འཛམ་གླིང་སྐྱེ་ཁམས་གློག་བརྙན་ལས་སྣང་བའི་དོམ་གྱི་དམར་པོ་ཁྲག

4545

ཟླ་ཚང་དཔལ་མཁར་རྒྱལ།

༡ ༼ཕྲན་དཔྱད་ཀྱི་ནང་དོན་གཙོ་བོ་ནི་འཛམ་གླིང་སྲོག་ཆགས་ཀྱི་འཚོ་གནས་དང་གཅེས་སྲོག་ལ་འཇིག་ཉེན་ཐེབས་པ་དང་བསྟུན་ནས། དོམ་དང་དྲེད་མོང་གི་ལས་དབང་དང་གནས་བབ་ལ་ཆག་འཇིག་སླེབས་ཀྱིན་པས། སྐྱེ་ཁམས་གློག་བརྙན་གྱི་ཟུར་ནས་རི་སྐྱེས་སྲོག་ཆགས་སྤྱི་དང་དོམ་དཀར་སོགས་ཀྱི་གནས་སྟངས་དང་འདས་མ་ད་གསུམ་ལ་མིག་ཆུའི་བརྙན་མིག་བཞེངས་ནུས་བ་སོགས་བརྗོད་ཡོད། ༽

༢ ༼དམིགས་གསལ་བརྡ་ཆད༽ སྐྱེ་ཁམས་གློག་བརྙན་དང་གློག་བརྙན་རིག་པ། དོམ་དཀར། དྲེད་མོང་། མི་དྲེད།

རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་དང་རྟེན་བྱུང་གི་འཚོ་བ་ནི་རང་བྱུང་ཁམས་ཆེན་མོའི་གསང་བ་ཞིག་ཡིན། གསང་བ་དེ་ལས་སྐྱེ་ཁམས་མ་ལག་གི་གྲུབ་ཚུལ་དང་འཁོར་སྐྱོད་ཀྱི་ཆོས་ཉིད་ངང་གིས་གྲུབ་པ་རེད། དེ་ནི་ལོ་ངོ་ཁྲི་སྟོང་གི་ལོ་རྒྱུས་འཕེལ་འགྱུར་གྱིས་གནང་བའི་གོ་རིམ་ལྡོག་མེད་ཅིག་ཡིན། ཕྱིའི་སྣོད་ཆགས་པ་ནས་ནང་གི་བཅུད་ཀྱི་རྟེན་བྱུང་བ་ལ་ཕན་ཚུན་རྩོལ་ནུས་དང་ཤན་སྟོབས་ཀྱིས་གྲུབ། སའི་གོ་ལའི་སྐྱེ་ཁམས་ཀྱི་ཁྱབ་ཁོངས་ལས་སྲོག་ཆགས་ཀྱི་རིགས་དང་གྲངས་ཚད་ནི་གཞལ་དཀའ་བའི་གནས་སུ་འདུག་པ་ལ། འཛམ་གླིང་གི་ཟིན་ཐོ་བཀོད་པའི་སྲོག་ཆགས་རིགས་མི་འདྲ་བ་ཁྲི་ཚོ་བརྒྱ་དང་ལྔ་བཅུ་ལས། དོམ་གྱི་གྲངས་ཚད་ནི་ཆེས་འཇིག་ཉེན་གྱི་གནས་དང་སྐབས་སུ་ལྷུང་འདུག་པ་མ་ཟད། མ་འོངས་བའི་ལོ་ངོ་བརྒྱའི་རྗེས་ནས་དོམ་དཀར་ཞེས་བའི་མིང་ནི་ལྷག་རོ་ཙམ་ཡང་མི་འདུག་ཞེས་སྐྱེ་ཁམས་རིག་པ་བ་དང་རི་སྐྱེས་སྲོག་ཆགས་པའི་དཔྱད་གཞི་ཁུངས་བཙན་བྱས་ཡོད། དེ་མིན། དོམ་དང་འབྲེལ་བའི་བརྙན་ཚགས་ལྟར་ན། ནུབ་གླིང་དང་ཤར་གླིང་ལ་དོམ་སེར་འཚོ་སྡོད་ཀྱི་ལོ་རྒྱུས་སྟོང་ཕྲག་གསུམ་དུ་གནས་སྐད། མིའི་རིགས་ཀྱི་ཁྱབ་ཁོངས་ཤུགས་ཆེར་སྤེལ་བ་དང་སྦྲགས། དོམ་དང་དོམ་ནག