ཇ་འཐུང་ཞོར་གྱི་ཕྱིར་དྲན།-སྒྲུང་ཐུང་།

གདུ་བུ།

གཅིག

ངས་ཉིན་གུང་གི་ཚ་གདུག་ཁྲོད་ནས་རེབ་གོང་གི་ཡུལ་ལྗོངས་མཐོང་བྱུང་། ཉི་ཟེར་གྱིས་བརྒྱན་པའི་གསལ་ལྷང་ལྷང་གི་ཁོར་ར་ཁོར་ཡུག་གི་གཟུགས་བརྙན་དག་ནི་སྐྱོ་ངལ་གྱིས་དུབ་སྟེ་ཁུ་སིམ་མེར་ངའི་མིག་མདངས་ལ་ཅེར་འདུགམོས་ངའི་མིག་མདངས་སུ་འཁྱིལ་བའི་སྐྱོ་ངལ་མཐོང་བ་ཨེ་ཡིན་ནམ། ང་ཇི་ལྟར་ཁེར་རྐྱང་དང་སྟོང་འཇགས། དངངས་འཚབ་དང་དྲན་གདུང་གིས་གཟིར་ནའང་མི་མེད་ས་སྟོང་ཞིག་ནས་ཁ་རོག་གེར་མིག་ཆུ་འབྱིན་པ་ལས་སུ་ཞིག་ལའང་རང་གི་ཉམ་ཆུང་དང་སྙི་ས་དེ་མཐོང་དུ་བཅུག་མ་མྱོང་། དེ་ནི་སྐྱེས་པ་ཁོ་ནར་དབང་བའི་ཁེར་རྐྱང་གི་སྐྱོ་ངལ་ཞིག་ཡིན་པ་འདྲ་ཨང་།

དེ་ནི་ཟླ་འོད་མེད་པའི་མཚན་མོ་ཞིག་ཡིན། དགོང་མོ་དེར་ང་དང་མོ་གཉིས་མགྲོན་ཁང་སྟབས་བདེ་ཞིག་ན་ཉལ་ཡོད་ཅིང་། གཉིས་སྦྱོར་གྱི་བདེ་བས་ངེད་གཉིས་ཀྱི་སྣང་བ་འོ་ཆུ་བཞིན་དུ་འདྲེས་སུ་བཅུག མོ་ག་ལེར་ངའི་བྲང་གཞུང་དུ་མགོ་བོ་བསྙེས་པའི་རྣམ་པ་ནི། རྟག་ཏུ་མིག་ལམ་དུ་མངོན་པའི་བརྩེ་དུངས་མཚོ་ལས་ཟབ་པའི་ཁྱོ་ཤུག་ཅིག་གི་སྣུམ་ཚོན་རི་མོ་ཞིག་དང་ཤིན་ཏུ་མཚུངས། མོས་སྐད་དམའ་མོས་ང་ལ་སྙིང་གཏམ་མང་བོ་ཞིག་ལབ་སོང་།
“ངས་ཚེ་ཐོག་འདིར་ཐོག་དང་བོར་རང་གི་སྐྱེས་སྐར་རོལ་བ་ཡིན། ད་རུང་ཐོག་དང་བོར་ཆང་ཁང་ལ་སོང་ནས་ཆང་འཐུང་བ་ཡིན། དོ་དགོང་ང་ངོ་མ་སྐྱིད་སོང་། བཀའ་དྲིན་ཆེ། ད་རུང་ཐོག་དང་བོར་་་་་”
དྲང་མོར་བཤད་ན། ངས་ཀྱང་རང་གི་སྐྱེས་སྐར་ཞིག་རོལ་མ་མྱོང་། དུས་ནམ་ཞིག་ལ་ངའང་ཁྱོད་དང་འདྲ་བར་བུ་མོ་ཞིག་གིས་ངའི་ཆེད་དུ་སྐྱེར་སྐར་ཞིག་རོལ་ངེས་སྲིད་། ངས་དེ་ལྟར་འདོད་བཞིན་མུ་མཐུད་དུ་མོའི་སྙིང་གཏམ་ལ་ཉན།
“ཅིའི་ཕྱིར་འཇིག་རྟེན་འདི་འདྲའི་སྡུག་བསྔལ་ཞིག་ཡིན་དགོས། ང་ཧ་ཅང་ཁེར་རྐྱང་རེད། ང་ལ་སྐྱེས་པ་ཞིག་གི་ཁྲེལ་གཞུང་དང་བརྩེ་འདང་གིས་ཆོག  རྒྱུ་ནོམ་པ་ཟེར་བ་བཙལ་ན་རྙེད་པ་ཞིག་རེད།ཡིན་ཡང་གནམ་འོག་གི་སྐྱེས་པ་ཚང་མ་ཅིའི་ཕྱིར་ཁྲམ་པ་རྐྱང་རྐྱང་ཡིན་དགོས། ཁྱོད་དེ་འདྲ་ཞིག་མིན་པའི་སྨོན་ལམ། ”
མོའི་མིག་མཐའ་ནས་ཕྲེང་རྡོག་ལྟར་ལྷུང་བའི་མཆི་མས་ངའི་བྲང་གཞུང་བརླན་པར་བཏང་སོང་། དེ་ལ་ཀུན་གྱིས་མིག་ཆུ་ཞེས་འབོད་ལ་མོའི་ངོས་ནས་བཤད་ན་སེམས་ཀྱི་སྡུག་བསྔལ་ཕྱིའི་གཟུགས་སུ་ཤར་བའི་རི་མོ་ཞིག་རེད། ངོ་མ་བཤད་ན་ངའང་ཁེར་རྐྱང་ཡིན། ངས་ཀྱང་ལྷད་མེད་པའི་བརྩེ་དུངས་ཤིག་འཚོལ་བཞིན་ཡོད། ཡིན་ཡང་སྙིང་ཉེ་བའི་བུ་མོ་ལགས། དངོས་གནས་དགོངས་དག ང་ལ་སྔ་མོ་ནས་ཆུང་མ་དང་བུས་ཕྲུག་ཡོད།དོ་ནུབ་ཁྱོད་དང་ཞག་གཅིག་གི་ཉལ་རོགས་བྱས་པ་ཙམ་ཡིན། ངའི་སེམས་སུ་སྐད་ཆ་དེ་འདྲ་ཞིག་གློག་དམར་བཞིན་འཁྱུགས་དུས། དབང་མེད་དུ་འཁྱིལ་བའི་མིག་ཆུའི་ཐིགས་ཕྲེང་ནི་དྭངས་ཤིང་འཚེར་བའི་རྩྭ་མགོའི་ཟིལ་བ་ཞིག་དང་འདྲ་བར་མིག་དཀྱུས་ལས་ག་ལེར་རྣ་ཀོང་དུ་བཞུར་སོང་། སྐབས་དེར་ང་ལ་འཚུབ་ཆ་ལངས་ནས་བཙན་གྱིས་ངོ་འཛུམ་ཙམ་བྱས་ཏེ་དགོད་སྒྲ་ཞིག་ཕྱུངས་པ་ཡིན།
དགོང་མོ་དེར་སྨག་རུམ་སྟུག་ཅིང་ཟབ་ལ་ངེད་གཉིས་ཀྱི་གཉིས་སྦྱོར་ལས་གསུམ་པ་དེ་ནི་གློག་གཟིམས་ནས་སྤྱད་པས་ངེད་གཉིས་ནི་མུན་པའི་ཀློང་ན་ཡོད། དེ་བས་མོས་ཇི་ལྟར་ངའི་མིག་ཆུ་མཐོང་སྲིད་དམ། ངས་སེམས་ནས་མོ་ལ་ཞུས་པའི་དགོངས་དག་དེ་ནི་མཉན་བྱ་མིན་པའི་དྲན་རྟོག་ཅིག་ཡིན་པས་མོས་ཇི་ལྟར་ཐོས་སྲིད།

