[འོས་སྦྱོར]རང་གི་ཁྱོ་ག་ལ་ཕུལ་བའི་སྐྱེས་སྐར་སྨོན་ཚིག

རྩོམ་པ་པོ། སྟོང་ཉིད་མ།

སེམས་ཀྱི་མྱི། སྐྱེས་སྐར་ལ་རྟེན་འབྲེལ་ཞུ།

ང་ཚོ་མི་རེ་རེ་ནི་སྲིད་པའི་ཁམས་ནས་སྟོན་རླུང་གིས་བདས་པའི་སྡོང་ལོ་ཞིག་དང་འདྲ་བར། གནས་ཚང་དང་ལོག་མལ་ཞིག་མེད་པར་སེམས་ངལ་སྐྱེས་ཏེ། འཁྱམ་འཁྱམ་པའི་མཐའ་མར། ངལ་དུབ་ཀྱི་མནར་བའི་མགོ་བོ་བརྙེས་སའི་ཕྲག་པ་ཞིག་དང་སེམས་པ་གླན་སའི་སེམས་མཐུན་ཞིག་དང་འཕྲད་པ་ནི་འཇིག་རྟེན་འདི་ནས་བདེ་སྟོང་གི་འཇིག་རྟེན་གཞན་ཞིག་རྙེད་པའི་ལག་བསོད་ཅི་ལ་མིན། ཁྱེད་རང་ང་ཡི་ཆེད་དུ་འཇིག་རྟེན་འདིར་སླེབས་པ་མིན་ཀྱང་། ང་ནི་ཁྱེད་ཀྱི་ཆེད་དུ་ཡིན་པ་འདྲ། ཁྱེད་རང་ཟླ་ལྔ་པའི་ཚེས་གཉིས་ལ་འཇིག་རྟེན་འདིར་སླེབས་པ་རེད་ཟེར། ང་ལྔ་པའི་དྲུག་ལ་ཨ་མའི་མངལ་སྒོ་ལས་ལྷུང་བ་རེད་ཟེར། སྐབས་དེ་དུས་ཤིག་ནས་བཟུང་ངའི་རྐང་རྗེས་ཆུང་ཆུང་གང་དེ་ཁྱེད་ཕྱོགས་ལ་སྤོ་འགོ་བརྩམས་པ་འདྲ། གང་ལྟར། ལས་དབང་གི་སྟབས་ཀ་འགྲིག་པའི་ཁྱོད་དང་ང་། ཉི་མ་དང་པདྨའི་ཚུལ་གྱིས། ཟླ་བ་དང་ཀུ་མུད་བཞིན་གྱི་ཁྱེད་རང་ང་ཡི་འཚོ་རྟེན་དུ་གྱུར་ཅིང་། ང་ནི་ཁྱེད་ཀྱི་བཀྲག་མདངས་ལ་འཁྱུད་དེ་ཚེ་སྲོག་གི་བཞུར་རྒྱུན་ཁྲོད་དུ། མཛེས་སྡུག་གི་རི་མོ་ཕབ། ཁྱེད་རང་སྡོང་བོ་བཞིན་དུ་སྐྱེས་དུས། ང་ནི་ཁྱེད་ཀྱི་བསིལ་གྲིབ་འོག་གི་མེ་ཏོག་ལྟར་དུ་བཞད་ཅིང་། མདོར་ན། ཁྱེད་ནི་ཚེ་སྔོན་གྱི་རྣམ་ཤེས་ཕྲ་མོས་ཚེ་རབས་འདིར་ང་ལ་འཐེན་པའི་ལས་ཀྱི་ཞགས་པ་ཡིན་ན། ང་ནི་ཚེ་རབས་འདིར་ཁྱེད་ཀྱི་རྣམ་ཤེས་ཀྱི་ཞགས་སྣེ་ཐོགས་སའི་ལས་ཀྱི་ཨ་ལོང་དེ་ལོས་ཡིན། དེ་བས་སྐྱེ་བ་འདིར་ཁྱོད་ཉིད་ང་ལ་དབང་བར་ཁ་ཚོན་མི་ཆོད་ཀྱང་། ཁྱེད་ཀྱི་མི་ཚེའི་མཛེས་སྡུག་གི་དགོད་སྒྲ་རེ་རེའི་རྟག་རྒྱབ་ན་ང་ཡི་རྣམ་དག་བརྩེ་བའི་དགའ་བ་ཡོད་ལ། ཁྱེད་ཉིད་ང་ཡི་འཇིག་རྟེན་འདི་ཡི་དགའ་སྐྱོའི་ལས་ཀྱི་ཆགས་རྟེན་ཡིན།

