ཟས་ཐུན་གཉིས། — སྒྲུང་ཐུང་།

                     111221

གཙང་ཨ་ཚེ།

                                          གཅིག

ཁོང་གཉིས་མདུན་ཅོག་གི་གཡས་གཡོན་དུ་ཁ་གཏད་དུ་བསྡད་ཅིང་མཚམས་མཚམས་སུ་སྒྲོལ་དཀར་གྱིས་རིག་འཛིན་གྱི་ངོ་ལ་མིག་ཟུར་གྱིས་བལྟ་ཙམ་བྱེད་པ་ལས་མགོ་སྒུར་ནས་ཕྲེང་བའི་ཕྲེང་རྡོ་རེ་རེ་ཕར་འདེད་ཚུར་འདེད་བྱས་ཏེ་སྐད་ཆ་གཅིག་ཀྱང་མི་བཤད།རིག་འཛིན་གྱིས་ཅི་ཞིག་བཤད་རྩིས་ཐེངས་འགར་བྱས་མོད།ཁོའི་མགྲིན་པ་འགགས་འདུག་པ་ལྟར་ཅི་ཡང་མ་བཤད།ཁོང་གཉིས་ཀྱི་བར་དུ་ཡོད་པའི་མདུན་ཅོག་དཀྱིལ་བརྡོལ་བ་དེའི་སྟེང་གི་བ་མའི་ནང་དུ་ཆུ་ལྷོག་ལྷོག་ཏུ་གདུ་ཞིང་ཆུའི་རླངས་པ་ཡར་ཡར་འཕྱོ་བ་ལས་དྲི་མ་ཞིམ་པོ་ཞིག་ཁོང་གཉིས་ཀྱི་སྣ་སྒོ་རུ་འཚང་འོངས།དེ་ལྟར་ཁོང་གཉིས་ཀྱིས་སུ་ཞིག་ལ་སྒུག་ཡོད་པ་ནང་བཞིན་དུས་ཚོད་ཕྱེད་ཙམ་འགོར་ལ་ཉེ།

སྒྲོལ་དཀར་གྱི་གཞི་ནས་ཁ་གྲགས་བྱང་།
“མདུན་ཅོག་འདིའི་འོག་ཏུ་མེ་འབར་བཞིན་འདུག”

“ཡོད་ཨེ།འདིའི་ཞབས་ན་མེ་འབར་བཞིན་འདུག”རིག་འཛིན་འཚབ་འཚུབ་ཀྱིས་དེ་ལྟར་བཤད།

“ཆུ་འདི་གདུས་ཏེ་ཐག་རྒྱུ་རེད།”

“ཐག་ན་ཐག”རིག་འཛིན་མི་དགའ་བའི་རྣམ་འགྱུར་གྱིས་དེ་ལྟར་ལན་བཏབས་པ་དང་སྒྲོལ་དཀར་ལ་སྐད་ཆ་ལབ་མི་འདོད་པའི་རྣམ་འགྱུར་གྱིས་མགོ་ཕར་འཁོར་ནས་ཟ་ཁང་ནང་འུར་འུར་ཟིང་ཟིང་གིས་ཟ་མ་ཟ་བཞིན་པའི་མི་ཚོགས་ཀྱི་ཁྲོད་དུ་མིག་ཅེར་ནས་འདུག

                                           གཉིས།

“ཟ་མ་ཟོས་ཡ།ཁྱེད་ཀྱིས་ཅི་ཞིག་ལ་འདང་རྒྱག་གིན་ཡོད།”རིག་འཛིན་གྱི་ཁ་གཏད་ཀྱི་བུ་མོ་དེས་དེ་ལྟར་དྲིས།

