[འོས་སྦྱོར]ཕ་ཡུལ་གྱི་རི་ཆུའི་རིག་གནས་བཙལ་བའི་མྱོང་ཟིན། 

མགོ་ཚ་སྟག་ཐར་སྐྱབས། ཀླུ་ཆུ།

ཕ་ཡུལ་ནི་ང་ལ་མཚོན་ན། སྐྱེས་དུས་ཀྱི་ལྟེ་ཁྲག་འཕོས་ས་ཙམ་མིན་པར། ངའི་ལང་ཚོ་དར་ས་དང་། བློ་རིག་རྒྱས་ས། དུངས་ཞེན་འཕེལ་སའི་སེམས་ཁོངས་ཀྱི་དག་ཞིང་དེ་ཡིན། ཕ་ཡུལ་དུ་ཡིད་སྐྱོ་བའི་དོན་དག་ཅི་ཙམ་བྱུང་ཡང་། བདག་གིས་དེ་ནི་བྱ་དངོས་ཀྱི་དར་རྒུད་ཅིག་ལ་ངོས་བཟུང་ནས། སྔར་ལས་ཡག་པའི་འཕེལ་རྒྱས་ཤིག་ལ་རེ་བ་བྱས་པ་ལས། རེ་ཆད་དང་འཁང་ར་གཏན་ནས་བྱས་མྱོང་མེད། 

མི་ལོ་སུམ་ཅུའི་རིང་ལ། ཕ་ཡུལ་གྱིས་ང་ལ་རེ་བ་དང་སྐུལ་སློང་བླ་ན་མེད་པ་ཞིག་བྱས་མྱོང་བས། ང་ཡིས་བརྩོན་པའི་རྟ་ཕོའི་གོམ་ཁ་མ་ལྷོད་ལ། རིག་པའི་ཁྱེའུ་ཡིས་རྩེད་མཚམས་མ་བཞག  དེ་བཞིན་དུ་བདག་གིས་ཀྱང་མི་ལོ་བཅུ་ཕྲག་ཅིག་ལ། ཕ་ཡུལ་གྱི་ཆེད་དུ་སློབ་མའི་གསབ་ཁྲིད་དང་། ལོ་སར་འཁྲབ་སྟོན། རྨོངས་སེལ་འཛིན་གྲྭ་བཅས་ལ་ཤ་ཐང་ཐང་གིས་འབད་པ་བྱས་པ་ཡིན། དེའང་ང་ཁོ་ན་ག་ལ་ཡིན་ཏེ། ང་ཚོར་ཁ་ལག་སེམས་གསུམ་མཐུན་པའི་ཡུལ་གྲོགས་ཀྱི་དཔུང་ཁག་སྲ་ཞིང་འཐས་པ་ཞིག་ཡོད་པས་ཡིན། ད་ལྟ་འདི་ནི་ཕ་ཡུལ་གྱི་སྲོལ་རྒྱུན་ཞིག་ཏུ་ཆགས་དང་ཆགས་བཞིན་ཡོད། ད་ལོ་ཡང་ཕ་ཡུལ་གྱི་སློབ་ཆེན་སློབ་མ་དག་གིས་མ་སྐུལ་དང་བླངས་ཀྱིས་སློབ་མའི་གསབ་ཁྲིད་དང་། ལོ་སར་འཁྲབ་སྟོན། རྨོངས་སེལ་འཛིན་གྲྭ་བཅས་སྒྲུབ་བཞིན་འདུག འདི་ནི་ང་ཡི་ཕ་ཡུལ་གྱི་ཁ་དོག་གཞན་ཞིག་ཡིན། ཁ་དོག་དེ་ནི་རིག་གནས་ཀྱི་ཁ་དོག་ཅིག་ཡིན། 

རྒྱུ་མཚན་དེ་དག་གིས་རྐྱེན་བྱས། ཁ་སང་ཕ་ཡུལ་གྱི་སློབ་མ་ཚོ་དང་མཉམ་དུ། ང་ཚོས་ཕ་ཡུལ་གྱི་རི་ལུང་ཐང་གསུམ་རེ་རེ་བཞིན་གོམ་པས་བཅད་དེ། དེ་དང་ཉེ་འབྲེལ་གྱི་རི་ཆུ་གྲགས་ཅན་ལ་ངོས་འཛིན་དང་དེ་དག་གི་ལོ་རྒྱུས་དང་གཏམ་རྒྱུད་ལ་སེམས་ཀྱིས་ཉན་པ་ཡིན། འགྲུལ་བཞུད་འདི་ནི་བདག་གིས་ཡུན་རིང་སེམས་ལ་ཉར་ཞིང་ལག་ཏུ་བསྟར་མ་ཐུབ་པའི་སློབ་གསོའི་བྱེད་སྒོ་དོན་དང་ལྡན་པ་ཞིག་ཡིན། ཁ་སང་ཕ་ཡུལ་གྱི་སློབ་མ་ཚོའི་དུངས་སེམས་ཀྱིས་ཉེ་བར་སྐུལ་ཏེ། མངོན་དུ་གྱུར་བ་དགའ་བ་འབུམ་དང་ལྡན། 

