[འོས་སྦྱོར]ནར་མ་སོན་པའི<<ཡིད་འཕྲོག་ལྷ་མོ>>


 
བསོད་ནམས་རྡོ་རྗེ།  ཟི་ལིང་།  

ཉེ་བའི་ལོ་འདི་འགའི་རིང་ལ། གྲོང་ཁྱེར་ཟི་ལིང་དུ་འཚོ་བ་རོལ་མཁན་ཞིག་ལ་མཚོན་ན།  བོད་ཀྱི་གློག་བརྙན་གསར་པ་དང་ཟློས་གར་གསར་པ།  དུས་སྟོན་རྙིང་བ། དཔེ་དེབ་རྙིང་པ་སོགས་ལ་མྱོང་རོལ་བྱ་རྒྱུ་ནི། རིགས་ཞེན་གྱི་དུངས་པ་སྔོན་དུ་སོང་བའི་དགའ་ཁ་འཁྱེར་ཕྱོགས་ཤིག་ཡིན་པ་གུས་པ་རང་ལ་མཚོན་ན་དོན་དངོས་ཉིད་དེ།  སྔ་ཕྱིར། བོད་ཀྱི་གློག་བརྙན<<ཐར་ལོ>> དང <<གཙང་པོ>> <<ང་ཡི་ཆང་གསོལ་རོགས>> <<ལག་དམར>>བཅས་དང་།  བོད་ཀྱི་ཟློས་གར་ཆེན་མོ<<སྲོང་བཙན་སྒམ་པོ>>དང<<ཡིད་འཕྲོག་ལྷ་མོ>>ལ་བལྟས་ཤིང་། དུས་སྟོན་རྙིང་བ“བོད་ཀྱི་ལོ་སར”དང“ཟི་ལིང་བོད་ཚོགས”སོགས་ལ་རོལ་ནས། ནམ་རྒྱུན་བོད་ཡིག་དཔེ་རྙིང་རེ་ཀློག་ཅི་ཐུབ་བྱེད་པ་ནི། ཕ་ཡུལ་དང་ཁ་ཐག་མི་རིང་ཡང་། འཚོ་བའི་རོལ་སྟངས་ཡེ་ནས་མི་འདྲ་བའི་གནའ་མཁར་ཟི་ལིང་ནས་རང་ཉིད་འབོར་དོགས་སམ། རང་རྒྱུད་དུ་བག་ལ་ཞ་བའི་རིགས་ཀྱི་དུངས་ཞེན་དེས་སྐུལ་བ་ག་ལ་མིན་ཨང་།  
  བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེན་མོ<<ཡིད་འཕྲོག་ལྷ་མོར>>བལྟས་པའང་དེ་ལས་མ་འདས་པས།  ད་ལྟ་བསམ་ན་དགའ་འོས་པའི་དོན་ཞིག་ཡིན་ཏེ། ཉིན་དེར་བློ་ཁ་མཐུན་པའི་གྲོགས་པོ་འགའ་འགྲོ་རོགས་སུ་ཡོད་ཅིང་། ཟློས་གར་ཁང་དུ་རིགས་མཐུན་སྤུན་ཟླ་མང་པོ་གདན་གཅིག་ཏུ་འཛོམས་པས། “བོད་ཚོགས” ཀྱི་སྐབས་སུ་མ་གཏོགས་མཐོང་དཀོན་པའི་ཉམས་དགའི་འདུ་འཛོམས་ཤིག་བྱུང་ཞིང་། མི་རིགས་གཞན་གྱི་ལྟད་མོ་པ་མང་པོས་ཀྱང་།  ཟློས་གར་ནང་གི་མི་སྣའི་གྱོན་ཆས་དང་།  གླུ་སྐད།  གར་སྟེགས་ཀྱི་ཇུས་འགོད་སོགས་ལ་བལྟས་ནས་ཧ་ལས་མདོག་སྟོན། དེ་བཞིན། གུས་པ་རང་ཉིད་ལ་མཚོན་ནའང་། བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེན་པོ་འདི་འདྲ་ཞིག་མ་ཉམས་རྒྱུད་འཛིན་བྱས་པ་ཁོ་ནས་ཀྱང་སེམས་དྲོ་ལ། གླུ་སྐད་སང་སང་དང་ཞབས་བྲོ་ལྡེམ་ལྡེམ་འཁྲབ་པ་གཅིག་པུས་ཀྱང་སེམས་འགུལ་ཐེབས་པ་ཞིག་ཅི་ལ་མིན་ཨང་།


