[འོས་སྦྱོར]《ཡིད་འཕྲོག་ལྷ་མོའི》ཟློས་གར་ལ་མཇལ་རྗེས།

མེལ་ཚེ། ཟི་ལིང་།

 གྲོགས་རྣོ་སྦྲེང་གིས་བོས་པ་ལྟར། ཐེངས་འདིར་རྨ་ལྷོ་ཟློས་གར་ཁང་གིས་བཟོས་པའི《ཡིད་འཕྲོག་ལྷ་མོའི》ཟློས་གར་ལ་བལྟ་རུ་འགྲོ་བའི་སྐལ་བ་སྨིན་བྱུང་། ལྟ་ཐེངས་འདི་བརྩིས་ན་བདག་གིས་གྲོང་ཁྱེར་གྱི་ཟློས་གར་ཁང་ཆེ་ཤོས་ནས་ཟློས་གར་ལ་བལྟས་པ་ཁྱོན་བསྡོམས་ཐེངས་གསུམ་ལས་མི་འདུག་སྟེ།  འདི་ལས་ཀྱང་བདག་གི་ཟློས་གར་ལ་རོལ་མྱོང་བྱེད་པའི་ཉམས་མྱོང་དང་བློ་སྦྱོང་ནི་ཤིན་ཏུ་ཡིད་སྐྱོ་བའི་གནས་ཡིན་ངེས་ཀྱི་གནས་ལུགས་གསལ་བོར་བསྟན་འདུག་པ་བཞིན།  ཟློས་གར་བརྩམས་ཆོས་ཀྱི་སྒྱུ་རྩལ་ཁྱད་ཆོས་དང་གཞུང་ལུགས་ཤེས་བྱ་སོགས་ལ་དཔྱད་པའི་བློ་མིག་ནི་ཁོ་བོར་གཏན་ནས་མ་མཆིས་པ་སྨྲ་ཅི་དགོས།   དེ་ལྟ་ན་ཡང་། 《ཡིད་འཕྲོག་ལྷ་མོའི》ཟློས་གར་ལ་བལྟས་རྗེས།  རང་གི་མྱོང་ངོར་འབྲེལ་བ་ཡོད་མེད་ཀྱི་དྲན་ཚུལ་ཁ་ཤས་དབང་མེད་དུ་ཤར་འོངས་པ་ཡིག་ཐོག་ལ་ཇི་བཞིན་བཀོད་དེ་བརྗེད་ཐོ་ཙམ་དུ་ཉར་བ་ལ་ཁོ་བོ་མོས་ཀྱང་མོས།

