སྒྲུང་གཏམ༼སྒོར་མོ་གཅིག༽གི་བཀླགས་ཚོར།

གཅིག སྒྲུང་གཏམ་མདོར་བཀྲམ་པ།

དེ་རིང་ཉིན་གུང་གི་དུས་ཚོད་བེད་སྤྱད་དེ་གྲོགས་མེལ་ཚེ་ལགས་ཀྱི་གསར་བྲིས་སྒྲུང་ཐུང༼སྒོར་མོ་གཅིག༽ཅེས་པ་ཤོག་ངོས་སུ་བླངས་ནས་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན། སྒྲུང་ཐུང་འདིའི་བྱུང་རིམ་ནི་འཁྲལ་འཁྲུལ་གྱ་གྱུ་ལྟ་བུ་མ་ཡིན་པར་སྟབས་བདེ་སླ་བཅོས་ཤིག་རེད། སྒྲུང་གཏམ་གྱི་བྱུང་རིམ་གཙོ་བོ་ནི་བྱིས་པ་ཚེ་རིང་གིས་འབྲི་དེབ་དགེ་རྒན་ལ་ཡར་སྤྲད་ཀྱང་། དགེ་རྒན་གྱི་བུ་ཕྲུག་གཉིས་ཀས་ཚེ་རིང་གི་འབྲི་དེབ་བརྐུས་ཡོང་ནས་ཁ་རོག་གེར་དེའི་རྒྱབ་ཤུན་བཀོག་སྟེ། ཁོ་གཉིས་ཀྱི་རྩེད་ཆས་འཕུར་མདར་གཤོག་སྒྲོ་ལས་སྤྱད་བྱས་ལ། དོན་དེ་དགེ་རྒན་གྱིས་ཡུད་ཙམ་ལ་མ་ཚོར་བར་ཚེ་རིང་ལ་ཡང་དང་བསྐྱར་དུ་འབྲི་དེབ་ཡར་སྤྲོད་དགོས་ཞེས་བཤད་ཀྱང་། ཚེ་རིང་གིས་འབྲི་དེབ་ཡར་སྤྲད་ཟིན་ཞེས་ཨུ་ཚུགས་མཐའ་འཁྱོལ་བྱས་པའི་གོ་རིམ་ཁྲོད། གཅར་རྡུང་དང་བཀའ་བཀྱོན་མང་དུ་བཟེད་དགོས་བྱུང་ཁར། འབྲི་དེབ་གསར་བ་ཉོ་བྱེད་ཀྱི་སྒོར་མོ་བཙལ་ཆེད་འཛིན་གྲྭའི་ནང་གི་འདུག་རོགས་ཀྱི་མའི་གམ་ནས་བསྐྱི་བསམ་རུང་དེ་ཡང་འདོད་ཐོག་ལ་མ་ཡོང་། མཐར་ཁྱིམ་གྱི་སྒོར་མོ་གསོག་ཆས་ཤིང་སྒམ་ལས་སྒོར་མོ་གཅིག་ཕྱིར་བརྐུས་ཏེ། སྙུག་སྒམ་གྱི་མཐིལ་ལ་སྦས་པ་ཕ་མ་གཉིས་ཀྱིས་གཏན་དུ་མ་ཚོར་ནའང་། ཨ་མས་རང་གི་བུ་ཚེ་རིང་ལ་སྒོར་མོའི་དགོས་མཁོ་ཡོད་པ་ཚོར་ནས་སྒོར་རྡོག་གཅིག་གཉིད་དུ་ཡུར་བའི་ཚེ་རིང་གི་ཨམ་ཕྲག་ཏུ་བཅུག་ལ། ཕྱི་ཉིན་ཚེ་རིང་སྔ་མོར་ལངས་ནས་སློབ་གྲྭར་འགྲོ་སྐབས་ཨ་མས་སྒོར་མོ་གཅིག་བྱིན་པའི་དོན་དེར་གསལ་འདེབས་བྱ་བསམ་རུང་། ཚེ་རིང་འབྲི་ཤོག་གསར་བ་ཉོ་འདོད་ཀྱི་བློས་མྱོས་ནས་གསལ་འདེབས་བྱེད་དབང་མ་བྱིན་པར་བྱ་འཕུར་བ་ལྟར་སློབ་གྲྭའི་ཕྱོགས་སུ་ཆས་པས། དོན་དེ་ཚེ་རིང་གིས་ཤེས་ཐབས་བྲལ།  ཚེ་རིང་དགོན་པའི་ནང་དུ་སོང་ནས་གྱན་ཐང་དང་ལྷ་སྐུའི་མདུན་གྱི་ཤོག་སྒོར་ལ་ཧད་ནས་འདུག་སྐབས། ཐང་དུ་སྒོར་རྡོག་གཅིག་སར་ལྷུང་བ་མཐོང་ནས་ཡར་སྒྲུག་པ་ན། འདུ་ཁང་ཕུག་སྒོར་ལངས་པའི་ཨ་ཁུ་ཞིག་གིས་དེ་མཐོང་བ་ན། ཁོས་ལ་མོར་སྒོར་མོ་དེ་མཆོད་སྟེགས་སུ་བཞག་ནའང་།  ཨ་ཁུ་དེས་ཚེ་རིང་ནི་མཆོད་མདུན་གྱི་སྒོར་མོ་བརྐུ་མཁན་ཞིག་ལ་ངོས་བཟུང་ནས། ཚེ་རིང་ལ་གཅར་རྡུང་བྱས་པ་མ་ཟད། ད་དུང་ཚེ་རིང་གི་ཨམ་ཕྲག་སྔོག་སྟེ་ནང་ནས་སྒོར་རྡོག་གཅིག་བཏོན་ཡོང་། དེ་ནི་ཚེ་རིང་ལ་མཚོན་ན་ཧ་ལས་དགོས་པའི་དོན་གློ་བུར་བ་ཞིག་རེད། སྟབས་ཡག་པ་ཞིག་ལ་མི་ཚོགས་ཀྱི་ཁྲོད་ནས་ཨ་མ་གློ་བུར་འཛུལ་འོང་ནས་ཁོ་ཨ་ཁུའི་ལག་ནས་འཁྲིད་དེ། ཕྱིར་རང་ཁྱིམ་དུ་ལོག་ཁར་དོན་གྱི་འབྱུང་ཁུངས་མ་ལུས་གསལ་བཤད་བྱས་པ་རེད།ཤོག་ངོས་རེ་དྲུག་གིས་གྲུབ་པའི་སྒྲུང་གཏམ་འདིར། ཚེ་རིང་ལ་གླེང་འགེལ་བྱས་པའི་དོན་གཉིས་བྲིས་ཡོད་པ་མཇུག་མཐར་ཚེ་རིང་གིས་རང་ཉིད་ཉེས་མེད་ཉེས་འགེལ་ཡིན་པ་གཞི་ནས་ཚོར་ཡོད། གོ་རིམ་དེ་དག་གི་ཁྲོད་སྐྱོན་གྱིས་མ་བསླད་པའི་ཞིང་གྲོང་གི་བྱིས་པ་ཞིག་ལ་གདོད་ནས་མངའ་བའི། དྭངས་གཙང་དང་ཡ་ཡོ་མེད་པ། འཚེར་སྣང་ལྡན་ལ་རང་བཀུར་རང་བརྩིས་ཀྱི་བསམ་བློ་ཆེ་བ། ཁོག་སྡུག་ཁ་ནས་མི་བྱོ་བར་ཁོག་ལ་འཛིན་པ་བཅས་ཀྱི་ཁྱད་ཆོས་གློག་བརྙན་བཞིན་གསོན་གཟུགས་བཀྲ་བའི་ངང་ལྷུག་བརྗོད་སྤྲོས་སྟངས་ལས་མངོན་དུ་བཅུག་ཡོད་པ་མ་ཟད། ད་དུང་བྱིས་པ་ཚེ་རིང་གིས་སྐྱོན་མེད་སྐྱོན་འཛུགས་དང་གླེང་འགེལ་གྱི་དོན་བྱ་དེའི་རིགས་ལ་གདོང་གཏོད་སྐབས། འདུ་ཤེས་ཀྱི་ཟབ་ས་ནས་སྤྲིན་བཞིན་འཕྱུར་ཞིང་སྨུག་བཞིན་འཐིབས་པའི་ནང་སེམས་ཀྱི་ཁེར་སྡུག་མ་ལུས་ཕྱིའི་ལྗོངས་རྣམ་དང་ཏིལ་ལ་ཏིལ་མར་འདྲེས་པ་བཞིན་སྤེལ་མར་སྦྱར་བ་ཤིན་ཏུ་ཡག་པོ་བྱུང་སོང་། སྒྲུང་ཐུང་འདི་བཀླགས་རྗེས། རང་ཉིད་དུས་ཚོད་ཀྱི་ལྡོག་ལམ་སྙེག་ནས་ཕྱིར་བྱིས་དུས་ཀྱི་སློབ་ཆུང་དུས་སྐབས་ལ་བསྐྱལ་འགྲོ་བས། དངོས་འབྲེལ་ཡག་པོ་བྱུང་ཡོད་མོད། སྐྱོན་མེད་པ་ཞིག་གཞར་ཡང་མ་ཡིན་ནོ། །