“ཨོ།ཅི་ཡང་མ་རེད།ཟ་མ་བཟའ།”རིག་འཛིན་གཉིད་ལས་སད་པ་ལྟར་དེ་མུར་ཐུར་མ་བཟུང་སྟེ་བ་མའི་ནང་ལྷོག་ལྷོག་ཏུ་གདུ་བཞིན་པའི་སྔོ་ཚོད་བླངས་ཏེ་མདུན་གྱི་དཀར་ཡོལ་ནང་དུ་བྲོ་རྫས་སྣ་ཚོགས་ཡོད་པ་ཅན་དེའི་ནང་སྤགས་ཏེ་ཟོས།

ཁོའི་ཁ་གཏད་དུ་སྡོད་པའི་བུ་མོ་དེས་མཚམས་རེར་ཁ་པར་ནང་བལྟས་ཏེ་དགོད་ཙམ་བྱས་ཏེ་ཡ་མཚན་ཡིད་དུ་འོངས་བ་ཞིག་མཐོང་སོང་བ་བཞིན་ཁ་པར་ཁོའི་མིག་ཁར་སྟོན་པ་དང་།ཡང་མཚམས་རེར་འདི་ཟོས་དང་ཟེར་ནས་མདུན་གྱི་ལྷོག་ལྷོག་ཏུ་གདུ་བཞིན་པའི་བ་མའི་ནང་ནས་སྔོ་ཚོད་བླངས་ཏེ་ཁོའི་ཁ་ནང་དུ་བྱིའུས་བྱིའུ་ཕྲུག་ལ་འབུ་སྟེར་བ་ལྟར་འཇོག ཁོ་དེ་ལྟར་བྱེད་པར་རྩ་བ་ནས་མི་དགའ་ནའང་དགའ་མདོག་གིས་མཛུམ་དམུལ་དམུལ་བྱེད།སྐབས་རེར་ཁོའི་ཁ་གཏད་དུ་སྡོད་པའི་བུ་མོ་དེས་ཁོར་མོས་ཅི་ཞིག་ཟ་བར་འདོད་ཟེར་དུས་ཁོ་ཡར་ལངས་ནས་ཟས་སྡིངས་ཐོག་ནས་ཟ་མ་ཁྱེར་འོངས་ཏེ་མདུན་གྱི་ལྷོག་ལྷོག་ཏུ་གདུ་བའི་ཆུ་ནང་དུ་འདེབས།

“རིག་འཛིན་ཡ།རིག་འཛིན།ཁྱེད་ལ་ཅི་ཞིག་མ་འགྲིག་པ་རེད།”ཁོའི་ཁ་གཏད་དུ་སྡོད་པའི་བུ་མོ་དེས་ཁོ་ལ་དེ་ལྟར་དྲིས།

“ཅི་ཡང་མ་རེད།”རིག་འཛིན་གྱིས་དེ་ལྟར་བཤད་དེ་ཁ་པར་བླངས་ཏེ་ཁ་པར་ནང་དུ་བལྟས། “ང་སྤྱོད་ཁང་ལ་འགྲོ་དགོས།ངའི་ཁུག་མར་ལྟོས།”ཁོའི་ཁ་གཏད་དུ་སྡོད་པའི་བུ་མོ་དེས་ཀྱང་མུ་མཐུད་དུ་མ་དྲིས་པར་དེ་ལྟར་ཟེར་ནས་ཡར་ལངས་ཏེ་བུད་སོང་།

རིག་འཛིན་གྱིས་ལྷོག་ལྷོག་ཏུ་གདུ་བཞིན་པའི་མདུན་གྱི་བ་མའི་ནང་གི་ཆུ་ལ་བལྟས་ཏེ་བསྡད།

གསུམ།

“ལྟོས།མི་གན་ལ་ལྟོས་དང་།ཁོས་འབུ་སྐྲག་སྣང་སྐྱེ་བ་གན་ཟོས་ཐལ།”སྒྲོལ་དཀར་གྱིས་ཟ་མ་ཟ་བཞིན་པའི་མི་ཚོགས་ཀྱི་ཁྲོད་དུ་བལྟས་ཏེ་དེ་ལྟར་བཤད།