ཁོ་བོ་ལོ་ན་ཕྲ་དུས།  ལོ་རེའི་ལོ་སར་སླེབས་ན། ཕ་ཡུལ་དུ་རྣམ་ཐར་འཁྲབ་པའི་སྲོལ་ཞིག་དར།  རྗེས་ནས་ད་གཟོད་དེ་ནི་བོད་ཀྱི་ལྷ་མོའི་ཟློས་གར་རམ་བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་ཅེས་པ་དེ་རིགས་འཁྲབ་ཀྱིན་ཡོད་པ་ཤེས་ཙམ་བྱུང་མོད། དེའི་དུས་ཕ་ཡུལ་གྱི་ཟློས་གར་རིག་གནས་དེའི་ཚབ་ཏུ་བརྙན་འཕྲིན་ཞེས་པའི་སྒམ་ཆུང་ཡ་མཚན་ཞིག་སླེབས་འདུག་པས།  ཡུལ་མི་རྣམས་འདུ་ར་གཅིག་ཏུ་འདུས་ཏེ་རྣམ་ཐར་ལ་མཇལ་བའི་སྤྱི་པའི་རིག་གནས་འཚོ་བ་དེ་འདྲ་སླར་ཡང་མཐོང་ལམ་དུ་མ་ཤར།  ད་ལྟའི་ཡུལ་མི་རྣམས་ཁྱིམ་ནང་དུ་འཛུལ་ཏེ་བརྙན་འཕྲིན་གྱི་ཤེལ་ངོས་ནས་འཇར་འགོག་དམག་འཁྲུག་གི་ཟློས་གར་ལ་བལྟ་བ་དང་། ཡང་ན་མགོ་སྒུར་ནས་ཁ་པར་གྱི་ཤེལ་ངོས་ནས快手ཐད་གཏོང་སོགས་ལ་བལྟ་དུས།  ཡིད་ངོར་ཅི་ཞིག་འཆར་འོང་གིན་པ་ཁོ་བོས་མི་ཤེས་མོད། སྔོན་ཆད་རྣམ་ཐར་ཟློས་གར་ལ་བལྟ་དུས། ཁོ་བོ་རོལ་མོའི་སྒྲ་དབྱངས་དང་འཁྲབ་ཚིག་གི་བཤད་པ། འཁྲབ་སྟོན་པའི་སྣང་བརྙན་སོགས་འཚོ་བའི་ཁྲོད་མཐོང་དུ་མེད་པའི་སྒོ་གསུམ་གྱི་ལྟད་མོ་དེ་དག་ལ་ཡ་མཚན་སྐྱེས་པ་ལས། རྣམ་ཐར་གྱི་ནང་དོན་ལ་དེ་འདྲ་བསམ་བློ་འཁོར་ཡོད་མི་སྲིད་ལ། འཁོར་ཡང་ཤེས་ཀྱིན་མི་འདུག  ཡིན་ནའང་། མི་ཚོགས་ཀྱི་འཚང་ཁའི་ཁྲོད་ནས་ལོ་ལོན་བགྲེས་མོ་རྣམས་ཀྱིས་མིག་ཆུ་གཏོང་གིན་པའི་སྣང་ཚུལ་དེ་ལ་མཉམ་འཇོག་བླ་ལྷག་ཅིག་བྱུང་ཡོད་ཚོད་རེད། རྒྱུན་དུ་ཁྱིམ་ཚང་གི་རྒན་པ་རྣམས་ལ་དེའི་རྒྱུ་མཚན་འདྲི་བར་བྱེད། ཁོ་ཚོས་ཀྱང་དེའི་རྒྱུ་མཚན་འཆད་ཞོར་དུ་རྣམ་ཐར་གང་དེའི་གཏམ་རྒྱུད་ཀྱི་རིམ་པ་ཆ་ཚང་ཁོ་བོར་བརྗོད་པར་བྱེད། དེ་ལ་བརྟེན་ནས་ཁོ་བོས་ཁོ་ཚོས་མིག་ཆུ་གཏོང་དོན་ནི་ཟློས་གར་ནང་གི་ལྷ་མོ་དེ་དག་གི་གཞན་དབང་དུ་ཚུད་པའི་ལས་དབང་ལ་འབྲེལ་བ་ཡོད་པ་རྟོགས་བྱུང་། གཞན་དབང་གི་རྒྱུ་རྐྱེན་བཙན་པོས་དྲིན་ཆེན་ཕ་མ་དང་མི་འདོད་བཞིན་འབྲལ་དགོས་པ་དང་།  ལས་དབང་བཙན་པོའི་བར་ཆད་དང་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་དེ་ལ་ཐུག་འདུག