དོམ་སེར་གྱི་གནས་ནི་མུན་ནག་དང་འཇིག་བསྐལ་གྱི་དུས་སུ་གླགས་བྱུང་བ་ནི་ཁོ་ཚོའི་འཚོ་སྡོད་ཀྱི་མངའ་ཁོངས་དང་ཡུལ་བབ་ལ་མིས་བཙིར་མནོན་དང་མཐར་སྤྲུགས་བྱས་བ་ངང་གིས་མཚོན་ཡོད། དེ་ནི་རི་སྐྱེས་སྲོག་ཆགས་ཀྱི་འཇིག་བསྐལ་ཁོ་ན་ཙམ་མ་ཡིན།1212121212
འཛམ་གླིང་སྤྱིའི་སྲོག་ཆགས་རིག་པའི་རིགས་དབྱེ་ལྟར་ན། དོམ་དང་དྲེད་མོང་ལ་རིགས་ཆེན་པོ་བཅོ་བརྒྱད་དུ་དབྱེ་ཚུལ་ནི་སྲོག་ཆགས་རིག་པའི་ཚན་རིག་དང་དངོས་ཡོད་ཀྱི་སྒོ་ནས་དབྱེ་སྟངས་ཡིན་ཞེས་སྐད་ཡོད། གཞན་ཡང་། འབྲེལ་ཡོད་ཡིག་ཚགས་དང་བརྙན་ཚགས་ལས་རྒྱུན་འབྱམས་སུ་དབྱེ་བ་ནི་དྲེད་མོང་ལ་རིགས་མི་འདྲ་བ་ཆེན་པོ་བརྒྱད་དུ་ཕྱེ་ཡོད། གང་ལྟར། འཛམ་གླིང་སྤྱིའི་ས་བབ་དང་ཡུལ་བབ། གནམ་གཤིས། ཁོར་ཡུག་མི་འདྲ་བའི་དབང་གིས། མེ་གླིང་ལྷོ་བྱང་དང་ཡ་གླིང་། ཡོ་རོབ་གླིང་བཅས་ཀྱི་དྲེད་མོང་གི་རིགས་དང་དྲེད་མོང་གི་གཟུགས་འགྱུར། བོངས་ཚད་སོགས་ལའང་ཁོར་ཡུག་དང་འབྲེལ་བའི་འགྱུར་བ་དང་འོས་འཚམ་གྱི་བྱུང་བ་ནི་རང་བཞིན་དུ་གྲུབ་འདུག ཟུར་གཞན་ཞིག་ནས་དོམ་གྱི་འཚོ་གནས་ཁྱབ་ཁོངས་ལའང་རྒྱང་ལྟ་ཞིག་བྱས་ན། གོ་ལའི་བྱང་གནས་སུ་འཚོ་བའི་རིགས་ནི་དོམ་དཀར་ཡིན། འཁྱགས་རོམ་དང་འཁྱགས་ཀླུང་གི་བར་སྟོང་ནི་དོམ་དཀར་དང་དོམ་ཁྱུ་ལ་འཚམ་པའི་རྩ་བའི་འཚོ་སྡོད་ཀྱི་གོ་རིམ་ཞིག་ཡིན། དོམ་ཁྲ་དང་དོམ་ནག་ནི་ནགས་གསེབ་དང་ཚ་བའི་ས་ཁུལ་དུ་འཚོ་ཞིང་གནས་བའི་རིགས་ཀྱི་དཔུང་ཡིན། རིམ་གྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་ལ་ནང་ལྟ་ཙམ་ཞིག་བྱས་ན། དོམ་དང་དྲེད་མོང་། མི་དྲེད་ལ་སོགས་པ་ནི་ཧི་མ་ལ་ཡའི་ནང་རོལ་ན་གནས་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་རིགས་ཡིན་པ་མ་ཟད། སྲུང་སྐྱོབ་ཀྱི་ཚད་རིམ་ཆེས་མཐོ་ཤོས་སུ་ཐེ་བའི་གཅན་གཟན་གྱི་རིགས་ཀྱང་ཡིན། བོད་ཆེན་པོའི་ཡུལ་ཁམས་ཀྱི་དོམ་དང་དྲེད་མོང་གི་འཚོ་སྡོད་ས་བབ་ལ་གཞིགས་ན། དོམ་ནག་དང་དོམ་ཁྲའི་རིགས་ནི་སི་ཁྲོན་དང་བདེ་ཆེན། ཀོང་པོ་དང་མང་ཡུལ་སོགས་ཀྱི་གདོད་མའི་ནགས་གསེབ་དང་ཚ་བའི་ས་ཁུལ་དུ་གཞིས་འཛིན་པའི་རིགས་སུ་འགྲོ། དྲེད་མོང་གི་འཚོ་གནས་ཀྱི་ཁྱབ་ཁོངས་ནི་གཙོ་བོ་ཡུལ་ཤུལ་གྱི་ནང་ཆེན་དང་ཆུ་དམར་ལེབ་ཀྱི་ས་ཁུལ། མཚོ་སྔོན་གྱི་འབྲོང་ཐུ་དང་ཡུལ་གྲུ་ཁ་ཤས། ཆབ་མདོའི་སྨར་ཁམས་གཙོ་བྱས་བོད་བྱང་ཐང་དང་ཨ་ཆེན་གངས་རྒྱུད་ཀྱི་འདབས་འབྲེལ། དེ་མིན། མངའ་རིས་ཀྱི་ཡུལ་ཁམས་ལ་སོགས་སུ་དྲེད་མོང་དང་དྲེད་མོང་གི་འདུར་རྒྱུགས། དྲེད་མོང་གི་འཚོ་སྡོད་དང་འཚོ་སྡོད་ཀྱི་ཁྱབ་ཁོངས་ཅུང་ཆེན་པོ་བཟུང་ཡོད་པ་རེད། ཧ་ལམ་འདས་བའི་ལོ་རབས་དྲུག་བཅུ་ནས་དགུ་བཅུ་བར་ལ་བོད་ཀྱི་སྐྱེ་ཁམས་རིག་གནས་ལ་ཆེས་ཆེར་ཉམས་རྒུད་ཐེབས་བའི་དུས་སྐབས་དང་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ལ་ཧ་ལས་བའི་གོད་ཆག་ལྷུང་བའི་དུས་ངན་གཏུམ་མོའི་བདག་པོ་སླེབས་པ་རེད། དེ་བས། མཚོ་བོད་མཐོ་སྒང་གི་དྲེད་མོང་དང་དོམ་ནག་ལ་སོགས་པའང་ཡ་ང་བའི་དམར་གསོད་དང་བཙོན་འཇུག་གི་མུན་ནག་ཡོང་བ་ནི་གནའ་བོ་ལྷ་སྒྲུང་ཙམ་མ་ཡིན།

སྐྱེ་ཁམས་ཀྱི་འཕེལ་སྟངས་དང་ཆག་འཇིག་ནི་ཐད་ཀར་མིའི་རིགས་ཀྱི་ཀུན་སློང་དང་བསམ་སྦྱོར་གྱི་ལེགས་ཉེས་འཇུག་ལྡོག་ལ་འབྲེལ་བ་དམ་ཟབ་ཡོད། ཟུར་གཞན་ཞིག་ནས་དོམ་དང་དྲེད་མོང་གི་རང་བཞིན་འགྱུར་བ་ནི་འཚོ་གནས་ཁྱབ་ཁོངས་མི་འདྲ་བའི་ཟུར་ཡིན་པ་ལ་འཇུག