སྤུན་ཟླ་ལགས། ངའི་མིག་ཆུའི་མཆོད་པ་འདི་སེམས་ཀྱིས་བཞེས་རོགས་ཞུ།

— ༤· ༢༥ས་ཡོམ་ཆག་འཇིག་ཁྲོད་རྐྱེན་ལམ་དུ་ཤོར་བའི་བོད་དང་བལ་བོའི་སྤུན་ཟླ་ཡོངས་ལ་ཕུལ་བ།


ཉིན་དེའི་ཕྱི་དྲོར  ངས་སྐྱ་མདོག་གི་ནམ་མཁར་བལྟས་ཙ་ན
གློ་བུར་དུ   མཐོངས་ཀྱི་ཉི་མ་དམར་པོར་གྱུར་ཞིང
སྤྲིན་པ་དང་ས་གཞིའི་ཁ་དོག་ཀྱང་དམར་པོར་གྱུར་ཏེ
མེ་ཏོག་ཁྲི་ཕྲག་སྐད་ཅིག་ལ་རྙིད་མགོ་བརྩམས་ནས
སྐྱེད་ཚལ་ཆེན་པོ་ཞིག་མེ་ལ་ཤོར་བ་ལྟར་འཇིག་སོང
དག་ཞིང་གསོན་པོ་ཞིག་ཆུ་ལ་ནུབ་པ་ལྟར་ཡལ་སོང
ས་སྒང་ཧྲིལ་བོར་འཐིབས་པའི་མུན་པའི་ཀློང་དུ
མིག་ཆུ་དང་ཟུངས་ཁྲག་གིས་སྦངས་པའི་རྒྱུས་ཡོད་ཀྱི་ངོ་གདོང་དེ་དག
ས་ཆེན་པོའི་གཡོ་སྐྱོམ་གྱི་ཁྲོད་ན་ངུ་སྔངས་དང་འཕག་འཚག་བྱེད་ཅིང
དབུགས་རྒྱུན་ཤོར་ཡོད་མེད་གཉི་གའི་ཚེ་སྲོག་གི་འདུ་བྱེད་དེ་དག
སྲང་ལམ་གྱི་གཡས་གཡོན་དང་ས་འོག་ཏུ་བཀྲེས་སྐོམ་གྱིས་མནར་ཏེ
མི་ཤི་ཁྱིམ་སྟོང་གི་སྡུག་བསྔལ་མངོན་སུམ་དུ་མྱོང་བཞིན་ཡོད
སྐབས་དེ་དག་ལ  ངས་རྒྱང་རིང་ནས་མ་ཎི་ཚར་རེ་འདོན་གྱིན
སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་བའི
གསོལ་འདེབས་དང་སྨོན་ལམ་རེ་རྒྱག་པ་ལས
ཧི་མ་ལ་ཡའི་ཕྱི་ནང་གི་སྤུན་ཟླ་དེ་དག་ལ་ཅི་ཡང་ཞུ་མ་ནུས
དེའི་ཕྱིར མིག་ཆུ་འདི་ངའི་གློ་སྙིང་མཆིན་གསུམ་བརྡོལ་ནས་བཞུར་སོང


འཕྲིན་ལམ་ནས་མཐོང་དུས  མཆོད་རྟེན་དེར་གས་ཁ་ཤོར་འདུག
གཞུང་ལམ་དེ་ཉིས་གཤགས་བགྱིས་འདུག
ཁང་ཁྱིམ་བརྡིབས་ཤིང་བེམ་པོ་སྤུངས་འདུག
བྱིས་པའི་ངུ་སྐད་ཅིག་རྣ་ལམ་དུ་འཁོར་ཡོང་ཞིང
དྲིན་ཆེན་སྐྱེད་མ་ཞིག་ས་རྡུལ་གྱིས་མནན་འདུག
ལྟར་མི་བཟོད་ལ་དྲན་ཡང་མི་ཕོད་པ་འདི་དག
ངའི་རུས་གསེང་དུ་ཧར་གྱིས་འཛུལ་འོངས་ཏེ
འབྱུང་ཁམས་ཀྱི་བཏང་སྙོམས་དཀྲུགས་ཤིང་མཚན་གྱི་རྨི་ལམ་འཕྲོག་སོང
སྐད་སྒྲ་མེད་པའི་མིག་ཆུ་རྡོག་པོ་དེ་དག
ངའི་མཁུར་མགོ་ལས་ལྷུང་སྟེ་བྲང་གཞུང་བརླན་སོང
གནམ་སྔོན་པོ་ཨང  འདི་ནི་ས་ཆེན་ཁྲོས་པའི་སྒྱོགས་མདེལ་ཡིན་ནམ
ཅིའི་ཕྱིར་ཡུལ་གྲུ་འདི་གར་ལྷུང་དགོས་སམ
ས་ཆེན་པོ་ཨང   འདི་ནི་ལྷ་སྲིན་སྡང་བའི་རྟགས་མཚན་ཡིན་ནམ
ཅིའི་ཕྱིར་གནས་མཆོག་འདི་གར་འཆར་དགོས་སམ
གང་ལྟར  སྨག་ནག་གི་ལོ་ངོ་འདི་ཚོར
ཧི་མ་ལ་ཡའི་རི་རྒྱུད་དུ་སྡུག་བསྔལ་གྱི་རྦ་རླབས་འཕྱུར་ཏེ
ཚེ་སྲོག་གྲངས་མེད་མི་ཡུལ་དང་གྱེས་པ་བདེན་དོན་དུ་གྲུབ