མི་ལོ་མང་པོ་ཞིག་འདས་རྗེས་ཀྱི་དེ་རིང་། ཁོ་བོས་དེང་རབས་ཀྱི་ཤོམ་ཆེ་བའི་ཟློས་གར་ཁང་ནས། ཆེད་ལས་མི་སྣས་བཟོས་པའི《ཡིད་འཕྲོག་ལྷ་མོའི》ཟློས་གར་ལ་ལྟ་དུས། སྔོན་ཆད་ཕ་ཡུལ་ནས་མཐོང་མྱོང་བའི་སྣང་ཚུལ་དེ་དང་འདྲ་བ་ཞིག་མཐོང་བྱུང་སྟེ། བདག་གི་བུ་མོས་ཟློས་གར་ལ་ལྟ་ཞོར། མོའི་ཨ་མར་དྲི་བ་སྣ་ཚོགས་འདོན་བཞིན་འདུག་ལ། དེ་ལས་ཟློས་གར་ནང་གི་མི་སྣ་གཙོ་བོ་མི་འདོད་བཞིན་དུ་སོ་སོའི་ཕ་མ་དང་འབྲལ་དགོས་པར་ཐུག་པ་དང་། གཞན་དབང་གི་རྒྱུ་རྐྱེན་ཐེབས་ཏེ་ལུས་སེམས་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བར་ཐུག་པའི་ཚེ། ལོ་ལྔ་དྲུག་ཙམ་གྱི་བུ་མོ་སེམས་སྐྱོ་བར་གྱུར་ཏེ་མིག་ཆུ་གཏོང་ཞིང་ངུ་སྐད་འདོན་ཞོར“ང་ཕ་མ་གཉིས་དང་འབྲལ་མི་འདོད”ཟེར་ནས་ཚུར་འཐམ་པར་བྱེད། མོའི་བཟོ་ལྟ་དེ་ནི་ཤིན་ཏུ་སྙིང་རྗེ་བ་ཞིག་འདུག་ལ་ཅུང་ཙམ་དགོད་བྲོ་བ་ཞིག་ཀྱང་རེད་མོད།  ཡིན་ནའང་། མོའི་མིག་ཆུ་གཏོང་དོན་ནི་ངས་ཆུང་དུས་མཐོང་བའི་ཕ་ཡུལ་གྱི་བགྲེས་མོ་དེ་དག་གི་མིག་ཆུ་གཏོང་དོན་དང་རྒྱུ་མཚན་གཅིག་ལ་ཁེལ་འདུག་ཅིང་། བསམ་ཞིང་བསམས་ན་དེ་ནི་ཤིན་ཏུ་བསམ་བློ་གཏོང་རི་བ་ཞིག་ཀྱང་རེད་ཨང་སྙམ།  

གཅིག་བྱས་ན་དེ་ནི་འགྲོ་བ་མིའི་དགའ་སྐྱོ་ཆགས་སྡང་གི་འགྱུ་སྟངས་ཆེས་བབ་ཆགས་པ་ཞིག་ཡིན་ལ། ཡང་གཅིག་བྱས་ན་དེ་ནི་མིའི་ནང་སེམས་ཀྱི་འགྱུ་སྟངས་ཆེས་རྙོག་འཛིང་ཆེ་བ་ཞིག་གི་མངོན་ཚུལ་ཡིན་ཀྱང་སྲིད།  སྤྱི་ལོ་སྔོན་གྱི་དུས་རབས་བཞི་བ་ཙམ་ནས། ཨ་རེ་སི་ཐོ་ཐུ་སོགས་གནའ་བོའི་ཀེ་རི་སིའི་མཚན་ཉིད་སྨྲ་བ་རྣམས་ཀྱིས་ཟློས་གར་དང་ལྷག་པར་དུ་སྐྱོ་གར་གྱིས་ངེས་པར་མི་བཟང་ཞིག་དཀའ་ངལ་དང་བར་ཆད་ལ་འཕྲད་པའི་གཏམ་རྒྱུད་བརྗོད་དགོས་པར་འདོད་དེ། རྒྱུ་མཚན་ནི་མི་བཟང་ཞིག་གི་འཕྲལ་རྐྱེན་སྡུག་བསྔལ་གྱིས་ཀུན་ལ་གདུང་སེམས་སྟེར་སླ་བ་དང་། མི་བཟང་ཞིག་གི་ཉམ་ང་འཇིགས་སྐྲག་གིས་ཀུན་ལ་འཇིགས་སྐྲག་སྟེར་སླ་བས། མི་བཟང་ཞིག་གི་ལས་དབང་གི་སྐྱོ་གར་ནི་ཟློས་གར་བརྩམས་ཆོས་ཤིག་གི་རྩ་བའི་བརྗོད་བྱ་དང་། དེ་ལ་བལྟས་པ་ལས་བྱུང་བའི་མི་རྣམས་ཀྱི་གདུང་སེམས་དང་འཇིགས་སྐྲག་གི་སེམས་ཚོར་ནི་བློ་སྦྱོང་ཞིག་དང་ཉམས་ལེན་ཞིག་གི་གོ་རིམ་དུ་འདོད།  དེ་ལ་བརྟེན་ནས་སྤྱི་ཚོགས་ལ་ཡར་སྐུལ་དགེ་སྐུལ་གྱི་སློབ་གསོའི་ནུས་པ་ཐོན་ཚུལ་བསྟན་ཡོད་སྐད།