ཐེངས་འདིའི་འགྲུལ་བཞུད་ཀྱི་ཆེད་དུ། ང་རང་ངོས་ནས་རི་ཆུའི་རིག་གནས་སྐོར་གྱི་དེབ་དང་། བརྙན། ཡི་གེ་སོགས་མང་བོ་ཞིག་ལ་བལྟས་ནས་སྔོན་འགྲོའི་གྲ་སྒྲིག་གང་ཐུབ་བྱས་པ་དང་། ཕ་ཡུལ་གྱི་འབྲོག་མི་རྒན་པ་གསུམ་ལ་སྒེར་འབྲེལ་བྱས་ནས་རི་ཆུ་ངོ་སྤྲོད་བྱེད་པར་གདན་དྲངས། ད་དུང་《ཕ་ཡུལ་གྱི་རི་ཆུའི་རིག་གནས་འཚོལ་བའི་དགུན་གྱི་འགྲུལ་བཞུད་རིང་མོ་》ཞེས་འཕྲེད་བྱང་ཞིག་བཟོས་ནས། རང་གཞན་ཀུན་ལ་འགྲུལ་བཞུད་ཀྱི་ཚོར་བ་གསར་བ་ཞིག་སྐྱེས་སུ་བཅུག་པ་ཡིན། འབྲོག་མི་རྒན་པ་གསུམ་པོས་རྟ་ཞོན་ཞིང་དེ་བྱིངས་ངེད་ཅག་ཚང་མ་རྐང་ཐང་དུ་སོང་བ་ཡིན། མ་གཞི་ཕ་ཡུལ་གྱི་དགུན་ཁ་ཡང་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། དར་དང་། གངས། བྲག ད་དུང་གཡའ་དག་པའི་ནམ་མཁའ་བཅས་ཀྱིས་ང་ཚོར་དབྱར་ཁ་ལས་ཀྱང་མཛེས་སྡུག་གི་ཚོར་བ་བསམ་གྱིས་མི་ཁྱབ་པ་ཞིག་གནང་བྱུང་། ང་ཚོས་ཕ་ཡུལ་གྱི་དགུན་ཁའི་མཛེས་ལྗོངས་འདི་སེམས་ཀྱིས་མྱངས་ཤིང་། དགའ་དུངས་ཁོག་ལ་མ་ཆུད་པར་ཆོད་ཚོད་དུ་ཀི་བཏབ། གླུ་བླངས། རྩེ་མོ་རྩེ་བ་ཡིན། 

