ཆེ་ཆུང་དང་ཆེ་ཆུང་། (ལྷུག་རྩོམ)

212
འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ཀྱི་སྟེང་དུ་མི་རྟག་སྒྱུ་མའི་རང་མདངས་ཆེམ་ཆེམ་དུ་འཕྲོ་ཞིང་། དེ་ཡང་མངོན་དང་མི་མངོན་དང་གསལ་དང་མི་གསལ། ཟིན་དང་མི་ཟིན་སོགས་ཀྱི་ཕྲ་རགས་ཀྱི་ཁྱད་པར་སྣ་ཚོགས་ཡོད་པ་ཙམ་ལས། དོན་ལ་ཐམས་ཅད་ནས་ཐམས་ཅད་འཕོ་འགྱུར་གྱི་རླབས་རྩེར་འཇགས་མེད་དུ་འགྱུ་བ་ནི་སྲིད་པ་འདི་གའི་རྩ་བའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པ་བཞིན། མི་ཞིག་གི་ནར་སོན་གྱི་གོ་རིམ་ཞེས་པའང་། མདོར་ན། མི་སྣ་གང་དེའི་ལུས་སེམས་ལ་འཕོ་འགྱུར་བྱུང་བ་སྟོན་པའི་བརྡ་ཐབས་གཞན་ཞིག་ཡིན་པ་རེད།

ཆུང་ཆུང་བྱིས་པའི་དུས་ནས་ཕོ་ལོ་སུམ་ཅུའི་ར་བར་བརྒལ་བའི་དེ་རིང་གི་དབར་དུ། ཕྱི་ལུས་ཀྱི་འགྱུར་བ་རེ་རེ་ཇི་ལྟར་བྱུང་ཞིང་གང་ལྟར་ཡལ་བ་གསལ་བོ་དག་པོ་ཞིག་རང་ལའང་འཆད་དུ་མེད་པ་ལྟར། ནང་སེམས་ཀྱི་འཁྱེར་སོ་ཅི་ཙམ་བརྗེས་ཤིང་རྒས་པ་དེ་ལས་ཀྱང་གསལ་དུ་མེད་མོད། དགའ་སྐྱོ་ཆགས་སྡང་གི་འགྱུར་བ་རེ་རེར་རེས་གསལ་རེས་མོག་དང་སྲབ་ཡང་རིང་ཐུང་གི་རི་མོའང་མ་བཅོས་ལྷུན་གྱིས་གྲུབ་པས། མི་ལོ་བཅའ་བཅུའི་ཡར་སྔོན་གྱི་འདུ་ཤེས་འགའ་རེ་རི་ལ་སྨུག་པ་འཐིབས་ཤིང་སྤང་ལ་ལུག་ཁྱུ་བཀྲམ་པ་བཞིན། ད་ལྟའི་དྲན་འཛིན་གྱི་ངོགས་སུ་ད་དུང་རྡོ་བའི་འོག་གི་ཆུ་ཕྲན་ལྟར་ཤག་ཤག་གིས་བཞུར་བཞིན་འདུག

 