དེ་མིན་རང་རེའི་སྔ་མ་དག་གི་ཟེར་སྒྲོས་སུ་ཡང་ཟློས་གར་ནི་སྡུག་བསྔལ་གྱིས་མནར་བའི་སྐྱེ་བོ་དཔག་ཏུ་མེད་པའི་ཡིད་ཀྱི་མུན་པ་སེལ་བ་དང་སེམས་ལ་སྤྲོ་བ་སྣོན་པའི་ཐབས་ཟབ་མོ་ཞིག་ཏུ་བསྟན་ཚུལ་ཡང་བྱུང་ཡོད་པ་རེད། ཕྱི་ནང་གི་གནའ་བོའི་མཁས་པ་དག་ཡིན་ནའང་འདྲ། སྲིད་པ་རྒད་པོ་དག་ཡིན་ནའང་འདྲ། ཁོང་ཅག་གི་ལེགས་པར་གཏམ་པ་དེ་དག་ལ་རྒྱུ་མཚན་དང་གནས་ལུགས་ཟབ་མིན་ནི་སོ་སོའི་གོ་བས་སམ་འཕྲལ་ཕུགས་དགོས་འབྲེལ་གྱི་དབང་གིས་ཅི་རིགས་སུ་འགྲེལ་ཆོག་ཀྱང་། ཁོང་ཅག་གིས་སྒྱུ་རྩལ་གྱི་རིག་པ་གང་ཞིག་བསྟན་ཀྱང་རྩ་བའི་ཕྱོགས་གཉིས་ལ་སྦར་ཟིན་བྱས་མེད་པ་ཕལ་ཆེར་མེད་པ་འདྲ། དེ་ལས་གཅིག་ནི་ཀུན་སྤྱོད་རིན་ཐང་གི་ཕྱོགས་དང་ཅིག་ཤོས་ནི་སྣང་རྟོག་མཛེས་འཛིན་གྱི་ཕྱོགས་ཡིན།

དེ་དང་དེ་བཞིན་དུ། འཇིག་རྟེན་ན་གྲགས་ཆེ་བའི་སྒྱུ་རྩལ་གྱི་བརྩམས་ཆོས་དེ་དག་ལ་མཚོན་ན་ཡང་རྩ་བ་དེ་གཉིས་བརྟན་པོར་ཚུགས་ཐུབ་ཡོད་པའི་རྨང་གཞིའི་སྟེང་ནས་ཡལ་འདབ་ལོ་མ་མེ་ཏོག་སོགས་ཕུན་སུམ་ཚོགས་པའི་རྣམ་པ་སྣ་ཚོགས་སུ་བཀྲམ་ཡོད་པ་རེད། ཤིན་ཏུ་གོ་བདེ་བའི་སྐད་ཆས་བརྗོད་ན། སྒྱུ་རྩལ་བརྩམས་ཆོས་ཀྱིས་ངེས་པར་ལྟད་མོ་བའི་ཡིད་ཀྱི་དང་བ་འདྲེན་ཐུབ་དགོས་པ་དང་། ངེས་པར་ལྟད་མོ་བའི་སེམས་ལ་འཛིན་རྒྱུའི་བྲོ་ཞིག་འཇོག་ཐུབ་དགོས་ཞེས་པ་དེ་གཉིས་ལས་མ་འདས་ལ། ཐེངས་འདིར་ཟློས་གར《ཡིད་འཕྲོག་ལྷ་མོ》ལ་མཇལ་བ་ལས། ཁོ་བོས་ཕྱིར་དྲན་དང་དངོས་མཐོང་གཉིས་ཐད་ནས་མི་སེམས་ཀྱི་འགྱུ་སྟངས་ཆེས་བབ་ཆགས་པ་ཞིག་མཐོང་སོང་བའང་རྩ་བ་དེ་གཉིས་ལ་ཐུག་འདུག་ཅེས་པ་དེ་ཡིན། དེ་བས་ཟློས་གར་བརྩམས་ཆོས་འདི་ལ་བསྟོད་པ་གདེང་འཇོག་གི་ཐལ་མོ་ཡང་ཡང་བརྡབས་འོས་པ་ཞིག་རེད་ཀྱང་རེད།