  ཡིན་ནའང་ཟློས་གར་འཁྲབ་མགོ་བརྩམས་པ་ནས་བཟུང་། གཅིག་འཕྲོར་བྱུང་བའི་གནད་དོན་གང་མང་ཞིག་གིས་སུན་སྣང་འཕྲོ་རིམ་འཕྲོར་བསྐྱེད་པའང་། ལྟ་མཁན་རང་ཉིད་དང་འབྲེལ་ བ་དམ་ཟབ་ཡོད་དུ་ངེས་ཀྱང་། ཟློས་གར་དང་ཡང་འབྲེལ་བ་མེད་མི་སྲིད་པས། དེ་དག་རེ་རེ་བཞིན་གུས་པ་མི་སྒེར་གྱི་བསམ་འཆར་ཙམ་གྱི་ཚུལ་དུ་བཏོན་ན། དང་པོ་ནི་འཁྲབ་ཚིག་གིས་བསྐྱེད་པའི་སུན་སྣང་རེད། འཁྲབ་ཚིག་གི་འབྲུ་མི་གསལ་བ་དང་། རོལ་དབྱངས་དང་བརྡེབས་པ་དོ་མི་མཉམ་པས། བོད་པ་ལྟ་མཁན་ཕལ་མོ་ཆེས་མི་རིགས་གཞན་གྱི་ལྟད་མོ་བ་རྣམས་དང་འདྲ་བར།  གར་སྟེགས་ཀྱི་གཡོས་གཡོན་གཉིས་སུ་ཡོད་པའི་འཆར་ཤེལ་སྟེང་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་འཁྲབ་ཚིག་ལ་མ་བལྟས་ཚེ་ཧ་མི་གོ་བའི་གནད་དོན་བྱུང་འདུག མི་རེར་མིག་གི་དབང་བོ་གཉིས་རེ་ཡོད་  པ་བདེན་ཡང་འཁྲབ་ཚིག་ལ་ལྟ་ཞོར་ཟློས་གར་ལ་བལྟ་བའི་རྩལ་ཡོད་སྲིད་དམ། དེ་ལས་ཟློས་གར་ཁྲོད་ཀྱི་འཁྲབ་ཚིག་གི་གལ་ཆེན་རང་བཞིན་ཡང་ཚོར་ཐུབ་སྟེ། འཁྲབ་ཚིག་གསལ་ཞིང་དག་པར་མ་ཐོས་ཚེ། ཟློས་གར་གྱི་ནང་དོན་ཞིབ་ཅིང་ཕྲ་བར་གོ་མི་སྲིད་དོ།།  གཉིས་པ་ནི། འཁྲབ་སྟོན་ལ་ཁྱད་ཆོས་འབུར་ཐོན་མེད་པས་བསྐྱེད་པའི་སུན་སྣང་རེད། ཟློས་གར་ལས་དོན་གྲུབ་དཔལ་མོ་དང་ཨ་མཆོད་ཧ་རི་གཉིས་ཀྱི་སྐད་ཆ་དང་གླུ་སྐད་ལ་གཡོ་སྒྱུ་དང་ང་རྒྱལ་གྱིས་ཕྱུག་ཅིང་། གོམ་པའི་འགྲོས་དང་ལུས་ཀྱི་སྟངས་སྟབས་ནི་སྟོབས་ཀྱིས་རྫོགས་པས།  ཡིད་སེམས་སྐྱོམ་པར་བྱེད་ནའང་། ཆོས་རྒྱལ་ནོར་བཟང་དང་ཡིད་འཕྲོག་ལྷ་མོ་སོགས་མི་སྣ་མང་ཤོས་ཤིག་གི་འཁྲབ་སྟོན་ལ་ཁྱད་ཆོས་འབུར་དུ་ཐོན་པ་མེད་དེ། ནོར་བཟང་དང་ཡིད་འཕྲོག་གཉིས་ལ་མཚོན་ན།  དགའ་སྐྱོ་ཆགས་སྡང་ཅི་རིགས་འབྱུང་བཞིན་ཡོད་ནའང་། ཕལ་མོ་ཆེ་ནི་དེ་ལྟར་རྣམ་འགྱུར་སྟབས་བདེ་ཙམ་གྱིས་མཚོན་པར་བྱས་པས། སེམས་འགུལ་ཐེབས་པ་ཕར་ཞོག  དོན་ཅི་བྱུང་ཁོ་གཉིས་ལ་འབྲེལ་བ་ཆེན་པོ་མེད་པ་ལྟ་བུ་ཞིག་ཏུ་ཆགས་འདུག ཡང་ན།  ཁོ་གཉིས་ནི་དར་མའི་འཚོ་བའི་ཁ་དོག་དང་བྲོ་བ་གཏིང་ཟབ་ཏུ་རྟོགས་ཐབས་བྲལ་བའི་ནར་མ་སོན་པའི་ན་གཞོན་ཕོ་མོ་ཟུང་དང་འདྲའོ།། གསུམ་པ་ནི། གཏམ་རྒྱུད་ཀྱིས་བསྐྱེད་པའི་སུན་སྣང་རེད། གཏམ་རྒྱུད་བཤད་པ་སྟབས་བདེ་ཞིང་རྩིང་པོ་ཡིན་ཏེ། ཞིབ་ཆ་འདོན་དགོས་ས་མང་པོར་ཞིབ་ཆ་ཐོན་མེད་པས། བལྟས་པའི་གོ་རིམ་ཁྲོད་དུ་འདི་ལས་ཉོག་འཛིང་ཆེ་ན་ཅི་མ་རུང་སྙམ་པའི་འདུ་ཤེས་ཡང་ཡང་སྐྱེས་ཤིང་།  སུན་སྣང་ཡང་ཡང་བསྐྱེད་ཡོང་། དེ་བས་ཚོར་བ་ཞིག་ལ་འདི་ནི་བསམ་བློ་ནར་སོན་མེད་པའི་བྱིས་པ་ཞིག་ལ་བཤད་པའི་སྟབས་བདེའི་གཏམ་རྒྱུད་ཅིག་དང་འདྲའོ།། དེར་མ་ཟད། མི་སྣ་རེ་རེར་རང་རང་སོ་སོའི་དབྱངས་རྟ་རེ་ཡོད་ན་ལེགས་པ་དང་། རྒྱབ་ལྗོངས་ཀྱི་རི་མོ་སྔར་ལས་ཀྱང་འབུར་གཟུགས་དོད་ཚེ་ལེགས་པ་སོགས་ཇེ་ལེགས་སུ་གཏོང་དགོས་སའི་གནས་ཀྱང་ཁ་ཤས་ཡོད་ནའང་། འདི་ཙམ་གྱིས་འཐུས་པར་བྱའོ།།