འདི་ལྟར་བསམ་དུས་ང་ལ་ཁོང་དགོད་ཤོར་ཞིང་སེམས་པའང་གཞི་ནས་ལྷོད་ལ་བབས། དགོང་མོ་དེ་ནི་ཟླ་འོད་མེད་པའི་མཚན་མོ་ཞིག་ཡིན་ཞིང་ངེད་གཉིས་ཀ་ཆང་གིས་ཅུང་བཟི་ནས་ཡོད།ངའི་སེམས་ཀྱི་ཡོལ་བར་མཚན་མོ་དེའི་གཟུགས་བརྙན་དེ་ལྟར་འཆར་ཞིང་མཇུག་རྫོགས་ནའང་ངའི་མིག་ལམ་དུ་སྔར་བཞིན་རེབ་གོང་ཁོར་ར་ཁོར་ཡུག་གི་གཟུགས་བརྙན་ནི་སྐྱོ་ངལ་གྱི་རྣམ་པས་ང་དང་ངའི་མིག་མདངས་སུ་ཧད་འདུག དེ་རིང་ང་གཅིག་པུ་རི་སྐེད་དུ་ཡོད་པའི་ཇ་ཁང་འདི་ན་ཡོད། ངས་ཅིས་ཀྱང་སྐྱོ་ངལ་གྱིས་འདི་ལྟར་ང་ལ་ཅེར་བའི་མོ་ལ་སེམས་གསོ་ཐེངས་ཤིག་བྱེད་དགོས།
“སྙིང་ཉེ་བའི་རེབ་གོང་ལགས། ཡིད་མ་ཕམ་མ་སྐྱོ་དང་། མི་ཚེ་ནི་མ་གཞི་ནས་ཀྱག་ཀྱོག་གི་ལམ་ཕྲན་རིང་མོ་ཞིག་ཡིན་ན། དུས་ནམ་ཞིག་ལ་ཁྱོད་ཀྱི་གདོང་མཆོང་དང་སྙིང་རུས་ལའང་གྲུབ་འབྲས་ཤིག་ཡོད་ངེས། ”
ངས་ཐོག་དང་བོར་འདི་ལྟར་སྐད་གསེང་མཐོན་པོས་ཆིག་ལབ་བྱས་པས་གར་ཡོང་མི་ཤེས་པའི་འཚེར་སྣང་ཞིག་གིས་ངའི་ལུས་སེམས་གཉིས་ཀ་ཚ་ལམ་མེར་བཟོས་སོང་། ཡིན་ཡང་བློ་ཡུལ་ལས་འདས་པ་ཞིག་ལ་ངའི་མིག་གི་ཁ་གཏད་དུ་བག་འཚེར་བའི་ཉམས་ཀྱིས་བུ་མོ་གཞོན་ནུ་མ་ཞིག་དང་འདྲ་བའི་རེབ་གོང་གི་ཁོར་ར་ཁོར་ཡུག་གིས་འཛུམ་དམུལ་ལེར་ང་ལ་ཟུར་མིག་ཅིག་འཕངས་བྱུང་།

གཉིས།

མུན་རུབ་པའི་མཚན་ལྗོངས་ཤིག་ལ། ངས་རེབ་གོང་གི་དྲ་མིག་རེ་རེར་ཞིབ་ཏུ་ལྟ་དུས་རྣམ་པ་མི་འདྲ་ཞིང་རྒང་སྤུའི་ཚེར་མ་ལྟར་གཟེངས་པའི་དགའ་བ་དང་སྐྱོ་ངལ། ཞེན་ཆགས་དང་དྲན་གདུང་དེ་དག་ནི་གཟུགས་རིས་ཞིག་དང་འདྲ་བར་མིག་ལམ་དུ་ཝ་ལེར་ཤར་འོང་། ཁོ་ནི་ན་སོ་དར་ལ་བབས་པའི་གྲྭ་བ་ཞིག་ཡིན། རྒྱུད་ལ་སྡོམ་པ་མནོས་ནས་ལོ་ངོ་བཅུ་ལྷག་འགོར་བའི་ཁོའི་སེམས་ན་སྐྱོ་ངལ་སྨུག་པ་ལྟར་འཁྱིལ་ཡོད། སྐྱོ་སྣང་དེ་ནི་འཁོར་བ་དང་རྒྱང་དུ་གྱེས་པའི་ངེས་འབྱུང་ཡིན་པ་དང་།ཡང་ན་རང་རྒྱུད་ཀྱི་སྡོམ་པས་གཅུན་པའི་མནར་སྡུག་གང་ཡིན་པ་ཁོས་ཀྱང་ཐེངས་མང་བོར་རང་ཉིད་ལ་དྲིས་མྱོང་། དེ་ནི་སྟོང་འཇགས་ཀྱི་མཚན་མོ་ཞིག་ཡིན། ཁོ་ལ་སུན་སྣང་དང་ཁེར་རྐྱང་སྤྲིན་ནག་ལྟར་འཁོར་བ་ནི་སེམས་སུ་ཤོར་བའི་སྲུབས་ཀ་དེ་ལ་བུ་མོ་ཞིག་གི་དགོད་སྒྲ་དང་འཛུམ་མདངས་ལྷུང་ཡོད་པས་རེད།

