སྒོར་ཁུག་རྐུན་ལ་ཤོར་བ།__སྒྲུང་ཐུང་།

                                                                 གཙང་ཨ་ཚེ།

ང་ནི་ས་འདིར་ཡུལ་སྐོར་ལ་ཡོང་བ་ཡིན་ལ་སྒོར་ཁུག་རྐུན་མས་བརྐུས་སོང་བས་ཕྱིར་ཕ་ཡུལ་དུ་འགྲོ་བའི་ལམ་གླར་སྒོར་ལྔ་ཆད་པས་བྱམས་དང་ལྡན་པ་གང་གིས་སྙིང་རྗེའི་ཕྱག་ཟུང་ཕྱེས་ཏེ་སྒོར་ལྔའི་སྦྱིན་པ་ཞིག་གནང་བར་བཀའ་དྲིན་ལན་བརྒྱར་ཞུ་ཞུ།

སྣ་འཛོམས་ཚོང་རའི་རྒྱ་སྒོ་རུ་སློང་མོ་བས་སྒོར་ཁུག་རྐུན་མས་བརྐས་སོང་ཕྱིར་ཕ་ཡུལ་དུ་འགྲོ་བ་ལ་ལམ་གླར་སྒོར་ལྔ་ཆད་པས་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་མི་རེ་རེར་མཐེ་བོང་སྐམ་ལ་རུལ་བ་ཞིག་བསྒྲེང་ནས་སློང་མོ་བྱེད་ཀྱིན་འདུག  སྐབས་དེར་གསར་བུ་ལོ་ན་བཅུ་དྲུག་ཡས་མས་ཙམ་ཞིག་ཀྱང་སྣ་འཛོམས་ཚོང་རའི་སྒོ་ཁ་དེ་རུ་རྒྱུད་ནས་འགྲོ་བཞིན་ཡོད་ལ་ཁོ་ལ་ཡང་སློང་མོ་བས་མཐེ་བོང་བསྒྲེང་ནས་སྒོར་མོ་སློང་བས་སྒོར་ལྔ་གོ་ཡི་ཁུག་མ་འོད་འཁྱུག་པ་ཞིག་
ལས་བླངས་ཏེ་ཕྱིན། སློང་མོ་བས་མགོ་བོ་སྨད་དེ་བཀའ་དྲིན་ཞུས་པར་ཡང་ཁ་ཡ་ཙམ་ཡང་མི་བྱེད་པར་ཤར་སེ་སོང་།
གོམ་པ་གསུམ་བཞིའི་མཚམས་ནས་ཁ་ཕྱིར་འཁོར་ནས་འདི་ནས་རླངས་འཁོར་ས་ཚིགས་ལ་ཅི་ལྟར་འགྲོ་དགོས་ཞེས་དྲིས་པར་སློང་མོ་བས་ཐད་ཀར་སོང་ན་ཐོན་ཐུབ་ཞེས་བཤད། གསར་བུ་དེ་ནི་བློ་བཟང་རེད། འདི་ནི་ངས་ཁོ་ཐོག་དང་པོར་མཐོང་བ་ཡིན།

སྣ་འཛོམས་ཚོང་ར་ནས་མན་གྱི་བཞི་མདོ་རུ་ཐོན་དུས་ཡང་བསྐྱར་སློང་མོ་བ་ཞིག་གིས་མགོའི་ཞྭ་མོ་བསེད་ནས་མཐེ་བོང་སྐམ་ལ་རུལ་ཞིག་བསྒྲེང་ནས་སློང་མོ་བྱེད་བཞིན་འདུག  མི་ཀུན་གྱིས་ལམ་གྱི་བཞི་མདོའི་གཡོན་ཟུར་དེ་རུ་སློང་མོ་བས་སྒོར་མོ་སློང་བཞིན་པ་མཐོང་ནས་གཡས་ཟུར་གཡོན་ཟུར་ནས་གཤོལ་དེ་བུད་འགྲོ་མོད།བློ་བཟང་ཐད་ཀར་མ་གཤོལ་བར་སོང་ཞིང་ཡང་བསྐྱར་གོ་ཡི་ཁུག་མ་འོད་འཁྱུག་པ་ཞིག་ལས་སྒོར་ལྔ་བླངས་ཏེ་ཕྱིན། ཡིན་ནའང་ཁོའི་སྒོར་ལྔ་བྱིན་པར་རིན་ལེན་པ་དང་འདྲ་བར་འདི་ནས་རླངས་འཁོར་ས་ཚིགས་སུ་ཅི་ལྟར་འགྲོ་དགོས་ཞེས་དྲིས་པར་སློབ་མོ་བས་ཁྱེད་ཀྱིས་ལམ་ནོར་འདུག  རླངས་འཁོར་ས་ཚིགས་ལ་འདི་ནས་ཕྱིར་འཁོར་ནས་ཐད་ཀར་འགྲོ་དགོས་ཞེས་བཤད།