གཉིས།  སྒྲུང་གཏམ་འདིའི་ལེགས་ཉེས་ཀྱི་ཆ།

སྒྲུང་གཏམ་འདིའི་ལེགས་པའི་ཁྱད་ཆོས་གཙོ་བོ་ནི་བྱུང་རིམ་གཏན་ཚིགས་དང་ལྡན་ལ། ལྷུག་བརྗོད་སྤྲོས་སྟངས་བབ་ཆགས་ཡིན་པ། བྱིས་པ་ཞིག་གི་ནང་སེམས་ཀྱི་ཞིབ་ཆ་བྲིས་པ་ཅུང་ཆགས་སྡང་གི་གཏན་ཚིགས་དང་ཐག་ཉེ་བ་བཅས་ཡིན་པ་དེ་རེད། སྒྲུང་འདིའི་མི་འདང་ས་ནི་རྩོམ་པ་པོར་སྒྲུང་གཏམ་འབྲི་བའི་ཚོར་བ་སྐྱེན་པོ་ཞིག་ཡོད་ནའང་། ཞིབ་འབྲི་བྱ་ཡུལ་ལ་ལ་ཚོར་སྣང་གིས་བཅིངས་ཐལ་ཆེ་བ་དང་། ནང་སེམས་ཞིབ་བརྗོད་བྱེད་དགོས་ས་ལ་ལར་དགོས་མེད་ཀྱི་ཚིག་ལྷག་མང་པོ་ཐོན་ཡོད་པ། ཞིབ་ཕྲའི་བྱུང་རིམ་ཁག་དབར་གྱི་གཏན་ཚིགས་དམ་དུ་སྦྲེལ་བ་ཞིབ་ཆ་མིན་པ། ཞིབ་འབྲིའི་ཚིག་ལ་ལས་ནང་སེམས་ཀྱི་འདོད་དོན་རྡོག་རྡོག་པོ་དེ་ཇི་བཞིན་སྟོན་མ་ཐུབ་པར་རེངས་པར་ལུས་པ་སོགས་ཀྱི་སྐྱོན་མཆིས་སོ། །

བསྟོད།4

དཔྱད་མཆན་སྤེལ།