ཡིན་ན་ཡང་། སྒྱུ་རྩལ་གྱི་རིག་པ་འདི་དེ་འདྲ་སྟབས་བདེ་ཞིག་ཀྱང་ཡིན་གྱི་ཡོད་པ་མ་རེད་དེ། གནའ་དེང་གི་གཞུང་ལུགས་མཁས་པ་དང་སྒྱུ་རྩལ་མཁན་པོ་མང་པོས་དཔྱད་ཅིང་དཔྱོད་ཀྱིན་ཡོད་ནའང་། མིའི་བསྐལ་བ་མ་འཇིག་བར་དུ་མུ་མཐུད་དུ་དཔྱོད་ངེས་པ་སྟེ། རྩ་བ་དེ་གཉིས་ལས་གྱེས་པའི་ཡལ་འདབ་མེ་ཏོག་འབྲས་བུའི་སྒྱུ་རྩལ་རྣམ་པ་སྣ་ཚོགས་ཤིག་བྱུང་དང་འབྱུང་གིན་ཡོད་པ་རེད། དེ་དག་ཐམས་ཅད་ཀྱང་མདོར་དེད་ན་མི་སེམས་ཀྱི་ཆེས་བབ་ཆགས་པའི་འགྱུ་སྟངས་དེ་ནི་རང་དགར་བབ་ཆགས་པ་ཞིག་གི་ངང་ཚུལ་བཟུང་ནས་རྟག་བརྟན་ཐེར་ཟུག་ཏུ་གནས་པ་ཞིག་མིན་པར། ཡུལ་དུས་སྐད་ཅིག་ལའང་འགྱ་འགྱུར་འཕྲོ་འདུ་སྣ་ཚོགས་སུ་འཕོ་ཞིང་སྤོར་བ་ཡིན་པས་མ་ཡིན་ནམ། དེ་བས་གཏམ་རྒྱུད་ཅིག་གི་སྣང་བརྙན་ཕྲ་མོས་ལྟ་མཁན་ཞིག་གི་མིག་ཆུ་ཕྲ་མོ་ཞིག་དྲངས་པ་ནི་མི་སེམས་ཀྱི་འགྱུ་སྟངས་སྟབས་བདེ་སླ་མོ་ཞིག་མ་ཡིན་པར། ཤིན་ཏུ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བ་ཞིག་ཡིན་ལ། དེ་གཉིས་ཀྱི་འབྲེལ་བ་ནི་སྲིད་པ་འདིའི་ཕུན་ཚོགས་ཐམས་ཅད་ཀྱི་ཉིང་བཅུད་ཡིན་ནོ་སྙམ།

ལར་ཕུན་ཚོགས་ཐམས་ཅད་ཀྱི་ཉིང་བཅུད་འདི་འདྲ་མྱོང་སྐལ་དུ་སྨིན་པ་དང་། འདི་ལ་གོ་བ་ཕུན་སུམ་ཚོགས་པ་ཞིག་བསྐྱེད་པར། ངེས་པར《ཡིད་འཕྲོག་ལྷ་མོ》ལྟ་བུའི་ཟློས་གར་ལྟད་མོ་མང་དུ་འབྱུང་དགོས་ལ། དེ་ཉིད་སླར་ཡང་རྣམ་པ་གསར་བ་ཞིག་གི་ལམ་ནས་བོད་ཀྱི་ཡུལ་ལུང་ཀུན་གྱི་སྤྱི་པའི་རིག་གནས་འཚོ་བའི་ནང་དོན་ཞིག་ཏུ་གྱུར་བ་ཡིན་ན། དེའི་དོན་སྙིང་དང་བྱིན་རླབས་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ནོ། །  

2019ལོའི་ཟླ6པའི་ཚེས6ཉིན།

( རྩོམ་སྒྲིག་པ། འཇམ་དབྱངས་ཉི་མ། )

བསྟོད།28

དཔྱད་མཆན་སྤེལ།