དེ་ཡང་སློབ་གསོ་རིག་པའི་གཞུང་ལུགས་དག་ཏུ། དབྱར་དགུན་གནང་གི་གུང་གསེང་ནི། སློབ་མ་ཁྱིམ་ལ་བཅུག་སྟེ་ལས་བྱ་ཁོ་ན་འབྲི་རུ་འཇུག་རྒྱུ་ཞིག་གཏན་ནས་མིན་པར། དེ་ནི་སློབ་མས་སྤྱི་ཚོགས་འཚོ་བ་དང་རང་བྱུང་ཁམས་ཆེན་པོར་དངོས་སུ་བསྐྱོད་དེ་མྱོང་བ་གསོན་པོ་རྒྱུད་ལ་ལེན་པའི་དུས་ཚོད་ཅིག་ཏུ་ངོས་བཟུང་འདུག དེ་ལོས་ཡིན། ལོ་གཅིག་གི་ནང་དུ་ཟླ་བ་གསུམ་ཙམ་མ་གཏོགས་སློབ་མ་སློབ་གྲྭའི་ནང་དུ་ཡོད་པས། དུས་ཚོད་དེ་དག་གི་ནང་དུ་སློབ་མའི་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ནི་སློབ་ར་དང་སློབ་ཁང་ལས་འདའ་ཐུབ་ཀྱི་མེད་པས། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་སློབ་ཁྲིད་ཅིག་དུས་ནམ་ཡང་བྱེད་ཐུབ་ཀྱི་མི་འདུག ལྷག་པར་དུ་བོད་ཁུལ་གྱི་ཞག་འདུག་སློབ་མ་རྣམས་ལ་མཚོན་ན། སྤྱི་ཚོགས་འཚོ་བ་ནི་ཆ་རྒྱུས་ཏིལ་ཙམ་ཡང་མེད་པའི་སློབ་དེབ་ཆེན་མོ་ཞིག་རེད། ད་ལྟའི་ང་ལ་མཚོན་ན། སློབ་ཁྲིད་དང་འཆད་ཁྲིད་ལ་ཉན་པ་ནི་ལོངས་སྤྱོད་གཞལ་དུ་མེད་པ་ཞིག་རེད། ཡིན་ཡང་ང་ཚོའི་སློབ་མ་རྣམས་ལ་མཚོན་ན། དགེ་རྒན་ཞིག་སློབ་ཁྲིད་གཅིག་ལ་ཆད་ཚེ། དེ་ནི་སློབ་མ་རབ་འབྲིང་ཐ་གསུམ་མེད་པར་དགའ་བ་ཞིག་ཏུ་བསམས་འདུག  འདི་དག་ནི། ང་ཚོའི་སློབ་མ་རྣམས་སློབ་སྦྱོང་ལ་མི་དགའ་ཞིང་སྦྱངས་འབྲས་ཡག་པོ་མི་ལོན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་ངེས་སོ་སྙམ་གྱི་ཡོད། 

ད་ལྟའི་ང་ཚོ་རོང་བོད་ས་ཁུལ་གྱི་སློབ་མའམ་བྱིས་པ་མང་བོ་ཞིག་ལ། རང་ས་ཁུལ་གྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམ་གཤིས། དགའ་ཁ་དུངས་ཞེན་སོགས་ཆ་མེད་རྒྱུས་མེད་ཅིག་ཏུ་གྱུར་འདུག སྣང་ཚུལ་འདིར་ཕ་མ་རྣམས་ལའང་སྐྱོ་བ་ཆེ་མོད། ལྷག་ཏུ་ང་ཚོ་སྐད་ཡིག་དགེ་རྒན་རྣམས་མཚོན་ན། སློབ་ཁྲིད་ཀྱི་གསོན་ཤུགས་ཉམས་པའི་རྐྱེན་ཆེ་ཤོས་ཤིག་ཏུ་ཆགས་འདུག ཞིབ་འདང་ཞིག་བརྒྱབ་ཚེ། དེང་གི་བྱིས་པ་གཅེས་ཐལ་ཆེ་བས། དབྱར་དགུན་གནང་ནི་བྱིས་པ་ངན་ལངས་སུ་ཆགས་པའི་དུས་ཚོད་ཅིག་རེད། བྱིས་པ་ནར་མ་སོན་པར་སྤྱི་ཚོགས་ཀྱི་སྣང་ཚུལ་འདྲ་མིན་སྣ་ཚོགས་མཐོང་བས། བསམ་པ་ཟིངཟིང་དུ་གྱུར་ཏེ། བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་བྱེད་ཐབས་བྲལ་བར་གྱུར་བ་རེད། འོ་ན། དེ་དག་གི་འབྱུང་ཁུངས་ནི་གང་རེད་ཅེ་ན། བརྙན་འཕྲིན་དང་ཁ་པར་རེད། ཁྱིམ་བདག་འགའ་རེས། བརྙན་འཕྲིན་ལ་བལྟས་ན། བྱིས་པའི་བློ་རིག་རྒྱས་པ་དང་རྒྱ་ཡིག་གི་ཆུ་ཚད་ཇེ་བཟང་དུ་འགྲོ་ཟེར། དེ་ནི་མ་བརྟག་མ་དཔྱད་པའི་ཅལ་རྒྱུགས་གཡམ་རྒྱུགས་ཀྱི་སྐད་ཆ་རླུང་དང་འདྲ་བ་ཞིག་རེད། དོན་དུ་བྱིས་པའི་བློ་སྒོ་འབྱེད་བྱེད་ནི་ངལ་རྩོལ་རེད། རྩེད་འཇོ་རེད། ཁྱིམ་མིའི་ཁ་བརྡ་རེད། མདོར་ན། སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་རེད། 