ཉིན་མཚན་ཁ་ཤས་ཀྱི་རྗེས་སུ
ངས་ཐག་ཉེ་སའི་དགོན་པ་ཆུང་ངུ་ཞིག་ཏུ
མཆོད་མེ་རྐོང་བུ་རེ་རེ་སེར་ལམ་མེར་སྦར་དུས
གཟན་ཤམ་དམར་པོ་དེ་དག ངོ་ཤེས་རྙིང་བ་དེ་དག
སྔ་མོ་ནས་མ་བསྐུལ་དང་བླངས་སྒོས་ཁྱེད་ཀྱི་གམ་ལ་བསླེབས་འདུག
དཔའ་མཛངས་རྟུལ་ཕོད་ངང་ཁྱེད་ཀྱི་སྡོང་གྲོགས་སུ་བྱོན་འདུག
ཁོང་ཚོས་ཡུལ་མི་ཚོས་རྒྱང་ནས་བསྐུར་བའི་འཚམས་འདྲི་དང་བྲོ་ཁ
སེམས་ཁོང་ནས་བཏེགས་པའི་བྱམས་དང་སྙིང་རྗེ
སེམས་ཅན་གྲངས་མེད་ཀྱི་དཔའ་དང་སྙིང་སྟོབས་ཁུར་ཏེ
ཁྱེད་ཚོའི་སྐུ་དྲུང་དུ་ཚམ་ཚོམ་མེད་པར་ཡོང་ནས
ཤི་གསོན་གྱི་འཕྲང་ལམ་ལ་འཐབ་མོ་འགྱེད་ཀྱིན་འདུག
ས་ཆེན་གྱི་མནར་གཅོད་ལ་ཡ་ལན་སྤྲོད་ཀྱིན་འདུག
བེམ་པོ་རེ་རེར་བསྐྱར་གསོན་གྱི་རེ་བ་བསྩོལ་གྱིན་འདུག
རྣམ་ཤེས་རེ་རེར་དག་ཞིང་གི་ལམ་བུ་སྟོན་གྱིན་འདུག
འདི་དག་མཐོང་བས་ངས་མི་ཡུལ་གྱི་བྱང་ཆུབ་དྲན་ཞིང
འདི་དག་མཐོང་བས་ངས་ལྷ་ཡུལ་གྱི་སེམས་དཔའ་དྲན་བྱུང
གང་ལྟར  གཟན་ཤམ་དམར་པོ་ལྟ་བུའི་སེམས་ཅན་གྲངས་མེད་ཀྱི་འདུ་བྱེད་འོག་ཏུ
ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱེད་ཚོ་ནམ་ཡང་ཀ་རྡོ་བཞིན་བརྟན་དགོས་ཤིང
ཧི་མ་ལ་ཡའི་ཕྱི་ནང་གི་ཁྱེད་ཚོ་གཏན་དུ་གསོམ་ཤིང་བཞིན་སྔོ་དགོས
འདི་ནི་རྒྱང་རིང་ནས་སྤུན་ཆུང་དུ་མས་ཁྱེད་ཚོར་བཏེགས་པའི་སེམས་ཤུགས་ཡིན་ཞིང
འདི་ནི་རྒྱང་རིང་ནས་སྨན་ཆུང་དུ་མས་ཁྱེད་ཚོར་བསྐུར་བའི་རེ་བའང་ཡིན་ཏེ
རྒྱང་རིང་རྒྱང་རིང་གི་ང་ཚོར
ཅི་བྱ་གཏོལ་མེད་ཀྱི་ང་ཚོརམིག་ཆུས་བྲིས་པའི་སྙིང་གཏམ་གྱི་མཆོད་པ་འདི་ལས་ཅི་ཡང་མེད་པས
སྤུན་ཟླ་ལགས  ངའི་མིག་ཆུའི་མཆོད་པ་འདི་སེམས་ཀྱིས་བཞེས་རོགས་ཞུ

                     ༢༠༡༥ལོའི་ཟླ༥བའི་ཚེས ༥ ཉིན་གྱི་མཚན་གུང་ལ་དར་རྩེ་མདོ་རུ་སྦྱར།

བསྟོད།6

དཔྱད་མཆན་སྤེལ།