དགོང་མོ་དེར་ཁོའི་དམ་བཅའ་བྱེ་ཕུང་བཞིན་འཐོར་ཏེ་ཡང་བསྐྱར་བུ་མོ་དེ་ལ་ཁ་པར་བཏང་ནས་ཁོ་གཉིས་ཀྱི་བརྩེ་བ་མུ་མཐུད་ནས་རྒྱུན་བསྲིངས་ཚུལ་དེ། ཁོས་ང་ལ་ཞིབ་ཚགས་ངང་བཤད་ཀྱང་ཁ་པར་གྱི་སྐུ་སྣེ་ན་ཁོའི་དགའ་རོགས་ཤིག་དང་འདྲ་བའི་བུ་མོ་དེ་ནི་དོན་ངོ་མར་སུ་ཡིན་པ་ངས་ཁོ་ལ་ཇི་ལྟར་དྲིས་ཀྱང་བཤད་མ་བྱུང་།
ཉིན་དེར་ཁོས་ང་རང་གཟའ་ཉི་མའི་ཇ་ཁང་དུ་དུས་ཆད་བཏབ་པས་ངས་སྤྲི་དང་འདྲ་བའི་འོ་ཇ་ཞིག་འཐུང་ཞོར་ཁོའི་ཁ་བརྡར་ཉན་པ་ཡིན།ཁོའི་མིག་མདངས་ལས་ངས་སྐྱོ་ངལ་དང་ཁེར་རྐྱང་གིས་གཟིར་བའི་རྣམ་ཤེས་ཤིག་མཐོང་འོང་། ཡུད་ཙམ་འགོར་རྗེས་ཁོས་ཁ་མྱང་མྱང་ཞིག་བྱས་ཏེ་ཡང་བསྐྱར་ཁ་གྲགས་བྱུང་།
“གྲོགས་པོ། ངའི་སེམས་ངོ་མ་སྡུག་གི། ང་གྲྭ་བ་ཞིག་ཡིན་པ་བདེན་ཡང་།ང་སེམས་གཏིང་ནས་མོ་ལ་ཧ་ཅང་དགའ་གི། ངེད་གཉིས་ཕར་དགའ་ཚུར་དགའ་ཡིན། སྐྱ་སར་འབབ་བསམ་ཡང་ལས་ཀ་ལས་ཏེ་སྡུག་མྱོང་རྒྱུར་སྐྲག་གི ཁྱོད་ཁྱིམ་པ་བ་རེད། དེ་རིང་ང་ལ་དྲང་མོར་ཤོད་དང་། འཁོར་བ་སྡུག་བསྔལ་ཨེ་རེད། བུ་མོ་དང་འཁྲིག་པ་སྤྱད་ན་ཨེ་བསོར་གི”
“བུ་མོ་དང་འཁྲིག་པ་སྤྱོད་པ་ནི། མིའི་རིགས་ཀྱི་སྐྱེ་རྒྱུད་ཀྱི་ཆེད་དུ་ཡིན་པ་ལས་ངོ་མ་ཞེར་མེར་བ་ཤ་སྟག་རེད། ངས་དེ་དྲན་ན་ད་དུང་སྐྱུག་མེར་ལངས་ཀི”

ངས་ཡང་བསྐྱར་བུ་མོ་དེ་སུ་ཡིན་པ་མ་དྲིས་པར་ཁོས་བཏོན་པའི་དྲི་བ་གཉིས་པ་ལ་དེ་ལྟ་བུའི་ལན་ཞིག་བཏབ་རྗེས། རྒྱུ་མཚན་ཅི་ཡང་མེད་པར་ཉིན་འགའི་སྔོན་དུ་ངོ་ཤེས་པའི་རྒྱ་མོ་ཤ་དཀར་མ་དེ་ཡིད་ལ་འཁོར་བྱུང་། དེ་ནི་སྟོན་མཇུག་ཏུ་གློ་བུར་ལ་ལྡང་ཡོང་བའི་རླུང་བུ་ལྡོམ་པོ་ཞིག་དང་འདྲ།ཉིན་དེར་ངའི་ཆུང་མ་ཕ་ཡུལ་དུ་སོང་རྗེས། ང་ནི་ཙི་གུ་ཞིག་དང་འདྲ་བར་གསང་སྟབས་ཀྱིས་དྲྭ་རྒྱ་ལས་ངོ་ཤེས་པའི་རྒྱ་མོ་དེ་ལ་དུས་ཆད་བཏབ་སྟེ་མགྲོན་ཁང་དུ་འཁྲིད་ཅིང་། མོ་དང་ལྷན་དུ་ཨ་རག་ངོམ་མེད་དུ་འཐུང་ནས་རྭ་བཟི་བར་གྱུར། རྒྱ་མོ་དེ་ལ་འཚེར་སྣང་དང་འཛེམ་དོགས་ཅི་ཡང་མེད་པར་རང་དབང་ངང་ཆགས་སྲེད་ལ་སྤྱོད་པ་ནི་འདོད་པའི་བདེ་བ་ཐར་བ་རུ་འཛིན་པའི་མུ་སྟེགས་པ་ཞིག་དང་འདྲ།
“གྲོགས་པོ། སྐད་ཆ་ཤོད་ཡ། དེ་འདྲ་གཟར་ནས་དོན་ཅི་ཞིག་ལ་འདང་རྒྱག་བཞིན་ཡོད། ”
ཁོས་གློ་བུར་དུ་དེ་ལྟར་ཁ་གྲགས་པས་ངའི་དྲན་པ་རྨང་ནས་གཏོར་བྱུང་ལ།ཁོས་མིག་ཟུང་ཀེམ་ཀེམ་རྡེབ་བཞིན་ཧ་ཅང་གཟབ་ནན་གྱིས་ངའི་མཐུག་ཅིང་ཕྱིར་ལོག་པའི་མཆུ་སྒྲོས་ལ་ཅེར་འདུག ཁོས་ངས་བཤད་པའི་སྐད་ཆ་དེ་རྫུན་ཡིན་པ་ཚོར་སོང་ངམ་ཡང་ན་དྲི་བ་དང་བོའི་ལན་ལ་བསྒུག་པ་ཡིན།
རེད་ཡ། འཁོར་བ་སྡུག་བསྔལ་ཨེ་ཡིན་ནམ།