ངེད་ཀྱི་ཕ་ཡུལ་ནི་མཛོད་དགེ་གླིང་དཀར་སྟོད་ཀྱི་སྟོད་རྒྱུད། རྨ་ཁུགས་ནོར་བུ་དགའ་འཁྱིལ་གྱི་གཡས་ཟུར། རྨེ་ཆུ་དལ་འབབ་རིང་མོའི་འགྲམ་རྒྱུད་ཀྱི་སྒར་རྙིང་འབྲོག་སྡེ་ཕྱུག་མོ་ཡིན། འདི་ནི་རི་ལུང་ཐང་གསུམ་འཛོམས་ཞིང་རྟ་ནོར་ལུག་གསུམ་མང་བའི་ས་ཆ་ཞིག་ཡིན། ཁ་སང་ང་ཚོ་ཕ་ཡུལ་གྱི་རི་བོ་མཐོན་པོ་བྲག་རྒན་ཀླད་པར་བུད་དེ་བལྟས་པ་ཙ་ན། ལྷོ་རུ་སེར་ཐང་རི་རྒན་དང་། བྲག་ར་གླང་སྒ། དབུས་ལུང་། བྲག་ར། གླིང་གི་འོ་ཏི། ལྷ་སྡེ་དངུལ་རྭ་སོགས་རི་བོ་གྲགས་ཅན་དང་། སྐ་ཆུ། རྨ་ཆུ། བྱམས་མེ་བྱེ་མཚོ། རྨེ་ཆུ། ནོར་རྒྱལ། དུང་དཀར། དགེ་དད་མཚོ་སོགས་ཆུ་མཚོ་གྲགས་ཅན་དང་།  ནུབ་ཏུ་ཨ་མྱེས་ཀོ་ལ་སྤུན་གསུམ། ཁྲ་རྒོད། རྩྭ་རྐྱ། སྲིན་མོའི་གྲ་ཉིན།  དམར་བཟང་། ཤ་བཟང་། སྟག་སྒུར་གཡག་སྒུར། བྱ་རྗིའི་རི་ནག་སོགས་རི་བོ་གྲགས་ཅན་དང་། སྡོམ་རྩེ། མཚོ་མེ་ལོང་། ཆུ་དཀར་སོགས་ཆུ་མཚོ་གྲགས་ཅན་དང་། བྱང་དུ་ཛམ་མཐུན་རྒར་བ་རྒན་རྒོན་དང་། བྱ་བརྒྱ་ཁྱུང་ཆེན། ཀག་བཟོ། དགྲ་འདུལ་སོགས་རི་བོ་གྲགས་ཅན་དང་། རྐྱང་ཐང་མཚོ་དང་། ཁྱིམ་ཆེན། ཀུན་ཆེན། ཁོག་ཆུ་སོགས་ཆུ་མཚོ་གྲགས་ཅན་དང་། དེ་ནས་ང་ཚོ་ཕ་ཡུལ་གྱི་རི་བོ་ཆེས་མཐོ་ཤོས་སྤ་ལེབ་ཆ་རའི་མགོ་འགོས་ཏེ། རླུང་རྟ་སྤུར་ཞིང་ཀི་བསོ་ལྷ་རྒྱལ་བོས་པ་དང་། ཤར་གྱི་རྐྱང་ཚའི་ལྷ་རི་སྤུན་གསུམ། ཐེ་བོའི་བྲག་སྒམ། ལྷ་མོའི་གདུགས། ཨ་མྱེས་ལ་སྒོ། འབོའུ་རི་རྒན་སོགས་རི་བོ་གྲགས་ཅན་དང་། འབྲུག་དཀར་གཙང་བོ་དང་། འབོའུ་མཚོ་རྒན། གཟའ་རིའི་དགེ་ཆུ། ཧ་ཆབ་མཚོ་སོགས་ལ་བལྟས་པ་ཡིན། དེ་ལྟར་ང་ཚོས་འབྲོག་མི་རྒན་པ་གསུམ་གྱི་ངོ་སྤྲོད་ལྟར་ཕྱོགས་བཞིའི་རི་ཆུ་དག་ལ་རྒྱང་ལྟ་བྱས་ཤིང་། དེ་འབྲེལ་གྱི་ལོ་རྒྱུས་དང་གཏམ་རྒྱུད་ལ་ཉན་པས། སློབ་མ་རྣམས་ཀྱི་འཚར་བློ་བསླངས་ཤིང་མིག་རྒྱ་བསྐྱེད་དེ། ཕ་ཡུལ་གཙོས་པའི་རང་རེ་བོད་ཀྱི་ས་ཆ་ལ་སྔར་མེད་ཀྱི་དགའ་ཞེན་དང་རྒྱུས་ལོན། གཅེས་འཛིན་གྱི་བསམ་བློ་ཞིག་ཅིག་ཅར་དུ་སྐྱེས་པ་རེད། (སྐབས་འདིའི་རི་བོ་དང་། ཆུ་བ། མཚོ་ཆེན་གྱི་མིང་དག་ལས་འགའ་རེ་ཡིག་ཐོག་ཏུ་ཇི་བཞིན་བྱུང་མེད་པས། ལོ་རྒྱུས་ཀྱི་གཞི་འཛིན་དུ་བྱ་མི་རུང་ངོ་། །) ཡིན་ཡང་འདི་ནི་ངེད་ཀྱི་ཕ་ཡུལ་དང་དེའི་ཉེ་འཁོར་གྱི་རི་ཆུའི་རིག་གནས་ཙམ་ཡིན་པ་ལས། བོད་གངས་ཅན་གྱི་ཡུལ་གྲུ་ཀུན་ན་ད་དུང་དེ་ལས་ངོ་མཚར་ཞིང་ཡིད་དུ་འོང་བའི་གངས་རི་དང་མཚོ་ཆེན། སྤང་ཐང་སོགས་ཤིན་ཏུ་མང་བས། ང་ཚོས་བོད་ཀྱི་སྣོད་བཅུད་ཀྱི་འཇིག་རྟེན་ལ་རྒྱུས་ལོན་དང་དགའ་ཞེན། སྲུང་སྐྱོང་བཅས་བྱ་དགོས་པའི་བསམ་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་སོང་། 