  གྲོགས་པོས་སྐུལ་ངོར་བསམ་འཆར་ཡི་གེ་ལྟ་བུའི་རྩོམ་ཐུང་འདི་འདྲ་ཞིག་བྲིས་ཚར་དུས། འདི་ཡང་ནར་མ་སོན་པའི<<ཡིད་འཕྲོག་ལྷ་མོ>>ལས་ཀྱང་ནར་མ་སོན་པ་ཞིག་ཡིན་པའི་ངེས་ཤེས་རྙེད་ནའང་། ཟློས་གར་ཆེད་ལས་སུ་སྦྱངས་མ་མྱོང་བའི་རང་ཉིད་ལ་མཚོན་ན། འདི་ནི་ཐེངས་འདིའི་བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེན་མོ<<ཡིད་འཕྲོག་ལྷ་མོའི>>འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ།  འཁྲབ་སྟོན་པ་སོགས་ལ་བཏོན་པའི་མི་སྒེར་གྱི་རེ་བ་ཙམ་ཡིན་ཞིང་། རིགས་ཞེན་གྱི་འདུ་ཤེས་ཟབ་མོས་སྐུལ་བ་ལས་མ་འདས་སོ།།  མཇུག་མཐར། རྗེས་མའི་ཟློས་གར་དུ།  འཁྲབ་ཚིག་གསལ་ཞིང་དག་པ། འཁྲབ་སྟོན་ལ་ཁྱད་ཆོས་རྫོགས་ཤིང་གསོན་ཉམས་ཀྱིས་ཕྱུག་པ། གཏམ་རྒྱུད་ལ་ཞིབ་ཆ་ཡོད་ཅིང་མི་སེམས་སྐྱོམ་པ་ཞིག་འགྲུབ་པའི་རེ་བ་དང་བཅས། བོད་ཀྱི་ཟློས་གར་འཁྲབ་སྟོན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་སྙིང་ནས་ཞུའོ།།
 
                    ༢༠༡༩ལོའི་ཟླ༦པའི་ཚེས༤ཉིན།  
 

བསྟོད།6

དཔྱད་མཆན་སྤེལ།