“འདི་ཚོ་སྐྲག་རྒྱུ་མི་འདུག”རིག་འཛིན་སྔར་བཞིན་དགའ་ཡི་མེད་པའི་རྣམ་འགྱུར་གྱིས་དེ་ལྟར་བཤད།

“ཨ་མའི་ཤཆུ་འདིའི་ནང་ནས་བླངས་ཏེ་ཟ་བཞིན་འདུགཆུ་འདིའི་ནང་ན་འབུ་སྐྲག་སྣང་སྐྱེ་བ་གན་འདྲ་ཡང་འདུག”

“ངོ་མ་ཨེ།”རིག་འཛིན་གྱིས་ཁོང་གཉིས་ཀའི་མདུན་གྱི་ལྷོག་ལྷོག་ཏུ་གདུ་བཞིན་པའི་བ་མའི་ནང་དུ་ཆུ་ལས་ཁ་ནང་ཟ་རྒྱུ་ཅི་ཡང་མེད་པ་མཐོང་བཞིན་དུ་ད་དུང་འབུ་སྐྲག་སྣང་སྐྱེ་བ་དེ་འདྲ་ཞིག་ཡོད་དོགས་ཀྱིས་ཆུ་ནང་དུ་ལྟ་བཞིན་དེ་ལྟར་བཤད།

“ངེད་གཉིས་སོང་ན་བཟང་།ད་དུང་ང་མཇལ་བ་ཞིག་གིས་འབུ་ཤ་ཟ་ག་ལ་རུང་།”

“ངོ་མ་ཨེ།འགྲོ་ན་འགྲོ།”རིག་འཛིན་དེ་མུར་མཛུམ་དམུལ་ལེར་གྱུར་ཅིང་ད་བར་དུ་སྒྲོལ་དཀར་གྱིས་སྐད་ཆ་དེ་བཤད་པར་སྒུག་བསྡད་པ་བཞིན་ཡར་ལངས་རྩིས་བྱས།

“ངས་ཟ་མ་འདི་རིག་ན་སྐྲག་སྣང་སྐྱེ།”སྒྲོལ་དཀར་གྱིས་ཀྱང་དེ་ལྟར་བཤད་བཞིན་ཡར་ལངས།

བཞི།

“ཁྱོད་ཟ་མ་དེ་རིག་ན་སྐྲག་སྣང་ལོས་སྐྱེ་ཨང་།”རིག་འཛིན་གྱིས་དེ་ལྟར་ཁེར་ལབ་བྱས་ཏེ་ཁེར་དགོད་བྱས།

“ཝེ།བ་མའི་ནང་ན་དེ་འདྲ་དགོད་བྲོ་བ་ཞིག་ཡོད་ཨང་།ཁྱོད་ཅི་ཞིག་ལ་དགོད་ཀྱིན་ཡོད།”ཁོའི་ཁ་གཏད་དུ་སྡོད་པའི་བུ་མོ་དེ་སྤྱོད་ཁང་ནས་ཕྱིར་ཐོན་ཏེ་ཁོའི་ཁ་གཏད་དུ་བསྡད།

“ཅི་ཡང་མ་རེད།ཤོག་བུ་འདི།”རིག་འཛིན་གྱིས་ཤོག་བུ་ཞིག་བླངས་ཏེ་མོར་ལག་པ་བཀྲུས་པའི་ཆུ་ད་དུང་ལག་པའི་སྟེང་དུ་ཡོད་པ་འབྱིད་བྱེད་དུ་བྱིན།

“ང་ལ་དོན་དག་ཅིག་ཡོད།ལྟོ་བ་ཡང་བརྒྱགས་སོང་།ད་ཕྱིར་འགྲོ་རྒྱུ།”ཁོའི་ཁ་གཏད་དུ་སྡོད་པའི་བུ་མོ་དེས་ཁུག་མ་ལག་ཏུ་བླངས་ཏེ་འགྲོ་རྩིས་བྱས།