ངས་ཀྱང་ཁོའི་ཐུར་དུ་ལུག་ཅིང་། རྟ་མགོ་ཞིག་དང་འདྲ་བའི་ངོ་གདོང་དེ་ལ་ཅེར་ནས་འཁོར་བ་ལ་བསམ་བློ་བཏང་།
ལོ་ངོ་སྟོང་ཕྲག་གསུམ་ཡས་མས་ཀྱི་མཚན་གུང་ཞིག་ལ། གཞོན་ནུ་དོན་འགྲུབ་ཟེར་བའི་རྒྱ་གར་གྱི་རྒྱལ་སྲས་ཤིག་གིས་རང་གི་ཡིད་འོང་གི་ཆུང་མ་དང་སྲས་གཉིས་ཁ་རོག་གེར་བསྐྱུར་ནས་འཁོར་བའི་ཟང་ཟིང་དང་རྒྱང་དུ་གྱེས་ཏེ་ནགས་ཁྲོད་དུ་ཕྱིན། རྒྱང་རིང་བའི་དབེན་གནས་དེ་རུ་ཁོང་གིས་སེམས་ཅན་ཐམས་ཅད་ཀྱི་མཐར་ཐུག་གི་བདེ་བའི་ཆེད་དུ་ལོ་ངོ་དྲུག་ལ་དཀའ་བ་སྤྱད་དེ་ཏིང་འཛིན་ལ་ཞུགས། སེམས་ཅན་ཐམས་ཅད་ཀྱི་ཡང་དག་པའི་བསམ་བློ་དང་བདེ་སྐྱིད་དུ་ཕྱིར་དུ་ཁོང་གིས་རྒྱལ་སྲིད་ཀྱི་འདོད་ཡོན་དང་རང་གི་ཁྱིམ་གཞིས་བློས་བཏང་། ཁོང་གི་སྣང་ངོར་འཁོར་བའི་འདོད་ཡོན་དང་ཕུན་ཚོགས་ནི་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་སྟོང་བ་ཉིད་དུ་ཤར།ལང་ཚོ་དང་བརྩེ་དུངས། དབང་ཤུགས་དང་འབྱོར་ཕྱུག བདེན་པ་དང་རྫུན་པ་ཡོད་ཚད་རྣམ་རྟོག་གིས་བྲིས་པའི་རི་མོ་ཞིག་ཏུ་བསྟན་ཡོད།ཁོང་གིས་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བའི་སེམས་བསྐྱེད་དང་ཤེས་རབ་གཉིས་ནི་འོད་ཟེར་སྟོང་ལྡན་གྱི་ཉི་ཟེར་ཞིག་དང་འདྲ་བར་འཇིག་རྟེན་དུ་འཕྲོས་པ་ནས་སྐྱེས་བུ་བགྲང་ལས་འདས་པ་ཞིག་འཁོར་བ་དང་རྒྱང་དུ་གྱེས་པ་མ་ཡིན་ནམ། རེད། འཁོར་བ་སྡུག་བསྔལ་རེད། འོན་ཀྱང་། འཇིག་རྟེན་འདིར་ད་དུང་སྐྱེས་ཆེན་དམ་པ་མང་བོ་ཞིག་འཁྲུངས་མྱོང་། ཁོང་ཚོའི་སེམས་པའང་སྐྱོ་ངལ་དང་ཁེར་རྐྱང་གིས་མནར་མྱོང་། དོ་མི་མཉམ་པའི་དབང་ཤུགས་དང་རྫུན་པས་ལུས་སེམས་གཉིས་ཆར་མནར་གཅོད་ཀྱིས་དྲགས་ཏུ་མནར་ནའང་ཁོང་ཚོ་སྔར་བཞིན་འཁོར་བ་དང་ཁ་བྲལ་མ་ཐུབ། ཁོང་ཚོའི་སེམས་ན་རྟག་ཏུ་བུ་མོ་ཞིག་གི་དྲོད་ཁོལ་དང་སྙིང་གཏམ་ཡོད། ཁོང་ཚོའི་སེམས་ན་རྟག་ཏུ་དགའ་སྐྱོ་ཆགས་སྡང་གིས་འཁྱུད་པའི་འཚོ་བ་གསར་བ་ཞིག་གི་ཕུགས་བསམ་ཡོད། དེ་བས་ཁོང་ཚོས་འཁོར་བའི་ཁྲོད་ནས་འཁོར་བས་བསྐྱེད་པའི་སྡུག་བསྔལ་མང་བོ་ལ་ངོ་རྒོལ་དྲགས་ཏུ་བྱས་ནས་རང་གི་བདེ་སྐྱིད་དེ་བཙལ་མྱོང་། ཁོང་ཚོ་ནི་ཕལ་བའི་ང་ཚོ་དང་འདྲ་བར་འདོད་ཡོན་དང་ཕུན་ཚོགས་ལ་དགའ། རང་ཉིད་ཆེས་དགའ་བའི་བུ་མོ་ཞིག་དང་ལྷན་དུ་ཁྱིམ་ཚང་བསྐྱངས་ནས་འཚོ་བ་རོལ་རྒྱུར་དགའ། རང་དབང་གིས་ཨ་རག་མཆོད་པ་དང་ཐ་མག་འཐེན་པར་དགའ།
དོན་ངོ་མར་འཁོར་བ་ནི་ཅི་ཞིག་ཡིན་ནམ་་་་་་
འདང་བརྒྱབ་ནས་མཚམས་འདིར་ཐོན་དུས་ངས་སྔར་བཞིན་འཁོར་བའི་ངོ་བོར་ཁྲུན་ཐག་ཅི་ཡང་མ་ཆོད་པས་ང་ནི་གཡུལ་ལས་ཕམ་པའི་དམག་མི་ཞིག་དང་འདྲ་བར་བསམ་གཞིགས་ལས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་།ད་ལྟ་ངའི་ཁ་གཏད་དུ། ནར་སོན་རྗེས་ངོ་གདོང་འཇོང་འཇོང་ཞིག་ཏུ་གྱུར་བའི་གྲྭ་བ་ཁོ་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། ངེད་གཉིས་བར་གྱི་སྒྲོག་ཙེའི་སྟེང་དུ་ཁྱ་མ་ཁྱོག་གི་ཡིག་རྡོག་འགའ་བྲིས་ཏེ་ངའི་ཕྱོགས་སུ་བཏད་འདུག ངས་ཁོས་བྲིས་པའི་ཡིག་ཚུགས་ཁྱ་ཁྱོར་དེ་ལ་སྙིང་ནས་འཕྱ་བཞིན་ཤོག་ཐར་བླངས་ནས་ཡི་གེའི་ནང་དོན་ལ་བལྟས།
“གྲོགས་པོ། ཁྱོད་ལ་གཟར་ནད་ཚབས་ཆེན་བྱུང་འདུག ཀླད་པའང་གསལ་བོ་མ་རེད། མྱུར་དུ་སྨན་ཁང་དུ་སོང་། ”
ང་ལ་དབང་མེད་དུ་ཁོང་དགོད་ཅིག་ཤོར་ཞིང་ག་ལེར་ཡར་ལངས་ནས་གཟའ་ཉི་མའི་ཇ་ཁང་གི་སྒོར་བུད། ཕྱི་རོལ་དུ་མུན་ཡོངས་སུ་རུབ་ཡོད་ཀྱང་ཟླ་འོད་དང་གློག་སྒྲོན་གྱི་འོག་ན། རེབ་གོང་ནི་སྔར་བཞིན་ཁེར་རྐྱང་གིས་མནར་བའི་བུ་མོ་ཞིག་དང་འདྲ་བར་ངའི་མིག་མདངས་ལ་ཅེར་འདུག སྐབས་དེར་ངས་སེམས་གཏིང་ནས་ནམ་རྒྱུན་ངའི་མིག་མདངས་ལ་བལྟ་བར་དགའ་བའི་རང་གི་ཆུང་མ་དྲན་བྱུང་། ངའི་ཆུང་མ་དང་བུ་ཕྲུག་གཉིས་ཀྱིས་ཁྱིམ་ན་ཁ་རོག་གེར་ངའི་ལོག་ཕེབས་ལ་བསྒུག་ཡོད་པ་དྲན་བྱུང་།