ཆུང་ངུའི་དུས་སུ། རང་སེམས་ཀྱི་ཕ་ཡུལ་དང་རང་ཡིད་ཀྱི་ཨ་མ་གཉིས་ནི་འཇིག་རྟེན་འདིའི་ཆེས་དྭངས་གཙང་དང་ཆེས་བླ་མེད་། ཆེས་ཕུན་ཚོགས་དང་ཆེས་རྨ་མེད་དུ་བལྟ་སྲིད་པ་ནི་བྱིས་པ་ཀུན་གྱི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་པ་འདྲ་ཞིང་། གཞན་ཞིག་གིས་རང་གི་ཕ་ཡུལ་གྱི་སྐྱོན་ཆ་དང་ཨ་མའི་ནོར་འཁྲུལ་གླེང་ཚེ། དེ་མ་ཉིད་དུ་ཕྱིར་རྒོལ་ཚ་ནན་བྱེད་ངེས་པ་རེད། ཁོ་བོ་སློབ་ཆུང་འགྲིམ་སྐབས། ཕྱི་དྲོའི་སློབ་ཐུན་གྲོལ་ནས་ཡུལ་ལ་མ་ཐོན་པའི་ལམ་ཁ་རུ། མཚམས་དང་སྐབས་སུ་སྡེ་བ་གཉིས་ཀྱི་བྱིས་པ་ཚོས་རུ་དཔུང་དང་སྐོར་ཁག་བསྒྲིགས་ཏེ་ཕན་ཚུན་ཁ་འཛིང་ལག་འཐབ་བྱེད་པའི་དོན་དག་འགའ་རེ་བསླངས་མྱོང་བ་དང་། ད་ལྟ་དེ་དུས་ཀྱི་"དགྲ་བོ་"ཡིན་པའི་གྲོགས་པོ་ཁ་ཤས་དང་མཉམ་དུ་འདུས་ཏེ་ཕྱིར་དྲན་གྱིས་མཛེས་སྡུག་བཀླགས་ཚེ། དོན་དག་དེ་དག་ལས། ཁ་ཤས་ཤིག་གི་རྒྱུ་འབྲས་རྐྱེན་གསུམ་ནི་རང་རང་གི་ཕ་ས་ཕ་ཡུལ་གྱི་ཆེ་ཆུང་བཟང་ངན་ཐད་ནས་ཁོག་དཔུང་ལ་རྒྱ་བརྩད་པ་ཁོ་ན་རེད་འདུག

ཁྱོད་ཚོ་སྡེ་བའི་རི་ཆུ་ནགས་གསུམ་དང་སྤང་ཐང་ཞིང་གསུམ་ཆུང་བ་མ་ཟད། མི་སྣ་ཅིག་ཅིག་ནི་བརྩོན་པ་ཆུང་བས་དཔེ་ཆ་མ་ཤེས་ཚུལ་དང་། ཉིག་ཉིག་ནི་དཔའ་རྩལ་ཆུང་བས་རྡུང་རེས་བྱ་མ་ཐུབ་ཚུལ་སོགས་རང་རེའི་སྡེ་བའི་སྣོད་བཅུད་གཉིས་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་དུས། དེ་མ་ཐག་ཏུ། ཁྱད་ཆོས་མཚོན་པའི་མིང་བརྡ་ཆུང་ཡིག་གི་ལྡོག་ཟླའི་ཐ་སྙད་ཆེ་ཡིག་མང་པོ་ཞིག་གི་དར་ཆ་མཁའ་རུ་འཕྱར་ནས་རྒོལ་ལན་སློག་པ་ནི་སྔ་རྒོལ་ཕྱི་རྒོལ་གཉིས་ཀྱི་སྣང་ཚུལ་གསོན་པོ་སྟེ། མདོར་ན། བྱ་དངོས་ཐམས་ཅད་ཀྱི་སྟེང་དུ་ཆེ་བའི་ཁྱད་ཆོས་ཡོད་ན་བཟང་བ་དང་ཆུང་བའི་ཁྱད་ཆོས་བདོག་ན་ངན་པ་རེད་སྙམ་པའི་ང་རྒྱལ་དང་སེམས་ཚེགས་ནི། དེ་དུས་ཀྱི་ང་ཚོའི་སེམས་ངོར་གསལ་བའི་ཡང་དག་གི་གཏན་ཚིགས་གཅིག་པུ་ཡིན་པ་འདྲ།