“འགྲོ་ན་འགྲོ།འགྲོ།”རིག་འཛིན་ཡང་ཡར་ལངས་ཏེ་རྐུབ་སྟེགས་ཀྱི་རྒྱབ་ཏུ་ཡོད་པའི་སྟོད་ལྭ་བླངས་ཏེ་གོན།

                                             ལྔ།

རིག་འཛིན་ཕྱིར་མལ་ཁང་དུ་ཡོང་སྟེ་མལ་ཁྲིའི་ཐོག་ཁ་སྦུབ་ཏུ་ལོག་ནས་མི་ལོ་བཞིའི་སྔོན་དེར་ཐོག་མར་གྲོང་ཁྱེར་འདིར་སློབ་གྲྭར་ཐོན་དུས་ཀྱི་སྐབས་དེར་ཕྱིར་དྲན་བྱས།དེ་ནི་སྟོན་ཁ་ཞིག་ཡིན་ལ་ཨ་ཁུ་དབང་རྒྱལ་ཚང་ལྷ་སར་མཇལ་སྐོར་དུ་འགྲོ་བར་འགྲོགས་ཏེ་ཐོག་མར་གྲོང་ཁྱེར་འདིར་ཐོན།ད་དུང་དེ་དུས་ཨ་ཁུ་དབང་རྒྱལ་རྒན་རྒོན་གཉིས་ཀྱིས་ཁོ་ཁོང་ཚང་གི་མག་པར་ཨེ་ཉན་གྱི་འདུན་པ་ཡོད་པ་དང་།ད་དུང་ལམ་བར་དུ་ཁོ་དང་ཁོང་ཚང་གི་བུ་མོ་གཉིས་རླངས་འཁོར་ནང་མཉམ་དུ་འདུག་ཏུ་བཅུག་པ་དང་གྲོང་ཁྱེར་དུ་ཐོན་རྗེས་ཁོང་གཉིས་ཨ་ཁུ་དབང་རྒྱལ་གྱིས་བསམ་གཟས་ཏེ་སྲང་དུ་བཏང་བ་སོགས་རེ་རེ་བཞིན་ཡིད་ལ་འཁོར།ཁོས་སེམས་སུ་ད་ལྟའམ་ཡང་ན་མ་འོངས་པར་ཐེངས་གཅིག་སྒྲོལ་དཀར་དང་ལྷན་དུ་གྲོང་ཁྱེར་དུ་འཛོམ་པའི་གོ་སྐབས་བྱུང་ན་ཅི་མ་རུང་བསམས།

                              དྲུག

“ཁྱོད་བུ་མོ་དེ་དང་ལྷན་དུ་མ་སོང་ངམ།”སློབ་གྲོགས་བསྟན་པ་མལ་ཁང་ནང་འཛུལ་ནས་རིག་འཛིན་ལ་དེ་ལྟར་བཤད།

“ངོ་རྫོགས་རྒྱུ་མ།དེ་ཁ་པར་ནང་ནས་བཤད་པ་དེ་ལྟ་བུ་མ་རེད།”

“མོས་ཅི་ཟེར།ང་ལ་ཤོད་དང་།ངས་ཁྱེད་ལ་དབྱེ་ཞིབ་ཅིག་བྱེད།”སློབ་གྲོགས་བསྟན་པ་མལ་ཁྲིའི་སྟེང་འདུག་ཞོར་དེ་ལྟར་བཤད་ཅིང་རིག་འཛིན་ལ་ལན་འདེབས་དབང་མ་བྱིན་པར་ཡང་བསྐྱར།

“འདི་བྱེད་ཐུབ་རྒྱུ་ཨེ་རེད།”སློབ་གྲོགས་བསྟན་པས་མཐེ་བོང་གོང་མཛུབ་དང་དཀྱིལ་མཛུབ་ཀྱི་བར་ནས་ཚུར་ཕུད་དེ་དེ་ལྟར་དྲིས།