བློ་བཟང་གི་སེམས་སུ་མཚར་སྣང་དོགས་སྣང་ཅི་ཡང་མེད་པར་དེ་མུར་ཁ་ཕྱིར་འཁོར་ནས་སོང་།

སོང་གིན་སོང་གིན་ཡང་བསྐྱར་སྣ་འཛོམས་ཚོང་རའི་སྒོ་ཁར་ཐོན།དེ་རུ་སྔར་བཞིན་སློང་མ་བ་ལྭ་ལ་ལྷན་པ་མང་བོ་ཅན་ཞིག་གིས་མཐེ་བོང་སྐམ་ལ་རུལ་བ་ཞིག་བསྒྲེང་ནས་སྒོར་མོ་སློང་གིན་འདུག་པས་བློ་བཟང་གིས་སྒོར་ཁུག་འོད་འཁྱུག་པ་ཞིག་ལས་སྒོར་ལྔ་བླངས་ཏེ་བྱིན་ཞིང་རླངས་འཁོར་ས་ཚིགས་སུ་ཅི་ལྟར་འགྲོ་དགོས་པར་དྲིས་བར་སློང་མོ་བས་གན་ནས་འདི་ཕྱོགས་སར་འགྲོ་དགོས་ཞེས་ལག་པས་བཞི་མདོ་ཞིག་གི་གཡོན་ཕྱོགས་ཀྱི་ལམ་དེ་བསྟན། ཟུར་ནས་སློང་མོ་བ་གཞན་ཞིག་གིས་གན་ནས་འགྲོ་བ་ལས་འདི་ནས་སོང་ན་ཐག་ཉེ་བོ་འདུག་ཅེས་བཞི་མདོ་གཞན་ཞིག་གི་གཡས་ཕྱོགས་ཀྱི་ལམ་དེ་བསྟན། བློ་བཟང་གིས་གང་ནས་ཐག་ཉེ་ན་དེ་ནས་འགྲོ་ཞེས་བཤད་ཞོར་བཞི་མདོ་གཞན་པ་དེའི་གཡས་ཕྱོགས་ཀྱི་ལམ་དེ་དེད་ནས་སོང་།

ལམ་དེ་དེད་ནས་མདུན་ཕྱོགས་སུ་ཡུན་རིང་འགྲོ་མ་དགོས་པར་ཡང་བསྐྱར་བཞི་མདོ་ཞིག་ལ་ཐོན་ཞིང་བློ་བཟང་གིས་ཕྱོགས་ཡར་མར་ལ་ཐེངས་དུ་མར་བལྟས་ཀྱང་གང་སར་འགྲོ་དགོས་པ་མ་ཤེས་པར་ཡང་བསྐྱར་ལམ་ཟུར་དུ་མགོ་བོ་ས་རུ་གཏུགས་ནས་སློང་མོ་བྱེད་བཞིན་པའི་སློང་མ་དེ་ལ་སྒོར་ཁུག་འོད་འཁྱུག་པ་ཞིག་ལས་སྒོར་ལྔ་བྱིན་ནས་འདི་ནས་རླངས་འཁོར་ས་ཚིགས་སུ་ཅི་ལྟར་འགྲོ་དགོས་ཞེས་དྲིས་པར་སློང་མོ་བ་དེས་མདུན་ཕྱོགས་སུ་ཐད་ཀར་སོང་ན་ཐོན་ཐུབ་ཞེས་བཤད།

བློ་བཟང་དེ་མུར་ཁ་སྒོར་མོ་སློང་མཁན་དེའི་བསྟན་པའི་ལམ་ཕྱོགས་བརྒྱུད་ནས་སོང་།

སློང་མོ་བ་དེའི་བསྟན་པའི་ལམ་དེ་དེད་ནས་ཐད་ཀར་སོང་མཐར་བློ་བཟང་གཞི་ནས་ཐང་ཆད་འདུག  ད་ནི་ཁོ་རང་རང་གི་མི་ཚེ་གང་བོར་བསྙེག་པའི་ཡུལ་དེར་ཐོན་ནའང་སེམས་ཧ་ཅང་སྐྱོ་བའི་ངང་ལག་རྟེན་སར་བཞག་ནས་རང་གི་དཀར་བོར་གྱུར་བའི་སྐྲ་དང་གདོང་གི་གཉེར་མ་དག་ལ་ཞིབ་མོར་བལྟ་བཞིན་དབུགས་རིང་ཞིག་འཐེན་ནས་བསམ་གཞིགས་བྱེད་པར་འགོ་བརྩམ་སོང་། སྤྱིར་ན་བློ་བཟང་དགའ་འོས་ཏེ། དཀའ་སྡུག་གང་མང་རྒྱུད་ནས་སྙེགས་པའི་རང་གི་ཕུགས་འདུན་དེ་མངོན་གྱུར་བྱུང་སོང་བས་དགའ་ན་འོས་མོད། བློ་བཟང་སེམས་ཁུར་གྱི་གནས་སུ་ལྷུང་སོང་།