ངེད་ཅག་ཁྲོད་ཀྱི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུ་བའི་ནང་དུ། ཆུང་འབྲིང་གི་སློབ་གསོ་མྱངས་ཏེ་ཡོང་བའི་མི་ཞིག་ལ་མཚོན་ན། བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་སྒོ་འབྱེད་ཅེས་པའི་སྤྱི་ཚོགས་སྣང་ཚུལ་དང་སློབ་གསོའི་འདུ་ཤེས་ཤིག་གིས་བག་ཆགས་མ་ཐེབས་པ་ཕལ་ཆེར་མེད་ཅིང་། བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་སྒོ་འབྱེད་ཅེས་པ་སྟེ། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་མི་རིགས་མཐུན་སྒྲིལ་སོགས་ཆབ་སྲིད་ཀྱི་གནད་དོན་ཆེ་རིགས་ལ་ལག་པས་རེག་མི་ཆོག་པའི་ཕན་ཆོད་དུ། བསམ་བློ་ཇི་ལྟར་བཏང་ནས་ལས་ཀ་གང་འདྲ་ལས་ཀྱང་རང་དབང་ཡིན་ཟེར་བའི་སྲིད་བྱུས་ཤིག་གི་རླབས་སྒྲ་དང་བསྡོངས་ནས། ང་ཚོའི་མི་སྣ་ཐམས་ཅད་དཔལ་ཡོན་གཉིས་ཀྱི་ཕུན་ཚོགས་གཉེར་བར་འདུར་རྒྱུག་གིས་བྲེལ་བ་རེད།

དཔལ་འབྱོར་འཐོབ་པར་སྐྱིད་ཉལ་བརྒྱབ་ན་མི་ཡོང་བ་སུས་ཀྱང་ཤེས་པས། རང་གི་ལག་ཟུང་བཅིངས་འགྲོལ་ཐོབ་པའི་གོ་སྐབས་དང་བསྟུན་ནས་མི་སྣ་མང་པོ་ཞིག་གིས་དཔལ་འབྱོར་གཉེར་བའི་ཐབས་ལམ་ཡག་ཤོས་གཅིག་ནི། ཕྱི་རོལ་གྱི་ཐོན་ཁུངས་ལ་སྔོན་འདོན་བྱེད་རྒྱུ་ཡིན་པར་ངེས་ཤེས་ཟབ་མོ་རྙེད་ཅིང་། དེ་མ་ཐད་ཏུ། ཁོ་བོའི་ཡིད་ན་མཛེས་སྡུག་གིས་འཚེར་ཞིང་སྡེ་བ་གཞན་གྱི་སློབ་མ་ཚོར་ལབ་ཀྱིས་མགོ་བོ་གཅོག་བྱེད་དུ་བཞེངས་འདྲའི་རི་བོའི་གཏེར་ཁ་དང་ནགས་ཀྱི་རྔམ་ཁ་ཡོད་ཚད་ཀྱི་སྐེ་ལ་རལ་གྲི་བཞག་སྟེ་དཔལ་འབྱོར་གཉེར་བྱུང་། སྒོར་མོ་རྙེད་བྱུང་། ཕྱུག་པོར་གྱུར་སོང་།