ངའི་འཚོ་བ་ཞོ་ལྟར་ཆགས་ན་ཁྱེད་ཡིན་ལ། ངའི་འཚོ་བ་རླབས་བཞིན་འཁྲུགས་ནའང་ཁྱེད་ཡིན། དེ་ནི་རྒྱུ་སྐར་ནས་བརྟན་སྐར་བར་དུ་ངའི་འཇིག་རྟེན་ནི་འདི་རེད་ཅེས་གཞན་གང་ཡང་ངོས་འཛིན་ས་མེད་པར། ཁྱེད་ནི་ངའི་འཇིག་རྟེན་གྱི་ཚད་དུ་བཞག་ཡོད་པས་ཡིན། ལོ་ཟླ་ག་གེ་མོ་ཞིག་ནས་བཟུང་། འཚོ་བ་ཞིག་གི་བཟོ་ལྟ་སེམས་སུ་མྱངས་ནས། ཐབ་ཀ་གཅིག་ལས་ཟ་མ་མཉམ་ཟ་བྱས་ཏེ་ལུས་ཟུངས་ཀྱི་ཤ་ཁྲག་ལ་འཚོ་བཅུད་ཀྱི་འདང་བརྩེ་བླུད་ཅིང་། ཆགས་རྟེན་གཅིག་ནས་ལུས་སེམས་ཀྱི་དཔུང་བ་དམ་དུ་འཁྱུད་ནས་མི་ཚེ་གཅིག་གི་མདུན་མ་ཕན་ཚུན་ལ་བཅོལ་བའི་སྐྱིད་སྡུག་ཅི་ཡོང་གི་དབུ་ཁྱུད་ལག་པ་ཆེ་ཆུང་ཕྱི་ནང་བྱས་ཏེ་སྙིང་ཤ་དམར་པོའི་ནང་ལ་བྲིས་ཡིན། དེ་ནས་བཟུང་ང་ལ་ལུས་སེམས་དང་འབྲལ་ཐབས་མེད་པའི་དྲན་པ་ལྷག་མ་ཞིག་དང་།བརྩེ་བའི་རུམ་བྲོ་ཞིག་བཞག་སོང་། ཁྱེད་རང་འཇིག་རྟེན་འདིའི་ཉིན་སྲིབ་བར་ནས། རྒོད་པོ་བཞིན་དུ་འཕུར་དང་། ང་ནི་ཁྱེད་རང་ངལ་དུས་གནས་མལ་ཆོག་པའི་བྲག་ཐེམ་དེ་བྱ་ཆོག ཆེས་མ་མཐར་ཡུལ་དུས་འདིར། ཁྱེད་ནི་ངའི་ལག་པས་བསྙབ་ན་ཟིན་ས་དང་མིག་གིས་བལྟས་ན་མཐོང་སར་ཡོད་པའི་མི་དེ་ཡིན་པས། ཁྱེད་ནི་ངའི་སྲོག་གི་སྐྱོར་མ་ཡིན་ཞེས་ལབ་སྲིད་ལ། དགའ་སྡུག་གང་གི་སྐབས་སུ་ཁྱེད་ཡོད་ན། དེ་དུས་ས་གཞི་འདི་ཁྱོན་ཅི་ཙམ་ཆེ་རུང་ང་ཁེར་རྐྱང་ཡིན་པའི་ཚོར་བ་ཡོད་མི་སྲིད་ལ། ནམ་མཁའ་འདི་ཁ་ཞེང་ཅི་ཙམ་ཆེ་རུང་ཁ་མཐའ་རྒྱ་ཆོད་པའི་སེམས་ཤུགས་ཤིག་ཅིས་ཀྱང་ཡོད་ངེས།

དུངས་སེམས་ཀྱི་མདུད་པ་ཁྱེད་ལ་སྦྲེལ་ནས་བཟུང་། ངས་དུས་ཚོད་དང་བར་ཐག་གི་ཁྲོད་ནས་ཕྱི་ཐག་ཟེར་བར་བདེན་ཁ་བརྐྱངས་ཤིང་། དྲན་པའི་གཤོག་སྣེ་ནམ་ཡང་ཁྱེད་ལ་གཏད། དེ་ལྟར་ངས་བྲིས་པའི་ཡིག་འབྲུ་རེ་རེའི་གསེབ་ན་ཁྱེད་རང་སེམས་ལ་ཉར་བའི་དན་རྟགས་ཡོད་ལ། ངས་བཏབ་པའི་སྨོན་འདུན་རེ་རེའི་ཁྲོད་ནས ཁྱེད་རང་བོར་མྱོང་མེད་པར། ལོ་ཟླའི་བསླད་སྐྱོན་ལས་གཡོལ་ནས་མི་ཚེ་འདི་ནི་དགའ་བའི་འགྲུལ་བཞུད་ཅིག་ཏུ་ཡོང་རེ་བྱས། དེ་རིང་ངས་འཇིག་རྟེན་འདིའི་མཛེས་སྡུག་ཡོད་ཚད་གཡར་ནས།ཁྱེད་རང་འཇིག་རྟེན་འདིར་སླེབས་པར་རྣམ་དག་གི་བསུ་མ་བྱེད་ཅིང་རྟེན་འབྲེལ་གྱི་ཁ་གཡང་དང་ལྷན། མི་ཚེའི་འགྲུལ་བཞུད་གསར་པ་ཞིག་གི་མགོ་ཚུགས་པར་ལམ་རིང་ཐུང་ཅི་ཙམ་ཞིག་བརྒལ་དགོས་ན། ཚེའི་དུས་མ་བྱས་བར་དུ་ང་ཉིད་ཁྱེད་ཀྱི་དཔུང་ཡ་བྱེད།

རྩོམ་སྒྲིག་པ། རྡོ་རྗེ་རབ་བརྟན།

བསྟོད།3

དཔྱད་མཆན་སྤེལ།