དེ་ཡང་སྲོག་ཆགས་རིག་པའི་སྡོམ་ཚིག་ལྟར་ན། དྲེད་མོང་གི་གཤིས་དང་དོམ་གྱི་གཤིས། མི་དྲེད་ཀྱི་གཤིས་ནི་ཧ་ལམ་འདྲ་བའི་ཆ་རུ་འགྲོ་བ་མ་ཟད། ཁོ་ཚོའི་སྔ་རབས་ཀྱི་རྒྱུད་ཁོངས་དེད་ན་རིགས་གཅིག་གི་བདག་པོ་ཡིན་པ་མ་ཟད། དུས་བབ་དང་ས་བབ་ཀྱི་འགྱུར་བ་སྣ་ཚོགས་ལས་གཅན་གཟན་དོམ་ལའང་སྣ་མང་ཅན་དུ་གྱུར་བ་ཡིན་ཞེས་བ་ལ་ཅུང་འཐད་པའི་གནས་སུ་འགྲོ། རྒྱུ་མཚན་ནི་འགྱུར་བ་དེ་ནི་ས་གཤིས་དང་ས་ཁམས། གནམ་གཤིས། ཡུལ་ཁམས་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་རིགས་གང་ཞིག་གི་བདག་པོ་གཅིགའང་ངོ་བོ་གཞན་དུ་འགྱུར་བའི་ཆ་དེ་ལྡན་པ་ཡིན། དཔེར་ན། བོད་ཀྱི་མི་རྒྱུད་ཀྱི་ངོས་ཐད་ནས་བལྟས་ན། བོད་རང་ས་རང་ཡུལ་ནས་ས་སྐྱེས་རྡོ་སྐྱེས་སུ་གནས་བའི་བོད་ནི་རང་བཞིན་གཅིག་ཏུ་གྲུབ་མོད། བོད་ཀྱི་རིགས་དེ་ཉིད་རྒྱ་གར་དང་བལ་ཡུལ་སོགས་སུ་གནས་བ་ལའང་མིའི་ངོ་གདོང་དང་ཆགས་དབྱིབས། ཐ་ན་གོམས་ལུགས་གཤིས་ལུགས་ལ་སོགས་པའང་འགྱུར་བ་བྱུང་ཡོད་པ་དོན་དངོས་ལྟ་བུ་རེད། དེ་ནི་ཁྲག་རྒྱུད་ཀྱི་བརྗེ་སྤོར་ཙམ་མ་ཡིན་པར་ས་ཁོངས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་འཚོ་སྡོད་དུ་རིམ་གྱིས་རིགས་ཀྱང་འགྱུར་བ་བྱུང་བཞིན་པ་རེད། དེ་བས། དོམ་གྱི་རིགས་ལའང་འགྱུར་རྡོ་བཞིན་དུ་འགྱུར་བའང་དེ་བཞིན་ཡིན་པས་འདིར་ཁུངས་དག་པའི་དཔྱད་ལུགས་ཀྱང་སྒྲུབ་པ་མིན་ཡང་། ཕྱི་ཚུལ་རིང་ལུགས་ཀྱི་འགྱུར་བའི་སྣང་ཚུལ་ལས་ནང་སྙིང་གི་རང་བཞིན་ལའང་འགྱུར་བའི་གནས་ནི་ཡོད་སྲིད་པ་རེད་སྙམ། འོན་ཀྱང་། མིའི་འཚོ་གནས་ཀྱི་བསམ་གཞིགས་དྲང་ཐིག་ཏུ་མ་བབས་བའི་གནས་དང་ཟུར་ནས། གཞན་གང་ཞིག་གི་འཚོ་གནས་ཀྱི་ཁྱབ་ཁོངས་ལ་གནོད་སྐྱོན་དང་མིག་ཆུའི་ལོ་རྒྱུས་བྲིས་བ་རང་བཞིན་དུ་གྲུབ་འདུག་པས། འདིར་གླེང་བ་ནི་དོམ་གྱི་ཁ་དོག