“རེ་བ་ཡོད་རྒྱུ་མ་རེད།”རིག་འཛིན་གྱིས་ཀྱང་མཐེ་བོང་གོང་མཛུབ་དང་དཀྱིལ་མཛུབ་ཀྱི་བར་ནས་ཚུར་ཕུད་བ་དེས་དོན་ཅི་ཞིག་མཚོན་པ་ཤེས་སོང་བ་བཞིན་དེ་ལྟར་བཤད།

“ཁྱེད་ཀྱི་སྣ་དེས་དྲི་ཞིམ་སྣོམས་པ་དང་མིག་དེས་མཛེས་མ་མཐོང་པ་ལས་གཞན་གྱི་བདེ་སྐྱིད་ཅིག་མཐོང་ཐུབ་རྒྱུ་མ་རེད།”

“ཝེ།དེ་རིང་ངོ་མ་ཟ་ཁང་དེ་སོང་ནས་ཟ་མ་ཟོས།”རིག་འཛིན་གྱིས་སྣ་དེས་དྲི་མ་ཞིམ་སྣོམས་ཟེར་དུས་དོན་དག་ཅིག་ཡིད་ལ་དྲན་པ་བཞིན་དེ་ལྟར་བཤད།

“དེ་རིང་ཡང་ཟ་མ་སྣ་ཡིས་ཟོས་པ་ཡིན་ནམ།”སློབ་གྲོགས་བསྟན་པ་དགོད་ཤོར་ཞོར་དུ་དེ་ལྟར་དྲིས།

“མིན་དེ་རིང་ཁ་ཡིས་ཟོས་མོད།སྔོན་གྱི་སྣ་ཡིས་བསྣོམ་པ་ལྟ་བུའི་བྲོ་བ་ཞིམ་པོ་དེ་མི་འདུག”རིག་འཛིན་གྱིས་གཟབ་ནན་གྱིས་དེ་ལྟར་ལན་བཏབ།

“དེ་ན་བ་མའི་ནང་གི་ཆུ་གདུས་ནས་ཨེ་ཐག་ཐལ།”སློབ་གྲོགས་བསྟན་པས་རིག་འཛིན་གྱི་སྐད་ཆར་དོ་སྣང་ཆེན་པོ་བྱེད་ཀྱིན་མེད་པ་འདྲ།

“ཝེ།དེ་དུས་ངས་རང་འདེམས་ཟ་ཁང་ནས་རང་ཉིད་ཀྱིས་ཟས་སྡིངས་ཐོག་ནས་ཟ་མ་ལེན་དགོས་པ་ངོ་མ་མ་ཤེས།”

“དེ་ཁྱེད་རིག་འཛིན་ཡིན་པའི་རྟགས་རེད།”སློབ་གྲོགས་བསྟན་པ་རིག་འཛིན་གྱི་སྐད་ཆ་དེ་དག་ལ་སུན་གྱིན་པའི་རྣམ་འགྱུར་གྱིས་དེ་ལྟར་བཤད།

“དེ་དུས་ངོ་མ་ཆུ་དེ་གདུས་ཏེ་ཐག་ལ་ཉེ་བ་བྱས་སོང་།”རིག་འཛིན་སྔར་ལས་སྤྲོ་བ་ལྡན་པས་ངང་དེ་ལྟར་བཤད།

“དེ་ལོས་ཐགཁྱེད་ཀྱིས་སྣ་ཡིས་འཐུང་སོང་བ་རེད།”སློབ་གྲོགས་བསྟན་པ་དངོས་གནས་རིག་འཛིན་གྱི་ལབ་གླེང་འདིར་སུན་གྱིན་ཡོད་པ་འདྲ།

“བསྟན་པ།ཁྱོས་ཡག་པོར་ཉོན་དང་ངས་ཁྱོད་བཤད།”

“དོན་དག་དེ་ཁྱེད་ཀྱིས་ངར་ཐེངས་སྟོང་ཞིག་ལའང་བཤད་དང་།འབྲོག་མོ་ཞིག་ཁྲིད་དེ་རྒྱ་ཁོག་ཟ་ཁང་ཞིག་ཏུ་སོང་ནས་ཟ་མ་མ་ཟོས་པར་ཆུ་གདུས་ཏེ་ཐག་ཏུ་བཅུག་བཞག་པའི་ཁྱེད་ཀྱི་མཛད་རྗེས་རླབས་ཆེན་དེ་རེད་ཨེ།”སློབ་གྲོགས་བསྟན་པ་གཞི་ནས་རིག་འཛིན་གྱི་ལབ་གླེང་ཉན་འདོད་མེད་པའི་རྣམ་འགྱུར་བསྟན།

“དེའི་ནང་ནས་དོན་དག་གལ་ཆེན་ཞིག་ཁྱེད་ལའང་གསང་ཡོད།”

“ཅི་ཞིག་ཡིན།”སློབ་གྲོགས་བསྟན་པ་སྤྲོ་བ་རྒྱས་བྱུང་བའི་ཉམས་ཀྱིས་དེ་ལྟར་དྲིས།

“དེ་དུས་ང་འཚབ་སྟེ་ཟ་ཁང་ལ་རྩིས་རྒྱག་རྒྱུ་བརྗེད་དེ་སྒོར་ཐོན་དང་།”

“དེ་ནས།”སློབ་གྲོགས་བསྟན་པ་ངོ་མ་ཉན་འདོད་སྐྱེས་བྱུང་།

“མོས་བྱིན་དང་ཟེར།”

“མོས་དུ་བྱིན་དང་ཟེར།”

“མོས་ལག་གི་སྒོར་མོ་ཚང་མ་བྱིན་དང་ཟེར།”

“དེ་རིང་སུས་བྱིན།”སློབ་གྲོགས་བསྟན་པས་ཡང་བསྐྱར་དེ་ལྟར་དྲིས།

“ངས་བྱིན་དང་”།རིག་འཛིན་གདུང་འགྱོད་དང་བཅས་དེ་ལྟར་བཤད།

“ཁྱོད་འདི་རིག་ཡག་རེད།ཁ་ཡིས་ཟོས་པར་མ་གཏོགས་རྣ་ཡིས་སྣོམ་པར་གླ་མི་སྟེར་ཨེ།”

“ཡིན་ཀྱང་།སྒྲོལ་དཀར་གྱིས་རྣ་ཡིས་སྣོམ་པར་སྒོར་མོ་ཚང་མ་བྱིན་དང་།”རིག་འཛིན་གྱིས་དེ་ལྟར་ཟེར་ནས་དགད་བྱུང་།

                                                   བརྒྱད།

རིག་འཛིན་དང་ཁོའི་སློབ་གྲོགས་བསྟན་པ་རང་རང་ས་ནས་ཧབ་ཆ་བརྒྱབ་སྟེ་བགད།བསྟན་པ་དགོད་ཞོར་དུ་དགུན་གནང་སྐབས་ཁྱོད་ཡུལ་ནས་མོར་ཐུག་དུས་མོས་ཁྱོད་ལ་ཅི་ཞིག་བཤད་སོང་བ་ཁྱོས་དྲན་ནམ་ཟེར་།

“ཁ་ལ་མ་རེག་པར་ཆུ་ལྷོག་ལྷོག་ཏུ་གདུས་ཏེ་ཐག་སོང་བའི་ཟ་མ་དེའི་དྲི་མ་ཞིམ་པོ་ཡོད་ཟེར།”

༢༠༡༥/༡༠/༡༨

བསྟོད།11

དཔྱད་མཆན:

དཔྱད་མཆན 2 ཡོད། སྐུ་མགྲོན: 2 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

    • གཙང་ཨ་ཚེ།
      གཙང་ཨ་ཚེ།སྤེལ་དུས་ནི།  

      ལགས་སོ། ། ཀློག་པོའི་རེ་འདུན་སྐོང་བ་ནི་རྩོམ་པོའི་ཆེས་ཆེ་བའི་འོས་འགན་ཡིན་ནོ།།

དཔྱད་མཆན་སྤེལ།