གསུམ།

ང་ནི་ད་ལྟ་མི་ལོ་སུམ་ཅུར་སོན་པའི་སྐྱེས་པ་དར་མ་ཞིག་ཡིན་ནའང་ཁྱིམ་གཞི་དང་ཆུང་མ་མེད་པར་ཁེར་རྐྱང་དུ་བསྡད་ཡོད། མི་ལོ་དྲུག་གི་སྔོན་དུ་ང་ལ་ཁྱིམ་དུ་ཆུང་མ་དང་བུ་ཕྲུག་ཡོད་ལ། ཕྱི་ན་ད་དུང་ལྐོག་འབྲེལ་གྱིས་དགའ་རོགས་གཅིག་ཡོད། ཕ་ཡུལ་དུ་སྡེ་མི་ཀུན་གྱི་སྣང་ངོར་ང་ནི་ཡ་རབས་གསེར་ལྟ་བུའི་དགེ་རྒན་ཞིག་ཏུ་གྲུབ་ཡོད་ཀྱང་དོན་དངོས་སུ་ངས་ལྐོག་ལྐོག་སིབ་སིབ་ཀྱིས་ངོ་ཚ་དང་ཁྲེལ་མེད་པའི་དོན་དག་མང་བོ་ཞིག་ལས་མྱོང་། དེ་བཞིན་དུ་ལོ་ངོ་ལྔ་ལ་མཉམ་དུ་འཚོ་བ་རོལ་བའི་ངའི་ཆུང་མ་དང་ཆུང་དུས་ཀྱི་རྩེད་རོགས་གྲྭ་བ་ཁོ་གཉིས་ཀྱིས་ཀྱང་ལྐོག་ནས་ལུས་འབྲེལ་བྱས་ཏེ་ང་དང་རྒྱབ་འགལ་བྱས་བྱུང་།

དེ་ནི་དབྱར་གཞུང་གི་མཚན་མོ་ཞིག་ཡིན། ངས་ནམ་རྒྱུན་ལྟར་རང་གི་བཟའ་ཟླར་གཞུང་དོན་ཞིག་གི་ཆེད་དུ་ཟི་ལིང་ལ་འགྲོ་བའི་ཁ་གཡར་ཏེ་ཕྱི་ན་ལྐོག་འབྲེལ་ཡོད་པའི་བུ་མོ་དེའི་སར་སོང་བ་ཡིན། ནུབ་མོ་དེར་ལྐོག་འབྲེལ་ཡོད་པའི་བུ་མོ་དེས་ང་ལ་སྣེ་ལེན་བྱས་མ་བྱུང་། མོས་བཤད་ན་མོར་ད་ལྟ་བཟའ་སྒྲིག་རྩིས་ཡོད་པའི་དགའ་རོགས་ཤིག་ཡོད་པས་ད་ནས་བཟུང་ཁོ་ལ་ཁྲེལ་མེད་གཏན་ནས་མི་བྱེད་ཟེར། སྐད་ཆ་དེ་ནི་གཟུགས་མེད་ཀྱི་མདའ་མོ་ཞིག་དང་འདྲ་བར་ངའི་སྙིང་དཀྱིལ་ལ་ཟུག་སོང་།