བློ་བཟང་རླངས་འཁོར་ས་ཚུགས་སུ་ཐོན་པ་ན་དང་ཐོག་ཁོ་རང་རླངས་འཁོར་ཞིག་ལ་འདུག་པར་བརྩམས་མོད་བསམ་བློ་ཞིག་བཏང་རྗེས་ཕྱིར་བབས་སོང་། དེ་ནས་ཁོས་བསམ་བློ་ཡང་ཡང་བཏང་ཡང་ཁོས་ཁོ་རང་ཉིད་གང་ལ་འགྲོ་དགོས་པ་གཞི་ནས་མ་ཤེས། དེ་བཞིན་དུ་རླངས་འཁོར་ས་ཚུགས་སུ་ཐོན་རྗེས་སུ་ཁོ་ལ་བྱ་བ་ཅི་ཞིག་ཡོད་པའང་གཞི་ནས་མ་དྲན། ཁོ་རང་དང་ཐོག་ལམ་ལ་ཆས་སྐབས་ཁོ་ལ་དམིགས་ཡུལ་ཞིག་ཡོད་ཀྱང་སྲིད་མོད། ད་ལྟ་ཁོས་ཅི་ཡང་དྲན་གྱིན་མི་འདུག  ཡང་ན་ཁོ་དང་ཐོག་ལམ་ལ་ཆས་དུས་སུའང་རླངས་འཁོར་ས་ཚུགས་སུ་ཡོངས་བ་ལས་དམིགས་ཡུལ་གཞན་མེད་དུའང་སྲིད། གར་ལྟར་ལམ་གྱི་དཀའ་སྡུག་ཡོད་ཚོད་རྒྱུད་ནས་དམིགས་འདུན་གྱི་ཡུལ་འདིར་ཐོན་དུས་ཁོ་ནི་གར་འགྲོ་འདིར་འགྲོ་མེད་པའི་ཁྱི་སྡོམ་ལོ་ལོན་ཞིག་དང་ཀུན་ནས་མཚུངས།  ཕུགས་འདུན་གྱི་ཆེད་དུ་གསོན་ཡོངས་བའི་མི་ཞིག་ལ་ཁྱི་སྡོམ་ཞེས་འབོད་ག་ལ་རུང་མོད་ཁོའི་ལུས་པོ་སྒུར་ཞིང་ན་ཚོད་ཀྱིས་གཉའ་ནས་མནན་པའི་རྣམ་པ་དེ་ནི་འཁྱར་འཁྱོར་འགྲོ་བཞིན་པའི་ཁྱི་སྡོམ་ཞིག་དང་འདྲའོ།

ཟླ་འགའི་རྗེས་ནས་ངས་བློ་བཟང་གི་མཇུག་མཐའི་གདམས་ག་དེ་ཅི་ཞིག་ཡིན་པ་ཤེས་འདོད་ནས་བློ་བཟང་གར་ཡོད་རྩད་བཅད་ནས་འདྲི་སྐབས་བློ་བཟང་ད་དུང་རླངས་འཁོར་ས་ཚུགས་སུ་འདུག་ཅེས་པས་ང་རླངས་འཁོར་ས་ཚུགས་སུ་སོང་།    བློ་བཟང་མཐོང་དུས་ཁོས་སྒོར་ཁུག་རྐུན་ལ་ཤོར་སོང་བས་སྒོར་མོ་སློང་བཞིན་འདུག།

ང་ནི་ས་འདིར་ཡུལ་སྐོར་ལ་ཡོང་བ་ཡིན་ལ་སྒོར་ཁུག་རྐུན་མས་བརྐུས་སོང་བས་ཕྱིར་ཕ་ཡུལ་དུ་འགྲོ་བའི་ལམ་གླར་སྒོར་ལྔ་ཆད་པས་བྱམས་དང་ལྡན་པ་གང་གིས་སྙིང་རྗེའི་ཕྱག་ཟུང་ཕྱེས་ཏེ་སྒོར་ལྔའི་སྦྱིན་པ་ཞིག་གནང་བར་བཀའ་དྲིན་ལན་བརྒྱར་ཞུ་ཞུ།

༢༠༡༣ལོའི་ཟླ་༡༢པའི་ཚེས་དྲུག་ཉིན།

བསྟོད།1

དཔྱད་མཆན་སྤེལ།