རི་འདིའི་ཀླད་ནས་ང་ཚོས་ཐེངས་འདིའི་བྱ་འགུལ་ལ་ཕྱོགས་སྡོམ་གྱི་ཚུལ་དུ། འབྲོག་མི་རྒན་པ་གསུམ་གྱིས་རང་གིས་མཐོང་ཐོས་སུ་གྱུར་བའི་རི་ཆུའི་ལོ་རྒྱུས་དང་། འབྲོག་པའི་རིག་གནས། ད་དུང་རང་གིས་རྗེས་རབས་པ་ལ་བཤད་འདོད་པའི་སྐད་ཆ་རྣམས་སྦ་གསང་མེད་པར་བཤད་པས། སློབ་མ་རྣམས་ཀྱི་གྲགས་འགུལ་ཙམ་ཡང་མེད་པར་ནན་གྱིས་ཉན་པའི་རྣམ་པ་ནི། རྒྱུན་ལྡན་གྱི་སློབ་གྲྭའི་ནང་གི་སློབ་ཁྲིད་དང་བསྡུར་ན་ལྡབ་འགྱུར་གྱིས་ནན་ཏན་དང་སྤྲོ་སྣང་གིས་ཁེངས་འདུག དེ་དང་འབྲེལ་ནས་བདག་གིས་ཀྱང་ཐེངས་འདིའི་བྱ་འགུལ་གྱི་དམིགས་རྩ་དང་། དོན་སྙིང་། གསར་གཏོད་བཅས་ཀྱི་ཆ་ནས་གསལ་བཤད་མདོར་ཙམ་བྱས་ཤིང་། འབྲོག་མི་རྒན་པ་གསུམ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་ཏེ། མཐར་ལྷན་འཛོམས་ཀྱི་མཉམ་པར་ཞིག་བརྒྱབ་ནས་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་ལ་ཆས་པ་ཡིན། 