རིགས་རྒྱུད། རིགས་དབྱེ། འཕོ་འགྱུར་སོགས་མ་ཡིན་པར། དོམ་དང་དྲེད་མོང་ལ་འབྲེལ་བའི་སྐྱེ་ཁམས་གློག་བརྙན་གྱི་ལམ་ནས་དོམ་གྱི་འཚོ་གནས་ཟ་ཟུར་དང་གློག་བརྙན་ལས་སྣང་བའི་དོམ་གྱི་ཁྲག་དམར་ལ་འཇུག ཡིན་ཡང་། དམར་པོ་ཁྲག་གི་བརྙན་རིས་མ་གླེང་བའི་སྔོན་ལ་སྐྱེ་ཁམས་གློག་བརྙན་གྱི་རིག་པའི་འཕེལ་རིམ་ལ་འགྲོ།

སྤྱིར་ན་གློག་བརྙན་ནི་བརྙན་རིགས་ཀྱི་ཁྱབ་ཁོངས་མ་ལག་ཅན་དང་ཡོངས་འདུས་ཅན་ཞིག་ཡིན། བྱེ་བྲག་ཏུ་སྐྱེ་ཁམས་གློག་བརྙན་དང་འབྲེལ་ནས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་གླེང་ན། འཛམ་གླིང་གློག་བརྙན་རིག་པ་བྱུང་ནས་ལོ་ངོ་ལྔ་བཅུ་ལྷག་གི་ཕྱིས་དང་ལོ་རབས་བཞི་བཅུའི་རྗེས་ནས་སྐྱེ་ཁམས་གློག་བརྙན་གྱི་ཕྱི་ལུགས་ཙམ་ཞིག་འགོ་བརྩམས་པ་རེད། ལོ་རབས་དྲུག་བཅུ་ནས་བརྒྱད་བཅུའི་བར་ལ་སྐྱེ་ཁམས་གློག་བརྙན་གྱི་མཐོ་རླབས་འཛམ་གླིང་ཡོངས་དང་སྒོས་སུ་རྒྱ་ནག འབྲེལ་ཡོད་རྒྱལ་ཕྲན་ཁག་ལའང་དར་བ་རེད། ཧྥ་རན་སིའི་སྐྱེ་ཁམས་གློག་བརྙན་འཁྲབ་ཁྲིད་པའི་སྡེ་དང་ཧོ་ལེ་བན་གློག་བརྙན་གྱི་ཁྱུན་ནས་སྐྱེ་ཁམས་གློག་བརྙན་ཤུགས་ཆེར་འཕེལ་བ་རེད། བྱེ་བྲག་ཏུ་སྐབས་སུ་མི་གླེང་བར་བྱ། སྤྱིར་ན་སྐྱེ་ཁམས་གློག་བརྙན་ལ་འཇུག་པའི་མྱོང་རོལ་དང་རི་སྐྱེས་སྲོག་ཆགས་ལ་མོས་པའི་འཚོལ་ཞིབ་ཀྱི་ཤེས་རྟོགས་ཙམ་ཞིག་མེད་གྱུར་ན། སྐྱེ་ཁམས་གློག་བརྙན་གླེང་རྒྱུ་ཟེར་བ་ནི་དགོད་བྲོ་བའི་གཏམ་རྒྱུད་ཞིག་གི་ཁ་དོག་ཡིན། འདིར་སྐྱེ་ཁམས་གཏམ་རྒྱུད་གློག་བརྙན་དང་སྐྱེ་ཁམས་དངོས་བཤུས་གློག་བརྙན་གྱི་ཐབས་སུ༼དོམ༽དང༼དྲེད་མོང་གི་འཇིག་རྟེན༽ ༼དོམ་གྱི་གཏམ་རྒྱུད༽ ༼བྱང་གནས་དོམ་དཀར༽ ༼དོམ་གྱི་མིག་ཆུ༽ ༼ཁྰ་ཨར་པ་ཆིན་རི་བོའི་དྲེད་མོང༽༼མི་དང་དྲེད་མོང་གི་མཚར་གཏམ༽༼དངུལ་མདོག་གི་རྒྱུ་སྐར༽༼མྱི་དང་དྲེད་མོང་གི་གཡུལ་ཐབས༽༼དྲེད་སྐྱ༽༼དོམ་གྱི་ངག་རྒྱུན༽༼དོམ་དཀར་ཆེན་མོ༽༼སྨྱོན་པའི་དྲེད་མོང༽༼ཐར་ས་མེད་པའི་དྲེད་མོང༽༼དྲེད་མོང་དང་རྔོན་པ༽༼ཁི་ལྰ་ནོ་དང་ཁོའི་གྲོགས་པོ་ཚོ༽ཞེས་བའི་སྐྱེ་ཁམས་གློག་བརྙན་དང་དངོས་བཤུས་གློག་བརྙན་འདི་དག་ལས། འཛམ་གླིང་གི་རི་སྐྱེས་སྲོག་ཆགས་དོམ་དང་དོམ་ནག དྲེད་མོང། དོམ་དཀར་སོགས་དང་འབྲེལ་བའི་ཆག་འཇིག་དང་ཁྲག་དམར། ཉེས་དམིགས་དང་དམར་འཛིང་། རྨེག་མེད་དང་གཏུབ་གསོད། བཙོན་འཇུག་དང་རྔོན་འཛིན་གྱི་བསམ་སྦྱོར་ལས་ཐོན་པའི་ཁྲག་གི་བརྙན་མིག་མི་འདྲ་བ་ལ་འཚོལ་ཞིབ་བྱས་ཡོད། སྐྱེ་ཁམས་གློག་བརྙན་གྱི་བརྙན་ཐབས་དང་བརྙན་རིས། བརྙན་མིག བརྙན་རྩལ། བརྙན་ལེན་གྱི་རིག་པ་དང་ཤེས་རྟོགས་ནི་འཛམ་གླིང་སྐྱེ་ཁམས་གློག་བརྙན་འཁྲབ་ཁྲིད་པའི་རང་བཞིན་གྱི་འཇོན་ནུས་རྩལ་གསུམ་དང་བདེན་བཟང་མཛེས་གསུམ་གྱི་སྒྱུ་རྩལ་དམིགས་ཚད་མི་འདྲ་བ། ཀུན་སློང་མི་འདྲ་བ། དགོས་ངེས་མི་འདྲ་བའི་ཟུར་ནས་འཁྱོངས་བའི་བརྙན་རིས་ཀྱི་བདེན་པ་དང་བརྙན་རིས་ཀྱི་རང་བཞིན་མངོན་དུ་གསལ་ཡོད། ཟུར་གཞན་ཞིག་ནས་སྐྱེ་ཁམས་གློག་བརྙན་དང་གློག་བརྙན་གྱི་སྣང་བ་ནི་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འཚོ་གནས་གཏན་ཚིགས་རིག་པ་དང་རྟེན་འབྲེལ་འཚོ་ཐབས་ཆོས་ཉིད་མང་བོ་ཞིག་བསྟན་བྱུང་། འོན་ཀྱང་། འདིར་སྐྱེ་ཁམས་གློག་བརྙན་ལས་སྣང་བའི་ཟུར་གཙོ་བོ་ནི་མིའི་རིགས་ཀྱི་འཛམ་གླིང་བཟོ་ལས་གསར་བརྗེ་དང་འཁྲུག་ཆེན། དཔལ་འབྱོར་མ་ལག སྒེར་ལྡུམ་རིང་ལུགས་ཀྱི་ངར་འཛིན་ལ་ནི་མེ་རི་འཕྱུར་བ་ནང་བཞིན་བའི་རྒྱབ་ལྗོངས་ནས། ཁ་སང་གི་དོམ་སེར་དང་དོམ་གྱི་འཚོ་གནས་ལ་དམར་པོ་ཁྲག་གི་ལོ་རