བཀྲ་ཤིས་ཀྱིས་མིག་ཟུང་འབྱེད་མ་འཛུམ་གྱིས་མུ་མཐུད་དུ་སྦྲ་ནག་དེར་ལྟ་སྐབས། སྦྲ་ནག་དེའང་བྱིས་པ་འགའ་རུ་གྱུར་ཞིང་། བྱིས་པ་ཁོ་ཚོ་ཐང་ཡངས་པའི་རྩྭ་ཐང་ཞིག་ན་རྒྱུགས་རེས་བྱེད་ཀྱིན་འདུག་ལ། ཁོ་ཚོའི་དགོད་སྒྲ་ནི་སྙན་ཞིང་འཇེབས་པའི་གླིང་བུའི་དབྱངས་རྟ་ཞིག་དང་འདྲ་བར་རྩྭ་ཐང་ཡངས་བོར་ཁྱབ་བྱུང་།
བྱང་ནས་ཤར་དུ་དལ་གྱིས་རྒྱུ་བའི་སྤྲིན་པ་ལེབ་མོ་དེ་དག་དང་མཉམ་དུ་བཀྲ་ཤིས་ཀྱི་མིག་ཟུང་ག་ལེར་ག་ལེར་བཙུམས། སྤྲིན་ལེབ་དེ་དག་ནི་གཉིད་གླུ་ཞིག་དང་འདྲ་བར་བཀྲ་ཤིས་ཅི་ཡིན་འདི་ཡིན་མེད་པར་རྨི་ལམ་གྱི་ཞིང་ལ་ཁྲིད། བཀྲ་ཤིས་ཀྱི་སྙིང་རྗེ་བའི་ངོ་གདོང་ཆུང་ཆུང་དེར་ཟོལ་མེད་ཀྱི་འཛུམ་ཆུང་ཞིག་མངོན་ནས་གཉིད་ལ་ཡུར་འདུག ཉིན་གུང་གི་ཚ་གདུག་ནི་སྔར་བཞིན་ཚ་ཞིང་སྲེག་ལ། ཆུ་བོའི་ཕ་རོལ་གྱི་ཉིན་ངོས་ན་དྲེལ་བོང་འགས་སྔར་བཞིན་མགོ་སྒུར་ནས་རྩྭ་ཟ་བཞིན་ཡོད་པ་ལས། བ་ལང་རྣམས་ནི་ཐ་ཐོར་གྱིས་ཐང་ལ་ཉལ་ཏེ་མིག་མདངས་སུ་སྒྱིད་ལུག་གི་ཉམས་ཤིག་ཤར་ནས་གནས་གང་ཞིག་ལ་རྒྱང་ལྟ་བྱེད་པ་དང་མཚུངས།གསོང་སྡོམ་ཆེན་པོ་ཁེར་སྐྱེས་དེའི་གྲིབ་བསིལ་འོག་ན། བཀྲ་ཤིས་ནི་ཁོ་ཚང་གི་བ་རྒན་མ་དཀར་བོ་དེའི་ཕག་ན་བདེ་བར་གཉིད་ལ་ཞུགས་ཡོད་ཅིང་། ཞིབ་ཏུ་ཉན་ན་ཁོས་འཐེན་པའི་རྔུར་སྒྲ་ཡངས་མོ་དེ་ནི་གསལ་ལ་མི་གསལ་བའི་ཚུལ་གྱིས་གྲགས་འོང་།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ངེད་ཀྱི་ཆོག་མཆན་མེད་པར་འཁྱེར་མི་ཆོག)

བསྟོད།16

དཔྱད་མཆན་སྤེལ།