དེ་དང་དེ་འདྲའི་ཕྱི་རོལ་གྱི་དཔལ་འབྱོར་གཉེར་སྟངས་དང་དགེ་རྒན་གྱི་འདུ་ཤེས་འཇོག་སྟངས། བསླབ་དེབ་ཀྱི་ནང་དོན་སོགས་སུ་དང་གང་གིས་ཤན་ཤུགས་ཐེབས་པ་མི་གསལ་མོད། དམའ་འབྲིང་དང་འབྲིང་རིམ་དུ་དཔེ་ཆ་འདོན་སྐབས། སློབ་ཆུང་གི་ལོ་རིམ་དམའ་དུས་སུ་ཡོད་མྱོང་བའི་སེམས་ཀྱི་ང་རྒྱལ་མང་པོ་ཞིག་གི་མགོ་བོ་རང་ཤུགས་ཀྱིས་ནང་དུ་དུད་སོང་། སྔོན་གྱི་རི་ཆུ་ནགས་གསུམ་སོགས་ཇི་ལྟར་ཆེ་ན་དེ་ལྟར་བཟང་སྙམ་པའི་དྲན་ཚུལ་ལ་འགྱུར་བ་བྱུང་སྟེ། རང་བྱུང་ཁམས་ནི་གནམ་བསྐོས་ལྷ་ཡིས་གནང་བ་མ་རེད་ལ་འོག་མ་ཀླུ་ཡིས་བསྩལ་བའང་གཏན་ནས་ཡིན་མི་སྲིད་པས། དེའི་ཐོན་ཁུངས་ལ་སྔོན་འདོན་བྱ་རྒྱུ་ནི་མི་རྣམས་ཀྱི་འགན་ཁུར་ཡིན་པ་དང་། གལ་སྲིད་དེ་ལྟར་མ་ནུས་ཚེ། རང་བྱུང་གི་ཐོན་ཁུངས་དེ་དག་ལ་རིན་ཐང་ཅི་ཡང་མེད་ཅིང་། དེ་དང་དེའི་བདག་པོ་ཐམས་ཅད་ནི་དངོས་གནས་རྨོངས་དད་ཀྱི་རྒྱལ་བོ་དང་རྗེས་ལུས་ཀྱི་བློན་པོ་རེད་འདོད།

ཕྱི་རོལ་གྱི་གྲོང་ཁྱེར་ཆེན་པོ་དང་ཁང་བ་བརྗིད་པོ། གཞུང་ལམ་ཡངས་པོ་དང་ཟམ་པ་བདེ་མོ། འཚོང་ཁང་ཆེན་མོ་དང་གཏེར་ཁ་འཛོམས་པོ་སོགས་མིག་ལ་མངོན་ཞིང་ཡིད་ལ་དྲན་ཐེངས་རེར། ཆུང་དུས་ཆེན་པོར་འདོད་པའི་རང་ཡུལ་གྱི་རི་ཆུ་ནགས་གསུམ་དང་སྤང་ཐང་ཞིང་གསུམ་ནི་ཆུང་ངུ་ཆུང་ངུ་ཞིག་དང་མདོག་མེད་སྐྱ་ཐལ་ཞིག་ཏུ་སྣང་ཞིང་མཐོང་ལ། སྐྱ་ཐལ་ཐལ་གྱི་ཡུལ་ལྗོངས་འདི་གར། ལྗང་མདོག་གི་མྱུ་གུ་སྐྱེ་བར་རང་ལུས་གཏུན་ཤིང་བྱེད་ཕོད་པ་ལྟ་བུའི་སེམས་བྱུང་ཡང་རྒྱུན་དུ་འཁོར་ཡོང་། ན་གཞོན་གྱི་གསོན་ཤུགས་དང་གསར་བུའི་ང་རྒྱལ་ ཁེབས་ཀྱིས་འཆགས་ཡོད་པའི་དེ་དུས་ཀྱི་ཁོ་བོའི་བསམ་བློ་དང་དྲན་ཚུལ་ནི། སྙན་ངག་པ་འབྲོང་ལགས་ཀྱི་སྙན་ཚིག་ཅིག་གིས་མཚོན་ཆོག་པ་ཡིན་ཏེ། ང་ཕ་ཡུལ་ན་ཡོད་དུས་ཕ་ཡུལ་ཧ་ཅང་ཆེ། ཕྱིར་ཕ་ཡུལ་ལ་ལྟ་དུས་ཕ་ཡུལ་ཧ་ཅང་ཆུང་ཞེས་པ་འདི་ཁོ་ནའོ།།