ཟླ་འོད་སྔར་བཞིན་གསལ་ལ་དལ་གྱིས་ལྡང་བའི་བསིལ་རླུང་ནི་པྲ་ཆལ་གྱི་བྱིས་པ་ཞིག་དང་འདྲ་བར་ངའི་གདོང་ལ་བར་མེད་དུ་ཐལ་ལྕག་གིས་ཡང་ཡང་འབྲབ་པར་བྱེད། སྐབས་དེར་ངས་གློ་བུར་དུ་རང་གི་ཆུང་མ་སྙིང་ནས་དྲན་ཞིང་། མོས་ནམ་རྒྱུན་ལྟར་ངེད་གཉིས་ཀྱི་གཅེས་ཕྲུག་རུམ་ནས་ང་ཁྱིམ་དུ་ཐོན་པར་བསྒུག་ཡོད་ངེས། དྲང་མོར་བཤད་ན། ངའི་ཆུང་མས་ལོ་ངོ་ལྔའི་རིང་ལ་ང་རང་ལྷ་ལྟར་བཀུར་ནའང་ངས་སྔར་བཞིན་མོ་ལ་ཁྲེལ་མེད་ཀྱི་བྱ་བ་མང་བོ་ཞིག་ལས་སོང་། དེ་ནི་ང་ཁོ་ན་ཁྲམ་པ་ཞིག་ཡིན་པས་རེད་དམ་ཡང་ན་སྐྱེས་པ་ཚང་མ་ང་ལྟ་བུ་ཞིག་ཡིན་སྲིད། དོ་ནུབ་ངས་སེམས་ཀྱི་གསང་བ་ཡོད་ཚད་མོ་ལ་བཤད་དེ་དགོངས་དག་ཞུ་དགོས། ངས་དེ་ལྟར་འདོད་སྐབས་ནམ་མཁར་འཚེར་བའི་ཟླ་འོད་དེ་གསལ་གྱི་ལེར་ངའི་འགྲོ་ལམ་དུ་འཆར་ཞིང་། དེ་ནི་ཟླ་བ་ལྷ་མོས་ཆེད་དུ་ངའི་ཁ་ཕྱོགས་ལ་བསྒྲོན་པའི་འོད་སྣང་ཞིག་དང་འདྲ།
ངས་གློ་ཁུག་ལས་ལྡེ་མིག་བླངས་ཏེ་སེམས་ཆུང་ངང་སྒོ་འབྱེད་དུས། ངའི་སྙིང་ལ་བར་མེད་དུ་ཙག་ཤེད་བརྒྱུགས་ཤིང་མོ་ལ་འཆད་རྩིས་ཡོད་པའི་སེམས་གཏམ་ཡོད་ཚད་ནི་གློ་བུར་དུ་འཕྱུར་བའི་ཆུ་རླབས་ཤིག་དང་འདྲ་བར་ངའི་མིད་པ་ཕྲ་མོ་དེ་དབྲལ་ལ་ཁད་བྱེད། དགོང་མོ་དེར་ང་ནི་ཉེས་ཅན་ཞིག་དང་འདྲ་བར་གོམ་པ་ཡངས་མོས་བླངས་ཤིང། མལ་ཁང་གི་སྒོ་ཕྱེས་ནས་ངེད་གཉིས་ཀྱི་ཉལ་ཁྲིའི་ཕྱོགས་ལ་བརྩེ་བ་དང་འགྱོད་པའི་ཉམས་ཀྱིས་བལྟས་པ་ཡིན།

ཨ་ཁ་ཁ། ཨ་ཁ་ཁ། ངའི་མིག་ལམ་དུ་མངོན་ཡོང་བ་ནི་མོ་གཅིག་པུས་ནམ་རྒྱུན་ལྟར་རུམ་ཁ་དྲོན་མོས་ང་ཉལ་སའི་ཁ་མལ་དེ་བསྲུང་མེད་པར་ངའི་ཤུལ་དུ་སྐྱེས་པ་མགོ་རྡོ་ཞིག་སྒྲེན་པོར་བྱས་ནས་རུམ་འདུག མ་རེད། དེ་ནི་སྐྱེས་པ་མགོ་རྡོ་དེས་མོ་སྒྲེན་མོར་ཕུད་དེ་གྲུ་ཁུག་ཏུ་བླངས་ཏེ་ཚུར་ལ་རུམ་འདུག བློ་ཡུལ་གྱི་རྒྱ་ལས་འགོངས་པའི་མཐོང་བ་དེ་ནི་འཕྲལ་རྒྱུས་བསླད་པའི་མིག་འཁྲུལ་ཞིག་ཡིན་པ་གཏན་དུ་འཁེལ། ངས་མགོ་བོ་ནང་ལ་ལྟེམ་སྟེ་ཡང་བསྐྱར་ཞིབ་ཏུ་ལྟ་དུས་སྐྱེས་པ་མགོ་རྡོ་དེ་ནི་རང་གི་ཆུང་དུས་ཀྱི་རྩེད་རོགས་གྲྭ་བ་ཁོ་ཡིན་པ་མཐོང་བྱུང་། ཁོ་གཉིས་ཀྱི་ཉལ་སྟངས་ནི་བརྩེ་དུངས་མཚོ་ལས་ཟབ་པའི་ཁྱོ་ཤུག་ཅིག་དང་མཚུངས། དེ་ནི་མིག་འཁྲུལ་ཞིག་ག་ལ་ཡིན་ཨང་།
“ཨ། ཁྱི་ཁྱི་མོ་ངོ་ཚ་མེད་པ་ཁྱོད་གཉིས། ངས་དེ་རིང་ཁྱོད་གཉིས་གསོད་རྒྱུ་ཡིན། ”
མཐོ་ལ་འགྲག་པའི་སྐད་གདངས་དྲགས་པོ་དེ་འདྲ་ཞིག་ངས་ཅི་ལྟར་རང་གི་ཁ་ནས་གྲགས་པའང་མ་ཚོར་བར་ངའི་མལ་ཁང་ལ་ཁྱབ་དུས་ཁོ་གཉིས་ཀ་སྐྲག་མ་དངངས་ཀྱིས་གཉིད་ལས་སད་ཅིང་།  ད་དུང་ངའི་གྲོགས་པོ་གྲྭ་བ་དེས་ཡུད་ཙམ་ལ་མིག་རྡེབ་ཙམ་རྡེབ་ཙམ་བྱས་རྗེས་ངའི་ཕྱོགས་སུ་འཁོར་ནས་ཁ་གྲགས་བྱུང་། སྐབས་དེར་ཟླ་བ་ལྷ་མོས་ཀྱང་ཧ་ཅང་མཚར་སྣང་གིས་ཁོས་ཅི་ཞིག་བཤད་རྒྱུར་བསྒུག་ཡོད་པ་འདྲ་སྟེ། མོའི་གསེར་སྙན་གྱི་འོད་དཀར་རིང་མོས་ཡོ་གཟུར་མེད་པར་དྲ་ཡོལ་བརྟོལ་ནས་ངེད་གསུམ་གྱི་དབར་ལ་ཤར་ཡོང་།