ང་ནི་སློབ་འབྲིང་གི་དགེ་རྒན་ཞིག་ཡིན་མོད། སློབ་མ་ལ་རྒྱང་བཀྱེད་དེ། རང་ཆེ་རང་མཐོ་འཛིན་རྒྱུར་གཏན་ནས་དགའ་བོ་མེད་པས། རྐང་ཐང་དུ་སློབ་མ་རྣམས་དང་འགྲོགས་འགྲོགས་གཤིབ་གཤིབ་ལ་སོང་བ་ཡིན། འགྲོ་བཞིན་འགྲོ་བཞིན་ང་ཚོ་ལོབ་པར་གྱུར་ཏེ་མཉམ་དུ་གླུ་ལེན་པ་དང་། པར་རྒྱག་པ། ཀུ་རེ་རྩེ་བ། ཁ་བའི་ནང་དུ་འཇུ་རེས་བྱེད་པ་སོགས་རང་བསམ་གང་འདོད་བྱས་པས། ང་ལ་ཚོད་ཚོད་ལ་བྱིས་དུས་ཀྱི་འཇིག་རྟེན་དུ་སླེབས་པའི་སྣང་བ་ཞིག་ཐོལ་གྱིས་སྐྱེས་བྱུང་། ངས་ནི་ནམ་རྒྱུན་འདི་ལྟར་བསམ་བཞིན་ཡོད། དགེ་རྒན་ཞིག་ཡིན་ཚེ། ངེས་པར་དུ་སློབ་མ་དང་འགྲོགས་ཐུབ་པ་ཞིག་ཡིན་དགོས། སློབ་མ་དང་འགྲོགས་དགོས་ན། དགེ་རྒན་ལ་ལྷད་མེད་དྭངས་གཙང་གི་སེམས་པ་ཞིག་དང་། ཀུ་རེ་རྩེད་མཚར་ཅན་གྱི་གཤིས་ཀ་ཞིག ཞི་དྲག་གཉིས་ལྡན་གྱི་ཐབས་ཤེས་ཤིག ད་དུང་ཤེས་བྱ་རིག་གནས་ཀྱི་བློ་སྦྱོང་ཞིག་ངེས་པར་དུ་ཡོད་དགོས་པར་འདོད་དོ། ། དེ་འདྲའི་ཡོན་ཏན་ཞིག་འཛོམས་ཚེ། སློབ་མ་ནི་ཡུན་གྱིས་དགེ་རྒན་དང་ཉེ་བར་བཅར་ལ། དགེ་རྒན་ལ་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་སྐད་ཆ་མང་བོ་བཤད་པ་ཡིན། དུས་དེར་དགེ་རྒན་གྱིས་སློབ་མ་རེ་རེའི་སྐད་ཆ་ལ་ཆེ་མཐོང་གིས་ནན་གྱིས་ཉན་ཞིང་ཡིད་ལ་འཛིན་དགོས། དེ་ལྟར་རིམ་གྱིས་བགས་ཀྱིས་དགེ་རྒན་གྱིས་སློབ་མ་རེ་རེའི་ཁམས་མོས་རྣམས་མ་ལུས་མ་ནོར་བར་ཡིད་ལ་འཛིན་ཐུབ་པ་ཡིན། དེའི་རྨང་གཞིའི་སྟེང་ནས་ང་ཚོས་སློབ་མ་རེ་རེ་ལ་ཐབས་ཤེས་ཡན་གར་བ་རེ་སྤྱད་དེ། སུན་པ་དང་སྐྱོ་བ་མེད་པའི་སྒོ་ནས་སློབ་མ་ཐམས་ཅད་སློབ་སྦྱོང་སྐུལ་དགོས། རིག་གནས་ལ་བསྐོར་དགོས། 

མཇུག་ཏུ་བཤད་སྙིང་འདོད་པ་ཞིག་ལ། 《ཕ་ཡུལ་གྱི་རི་ཆུའི་རིག་གནས་འཚོལ་བའི་དགུན་གྱི་འགྲུལ་བཞུད་རིང་མོ་》ནི། འཁྱག་ལྟོགས་ངལ་གསུམ་གྱི་དཀའ་སྡུག་མྱངས་ཏེ། རང་བྱུང་ཁམས་ཀྱི་གསང་བ་དང་མིའི་རིགས་ཀྱི་ངོས་འཛིན་མང་བོ་ཞིག་མཐོང་དང་ཐོས་སུ་གྱུར་ཏེ། མ་འོངས་བོད་ཀྱི་རྗེས་རབས་པ་དག་ཕ་ཡུལ་དང་། མི་རིགས། རྒྱལ་ཁབ་བཅས་ལ་དགའ་བའི་མི་བུ་ཤེས་འཇོན་ཅན་དུ་བསྐྱེད་བསྲིང་བྱ་རྒྱུ་ནི་ཆེས་རྒྱང་རིང་གི་དམིགས་ཡུལ་དུ་བཟུང་བ་ཡིན་ནོ། ། 

ཞེས་སྤྱི་ལོ་༢༠༡༩ལོའི་ཟླ་༡པའི་ཚེས་༢༦ཉིན་གྱིས་ཞོགས་པར་བྲིས་ཏེ་གྲུབ་ཅིང་དགོང་མོར་ཡང་བསྐྱར་སྣོན་འཕྲི་དང་ཞུ་དག་བྱས་ནས་སྤེལ་བའོ། །

བསྟོད།3

དཔྱད་མཆན་སྤེལ།