ན་གཞོན་གྱི་གསོན་ཤུགས་ནི་ཞོགས་དུས་ཀྱི་ཉི་མ་དང་དཔྱིད་དུས་ཀྱི་ལྗང་བུ། དབྱར་དུས་ཀྱི་དྲག་ཆར་སོགས་དང་འདྲ་བོ་ཡོད་པས། སྐབས་རེར་ཚད་བརྒལ་གྱི་མཆོངས་སྐྱོད་དང་འདའ་འདས་ཀྱི་འཕུར་ལྡིང་མང་བ་ཡང་ཆོས་ཉིད་ཡིན་པ་དང་། འདའ་དང་འདས་དང་བརྒལ་གྱི་ཟ་ཟུར་ན་གོ་རིམ་བཞིན་མ་སོང་བའི་ཞད་ལད་ཞོར་སྐྱོན་མང་བའང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པ་རེད། མི་ལོ་སུམ་ཅུའི་ལུས་སེམས་འཕོ་འགྱུར་གྱི་ཚདགཞི་ནས་བལྟས་ན། དེ་དུས་ཀྱི་དྲན་གཞིགས་དང་ལག་ལེན་མང་པོ་ཞིག་ལ་ཉུང་ངུ་དང་ཐུང་ངུ་། སྲབ་བུ་དང་ཡང་མོ་སོགས་ཀྱི་ངན་ཆ་བརྩེགས་མ་མང་པོ་ཞིག་མཐོང་དུ་ཡོད་ནའང་། བྱུང་འདས་ཀྱི་བྱ་བ་གང་ཡང་། དུས་སྐབས་དེའི་རྒྱབ་ལྗོངས་ཀྱི་ངོགས་སུ་བཞག་སྟེ་དབྱེ་ཞིབ་བྱས་ན་དོན་དངོས་དང་ཉེ་ཤོས་ཆེ་བ་ལྟར། ན་གཞོན་གྱི་བྱ་བྱེད་གང་ཡང་ཁོ་ཚོའི་ལང་ཚོ་དང་གསོན་ཤུགས། སྤྱི་ཚོགས་དང་རིག་གནས་སོགས་ཀྱི་ར་བར་བླངས་ནས་བལྟས་ན། དེ་ལ་དོན་མེད་ཀྱི་དགག་རྒྱག་ནན་མོ་དང་དགོས་མེད་ཀྱི་སྡིག་དམོད་སྐོར་ལོག་བྱེད་དགོས་དོན་ཡང་ཅི་ཞིག་ཡོད།

མ་ཟད་དུ། ན་གཞོན་རྣམས་ཀྱི་དེ་དང་དེ་ལྟའི་བསམ་བློ་དང་ལག་ལེན་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་ཕ་ཡུལ་ཡར་རྒྱས་ཀྱི་སྟོབས་ཤུགས་གཙོ་ཤོས་ཤིག་ཡིན་པ་ཁོ་བོས་འདོད་ཅིང་། ཁོ་པ་ཅག་གི་བསམ་བློའི་སད་རྟོག་གིས་སྣེ་དྲངས་པའི་ཉེར་ལེན་གྱིས། ང་ཚོས་འཚོ་བའི་ཁྱབ་ཁོངས་ཁ་ཤས་ནས་རྐང་ལམ་ཕྲ་མོ་བསྐྱུར་དེ་གཞུང་ལམ་དུ་ཉེ་བར་ཕྱོགས་པའི་གོམ་པའི་འདེགས་འཇོག་སྒྱུར་ཐུབ་པ་བྱུང་ཞིང་། མྱུག་གསར་ལྟ་བུའི་གཞོན་སྐྱེས་མང་པོ་ཞིག་མུ་མཐུད་དུ་རྨོངས་དད་དང་རྙིང་ཞེན་གྱི་ཆུ་བོས་འཛེམ་མེད་དུ་འཁུར་མ་བཏུབ་པའི་བཀའ་དྲིན་ཡང་ཁོ་ཚོ་ཁོ་ནར་ཞུ་འོས་སྙམ། བརྒྱ་ལ། "དམར་པོ་བ་"དག་གིས་དགག་སྒྲུབ་ཀྱི་མགོ་བོ་བཀྱགས་ཤིང་མདུན་སྐྱོད་ཀྱི་གོམ་པ་སྤོས་མེད་པ་ཡིན་ན། དམོད་ཚིག་དང་མི་ཁ་ཁུར་ནས་རང་ཉིད་ཀྱི་གསོན་ཤུགས་མངོན་མེད་པ་ཡིན་ན། རྨོངས་དད་དང་རྙིང་ཞེན་ཡོད་ཚད་ལ་ལེགས་སོ་རྐྱང་རྐྱང་བྱིན་ཡོད་པ་ཡིན་ན། འགལ་བ་ལྟག་སྤྲོད་གཉིས་ཀྱི་མཐུན་ཐབས་ཁོ་ན་བཙལ་ནས་གསོག་གསོབ་ཀྱི་སོག་མ་འབའ་ཞིག་སྤུངས་ཡོད་པ་ཡིན་ན། དེ་རིང་གི་ང་ཚོའི་འཚོ་བ་འདི་ཅི་འདྲ་ཡིན་ནམ། ང་ཚོར་ལྟོས་བཅས་ཀྱི་སྐྱིད་ཀྱི་ཉི་མ་ཤར་ནས་སྡུག་གི་མུན་པ་སངས་ཡོད་པའི་འཚོ་བ་འདི་འདྲའང་ཡོད་སྲིད་དམ།