“གྲོགས་པོ། བུ་མོ་དང་འཁྱུད་ནས་འདོད་པ་སྤྱད་ན་ངོ་མ་བསོར་གིཉིན་དེར་ཇ་ཁང་དུ་ཁྱོད་ཀྱིས་ང་ལ་རྫུན་བཤད་སོང་། ད་རུང་ངས་ཁྱོད་ལ་བཤད་པའི་ཁ་པར་ནང་གི་བུ་མོ་དེ་ནི་ཁྱོད་ཀྱི་ཆུང་མ་ཡིན། དྲང་མོར་བཤད་ན་ངེད་གཉིས་ལ་ལོ་གསུམ་གྱི་སྔུན་ནས་བཟུང་ལུས་འབྲེལ་བྱུང་ཡོད། ”
ཁོས་དེ་ལྟར་བཤད་རྗེས་ཅི་མི་སྙམ་པར་ངའི་ཚུགས་ཀར་ལྟ་བཞིན་གཟན་ཤམ་གྱོན་ཏེ་མལ་ཁྲི་ལས་བབ་བྱུང་། དགོང་མོ་དེར་མོ་ནི་ནམ་རྒྱུན་ལྟ་བུའི་ངའི་ཆུང་མ་དེ་དང་མི་འདྲ་བར་ཁོའི་རྗེས་སུ་འབྲངས་ཏེ་ལྭ་བ་རིམ་གྱིས་གྱོན་ཞིང་། དེ་ནས་ང་ལ་མིག་སྡང་གིས་ལྟ་བཞིན་ཁོ་དང་འདྲ་བར་མལ་ཁྲི་ལས་འབབ་ཚུལ་དེ་ནི་མ་གྲོས་རང་མཐུན་གྱི་བཟའ་ཟླ་ཞིག་དང་མཚུངས། སྐབས་དེར་ང་ལ་གར་ཡོང་མི་ཤེས་པའི་ཁོང་ཁྲོ་མེ་རི་བཞིན་འཕྱུར་བ་དང་། ཐབ་ཚང་ལས་གཏུབ་གྲི་ཞིག་བཟུང་སྟེ་ཁོ་གཉིས་ཀྱི་སྟེང་དུ་ཤོར་བ་ཡིན།
“ཁྱི་ཁྱི་མོ་གཉིས་ཀ ངོ་ཚ་མེད་པ་ཁྱོད་གཉིས་ངས་དེ་རིང་གསོད་རྒྱུ་ཡིན།ཁྱོད་གཉིས་དཔའ་ཡོད་ན་མ་འབྲོ་དང་།”
དགོང་མོ་དེར་ངའི་ཆུང་མས་ལོ་གཉིས་ཡིན་པའི་ངེད་གཉིས་ཀྱི་ཕྲུ་གུ་ཁྱེར་ནས་མགོ་རྟ་མགོ་ཞིག་དང་འདྲ་བའི་ངའི་གྲོགས་པོ་གྲྭ་བ་དེ་ལ་འགྲོགས་ནས་ཝ་མོ་བཞིན་དུ་སྒོར་བྲོས་སོང་། ང་དང་ཆུང་མ་གཉིས་ཀྱི་ལོ་ངོ་ལྔའི་བརྩེ་འདང་དེ་ཡག་ཕོ་སྒོ་དང་རྒྱུ་འབྱོར་བ་མེད་པའི་གྲྭ་བ་ཞིག་གི་ཆེད་དུ་མཇུག་བསྡུས་འགྲོ་བ་ངའི་བློ་ཡུལ་དུའང་འཆར་མ་མྱོང་། དེ་ནི་དངོས་གནས་ངོ་མཚར་བའི་རྨི་ལམ་ཞིག་དང་འདྲ།

དགོང་མོ་དེར། ང་ནི་སྐྱོ་ངལ་དང་རེ་དོགས་ཀྱི་འཇིངས་སུ་འཐིམ་ཞིང་མིག་ལམ་དུ་མངོན་པའི་མཐོང་བ་དེ་དག་ནི་དོན་དངོས་ཀྱིས་རྨི་ལམ་ཞིག་ཡིན་ན་ཅི་མ་རུང་སྙམ། ཁོ་གཉིས་བྲོས་ཤུལ་དུ་ང་ནི་ལག་ཏུ་གཏུབ་གྲི་འཆང་བའི་ཐོ་ཡོར་ཞིག་དང་འདྲ་བར་ཁ་མལ་དུ་ལུས་ཤིང་སེམས་ཀྱི་འཆར་སྒོ་ནི་མུན་ནག་གིས་བཏུམས་པའི་མཚན་མོ་ཞིག་དང་འདྲ་བར་ནག་ཐོམ་ཐོམ་བྱེད།མོ་ཅིའི་ཕྱིར་ཁོ་ལ་དགའ་བ་ཡིན་ནམ།ནག་ཐོམ་ཐོམ་གྱི་སེམས་ངོར་གློ་བུར་དུ་འདྲི་རྟོག་དེ་འདྲ་ཞིག་འཆར་བ་ནི་སྨག་ནག་གི་མཚན་མོར་དཀར་གསལ་ལེར་འཕངས་པའི་སྐར་མདའ་ཞིག་དང་འདྲ།
རེད་ཡ། མོ་ཅིའི་ཕྱིར་ཁོ་ལ་དགའ་བ་ཡིན་ནམ་་་་་་
དགོང་མོ་དེར་ངས་རང་ཉིད་ལ་ཚ་འདྲི་ཡང་ཡང་བྱས་ཤིང་རང་ཉིད་ནི་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་འཁོར་བ་བ་ཞིག་ཡིན་པར་ཐག་གིས་བཅད། ཉི་མ་ནི་སྔར་བཞིན་ཤར་ཕྱོགས་ནས་འཆར་ཞིང་ནུབ་ཕྱོགས་ནས་ནུབ་དུས། ངའི་སྟེང་དུ་བྱུང་བའི་སྐྱུག་བྲོ་བའི་གཏམ་རྒྱུད་དེ་ནི་གནམ་ས་གཉིས་ཀྱི་བར་ནས། སྔ་མོ་ནས་མདོག་འགྱུར་བའི་རས་ཆད་ཅིག་དང་འདྲ་བར་རླུང་གིས་འཁུར་ཞིང་། རླུང་གིས་འཁུར་ཏེ་ང་དང་འབྲེལ་བ་མེད་པར་གྱུར་སོང་།
“ངོ་མ་དགོངས་དག ང་ཁོ་དང་འགྲོགས་ན་འཇིག་རྟེན་སྣང་བ་མཐུན་གི ངེད་གཉིས་ལ་སྔ་མོ་ནས་ལུས་འབྲེལ་བྱུང་ཡོད། ཕྲུ་གུའང་ཁོའི་ཡིན་པས་ད་ལྟ་ང་ཚོ་ལྷན་འཛོམས་བྱུང་སོང་བ་རེད། ཁྱོད་ཀྱིས་མྱུར་དུ་བཟའ་འཐོར་འགྲོ་ལུགས་བསྒྲུབས་པར་བཀའ་དྲིན་ཆེ། ཁྱོད་ལ་བདེ་སྐྱིད་ལྡན་པར་སྨོན།”
མོས་ངའི་ཁ་པར་ལ་འཕྲིན་ཐུང་འདི་བསྐུར་དུས།ངས་གསར་དུ་ངོ་ཤེས་པའི་བུ་མོ་དེ་ལ་དུས་ཆད་བཏབ་སྟེ་ངེད་གཉིས་ཀ་ཆང་ཁང་ཞིག་གི་ནང་ན་ཡོད། འདི་ནི་མི་ལོ་དྲུག་གི་སྔོན་དུ་ང་དང་ངའི་ཆུང་མ་གཉིས་ཀྱི་བར་ལ་བྱུང་བའི་གཏམ་རྒྱུད་ཡིན་ཞིང་ངས་རང་གི་ངོ་སོ་དང་ལ་རྒྱའི་ཆེད་དུ་ཁོ་གཉིས་ཀྱི་སྐྱུག་བྲོ་བའི་བརྩེ་དུང་དེ་སུ་ལའང་བཤད་མ་མྱོང་། ང་ཆུང་མ་དང་བཟའ་འཐོར་བྱས་རྗེས་ཡང་བསྐྱར་སྣང་བ་མཐུན་པའི་བུ་མོ་ཞིག་ངོ་ཤེས་ཤིང་། ངེད་གཉིས་ད་ལོའི་ལོ་སར་སྐབས་སུ་གཉེན་སྒྲིག་བྱེད་པར་གྲོས་ཁ་འཆམ་ཡོད། ངེད་གཉིས་ཀྱི་ཐོག་མའི་ལུས་འབྲེལ་བྱུང་ས་ནི་རེབ་གོང་གི་ཆེས་ཆེ་བའི་ཆང་ཁང་ཞིག་གི་གསང་སྤྱོད་ཁང་ཡིན་ཞིང་།དགོང་མོ་དེར་མོས་ང་དང་བཟའ་སྒྲིག་རྒྱུར་ཁས་བླངས་བྱུང་། མོས་བཤད་ན་ང་ནི་མི་ཁམས་ཡངས་ཤིག་རེད་ཟེར།

དགོང་མོ་དེར་ཟླ་འོད་མེད་ལ་ཕྱི་རོལ་ན་ད་དུང་ཁ་བ་འབབ་བཞིན་ཡོད།མོ་ང་ལ་དགའ་བའི་ཕྱིར་དུ་ངས་རང་གི་ཐོབ་ཐང་དང་བྱ་བ་གཉིས་ཀ་གསང་རྒྱ་བྱས་ཤིང་། ད་དུང་རང་ཉིད་ནི་རྒྱུ་འབྱོར་བ་ཡོད་པའི་ཚོང་བ་ཞིག་ཡིན་ཚུལ་གྱི་རྫུན་གཏམ་མང་བོ་ཞིག་ཀྱང་ཤོར་སོང་།
“སྐུ་ཉིད་ལགས། གསོལ་ཇ་བཞེས་རོགས།”
ཕྱིར་དྲན་གྱི་ཀློང་ལ་འཁྱམས་པའི་ངའི་རྣམ་ཤེས་རྒོད་པོ་དེ་ཏན་སེར་བཟུང་།  དེ་ནི་ཆུ་ནང་དུ་རང་དགར་འཁྱུགས་པའི་ཉ་མོ་ཞིག་གློ་བུར་དུ་ཕྲ་ལ་རིང་བའི་ལྕགས་ཀྱུས་བཟུང་བ་དང་འདྲ། ངའི་འགྲམ་དུ་ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ་ཞིག་གིས་གུས་པའི་ཉམས་ཀྱིས་འོ་ཇ་ཅུང་ཙམ་ལས་འཐུང་མེད་པའི་ངའི་ཇ་ཕོར་དུ་ཇ་ཁ་སྣོན་གྱིན་འདུག ངས་ད་བཟོད་རང་ཉིད་ད་དུང་རེབ་གོང་མདུན་རིའི་རི་སྐེད་ཀྱི་སྤྲོ་སྐྱིད་གླིང་ཀའི་ཇ་ཁང་དུ་གཅིག་པུར་བསྡད་ཡོད་པ་རྟོགས།ད་ལྟ་ཉི་མ་ནུབ་རིའི་ཕྱོགས་སུ་བཞུད་ཡོད་ཅིང་། སྐྱོ་ངལ་དང་བདེ་སྐྱིད་ཀྱི་་ཀློང་ན་ཟང་ཟིང་ལོང་ལོང་གིས་རྒྱུ་བའི་རེབ་གོང་ནི་སྔར་བཞིན་མིག་ལམ་དུ་མངོན་འོང་། དེ་ནི་སྐྱོ་ངལ་གྱིས་དུབ་པའི་བུ་མོ་གཞོན་ནུ་མ་ཞིག་དང་འདྲ། ད་ནི་རང་ཁྱིམ་དུ་ལོག་རན་འདུག

 

 (རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།10

དཔྱད་མཆན་སྤེལ།