ཡིན་ནའང་། འཕོ་འགྱུར་གྱི་ཀློང་ན་རྩེན་པའི་མི་བུའི་དྲན་ཚུལ་འདོད་ཚུལ་ལ་འཇགས་པའི་གོ་སྐབས་ཤིགགཞར་ཡང་རྙེད་དུ་མེད་པ་འདྲ། ན་གཞོན་སྐབས་ཀྱི་དྲན་འཆར་ལ་ལ་ཞིག ད་ནི་གསལ་གསལ་ནས་མོག་མོག་ཏུ་འགྱུར་ཞིང་ཡང་ཁ་ཤས་མོག་མོག་ནས་གསལ་གསལ་དུ་འོང་གིན་འདུག དཔལ་འབྱོར་གཉེར་བའི་ཀློང་། ནས་མི་རྣམས་གོ་གནས་དང་ཤོག་གྲངས་ཁོ་ནའི་བྲན་གཡོག་ཏུ་གྱུར་དང་འགྱུར་བཞིན་པའི་རིག་གནས་ཤིག་གི་འཁྱོག་གཟུགས་དྲན་ཐེངས་རེ་རེར། ལྐོག་ཟ་རུལ་ཉོག་དང་ཁ་རྒྱལ་མགོ་རྒྱལ་གྱི་སྒྲིག་གཞི་ཞིག་གི་ནང་རིམ་མཐོང་ཐེངས་རེ་རེར། རང་བྱུང་འདུལ་སྦྱོང་གི་གོ་རིམ་དུ་མུ་མེད་ཐལ་མཐར་ལྷུང་བའི་བྱ་བྱེད་ཐོས་ཐེངས་རེ་རེར། ཕྱི་རོལ་གྱི་གྲོང་ཁྱེར་ཆེན་པོ་དང་ཁང་བ་ཆེན་པོ། གཏེར་ཁ་ཆེན་པོ་སོགས་ལ་ཡིད་སྨོན་སྐྱེས་པའི་དྲན་ཚུལ་འགའ་རེ་ལའང་དོགས་པ་མི་སྐྱེ་ཐབས་མེད་བྱུང་འགྲོ རང་བྱུང་འདུལ་སྦྱོང་གིས་རྙེད་པའི་ཆེན་པོ་འདི་དག་ངེས་དོན་གྱི་ཆེན་པོ་ཞིག་ཡིན་ནམ། ཆེན་པོ་འདི་དག་གིས་ང་ཚོའི་མི་རབས་ག་ཚོད་བསྐྱངས་ཤིང་སྐྱོབ་སྲིད་དམ། ཡབ་མེས་ཀྱི་འདུ་ཤེས་ཤིག་གིས་བསྐྱབས་ཏེ་བསྐྱུར་བའི་ངའི་ཕ་ས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་སྤང་ཐང་ཞིང་གསུམ་གྱི་རང་བྱུང་གི་མཛེས་པ་དེ་དག་དངོས་གནས་ཆུང་ཆུང་ཞིག་ཡིན་ནམ། ཆུང་ཆུང་ནས་ཆེ་ཆེར་ཞེན་པ་དང་ཆེ་ཆེ་ནས་ཆེ་ཆེར་དུངས་པ། ཡང་ཆེ་ཆེ་ནས་ཆུང་ཆུང་ལ་ཞེན་པའི་འདུ་ཤེས་འདི་གོ་ཨ་ཙི་ལྡོག་ཐབས་མི་འདུག་ཨང་།

ཁོ་བོས་སྒམ་མདོག་སྟོན་པ་དང་ཅི་དང་གང་ཞིག་རྟོགས་སོང་ཁུལ་གྱི་བཟོ་ལྟ་མངོན་པ། ཡང་ན་ངེས་འབྱུང་སྐྱེས་ཁུལ་གྱིས་ཚིག་སྦྱོར་ཟོལ་མ་སྤེལ་བའང་མིན་ཏེ། ང་རང་ད་ལྟའི་སྡོད་ས་གྲོང་ཁྱེར་མིན་ན་ཡང་། གྲོང་ཁྱེར་དང་གྲོང་ཁྱེར་ཆེན་པོ་རྣམས་ལས་བཞུར་བའི་ཁ་ལུད་སྣབས་ལུད་དག་གིས་མཁར་གྲོང་ཆུང་ཆུང་འདིའི་ལུས་ངག་ཡིད་གསུམ་ཡང་རྨང་ནས་ཟིན་འདུག་པས། སྔོན་ཆད་ཕ་ཡུལ་དུ་ལོག་ཚེ་གྲོང་ཁྱེར་གྱི་ཁང་བརྩེགས་དང་དེང་རབས་ཀྱི་རྣམ་པས་རྣམ་ཤེས་རང་དབང་མེད་པར་ཕྱིར་ཕྱིར་དུ་ཁྲིད་འགྲོ་བའི་ང་རང་ཡང་། ད་ནི་ལྷོད་ལ་བབས་པའི་གཡང་དཀར་ལུག་ཁྱུ་བཞིན་ཕ་ཡུལ་རྩྭ་ཐང་གི་པང་བར་བག་ཡངས་ཀྱིས་རིང་ཙམ་འདུག་འདོད།

ད་ལྟའི་ཁོ་བོའི་དྲན་ཚུལ་ལྟར་བཤད་ན། ང་ཕ་ཡུལ་ན་ཡོད་དུས་ཕ་ཡུལ་ཧ་ཅང་ཆེ། ཕྱིར་ཕ་ཡུལ་ལ་ལྟ་དུས་ཕ་ཡུལ་ཧ་ཅང་ཆུང་ཞེས་པའི་སྙན་ངག་འདི་ཉིད། ང་ཕ་ཡུལ་ན་ཡོད་དུས་ཕ་ཡུལ་ཧ་ཅང་ཆུང་། ཕྱིར་ཕ་ཡུལ་ལ་ལྟ་དུས་ཕ་ཡུལ་ཆེ་ཞེས་བཅོས་སྒྱུར་ཅུང་ཙམ་བྱས་ནས་རང་གི་དྲན་འཆར་མཚོན་བྱེད་དུ་བྱས་ཀྱང་མི་ཆོག་པ་གང་ཡང་མི་འདུག་སྙམ། ཁོར་ཡུག་ནས་མི་ལུས་དང་མི་ལུས་ནས་མི་སེམས། མི་སེམས་ནས་བླ་སྲོག་གི་དབར་དུ་གསོག་གསོབ་དང་རྡོག་རྫི་ཡི་རི་མོ་ཆུ་ལ་ཆུ་བཞག་གིས་བབས་པའི་ཡུལ་དུས་ཤིག་ནས་ངལ་དུབ་ཀྱིས་ལོག་དུས། ཕ་ཡུལ་ན་ད་དུང་ཡང་ས་ས་མལ་དང་རྡོ་རྡོ་མལ་དུ་བདོག་པའི་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་འདུག

འཚོ་གནས་སམ་གནས་སྡོད་ཁོ་ནའི་དོན་དུ་ལུས་སེམས་ཀྱི་གླེགས་བམ་རྫོགས་པ་དེ་མི་ཚེའི་དོན་སྙིང་ཆེན་པོ་ཞིག་གཞར་ཡང་ཡིན་མི་སྲིད་མོད། དེང་རབས་ཅན་དང་འཕེལ་རྒྱས་ཅན། དཔལ་འབྱོར་ཅན་དང་བསྐྱར་དར་ཅན་དུ་སྒྲོག་པའི་འདི་ཚང་གི་ཁ་སང་དེ་རིང་ནི་དངོས་གནས་འཚོ་གནས་མ་གཏོགས་ཅི་ཡང་མི་སེམས་པའི་མི་བུ་ཕྱེད་པའི་དུས་རབས་ཤིག་རེད་པས། ཁོ་བོས་ཕ་ཡུལ་གྱི་"སྣོད་བཅུད་ཆུང་ཆུང་"དང་མི་རིགས་གཞན་དང་བསྡུར་ན་ལྐོག་ཟ་སུངས་ཀྱི་ལོ་རྒྱུས་དང་དོན་དངོས་ཤིན་ཏུ་ཉུང་བར་བཤད་པའི་གཞི་རིམ་གྱི་རོང་འབྲོག་"རྗེས་ལུས་པ་"དང་"རྨོངས་དད་པ་"དེ་དག་དྲན་ཡོང་།

ཡང་དེང་རབས་ཀྱི་གོ་བའི་སྟེང་གི་སྔོན་ཐོན་མི་རིགས་དང་དེ་དག་གི་ལོ་རྒྱུས་ལ་བག་ཙམ་མཇལ་ན། ཕ་ཡུལ་གྱི་མི་དང་རིག་གནས་གང་ལའང་ངེས་པ་དོན་གྱི་ཀླ་ཀློ་དང་རྨོངས་ཞད་གདོད་གཤིས་ཀྱི་ངན་རེངས་གྱོང་གསུམ་ཡོད་པ་སྨྲ་མི་དགོས་ཀྱང་། གལ་ཆེ་བ་ནི་དེང་རབས་ཀྱི་རབ་རིབ་ཅན་དང་མག་མོག་ཅན། ཕྱི་ཚུལ་ཅན་གྱི་རལ་གྲི་མཁའ་ལ་འཕྱར་ནས་མགོ་སྒུར་སྒུར་ཐམས་ཅད་སྡར་མ་དང་ཕྱག་འཚལ་འཚལ་ཚང་མ་རྨོངས་དད་རེད་ཟེར་དགོས་པའི་རྒྱུ་མཚན་ཡང་མེད་དེ། གང་དུ་འཚོ་གནས་དང་དཔྱོད་ཤེས། བླ་སྲོག་གི་འཕར་རྩ་ལྡང་ན་ང་ཚོས་ནམ་ཡང་རང་གི་ནང་ནོམ་ཕུན་ཚོགས་སུ་བལྟ་འོས་སྙམ།

སྤྱི་ལོ2011ལོའི་ཟླ10པར།

qrcode_for_gh_24a680a08df5_430

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།3

དཔྱད་མཆན་སྤེལ།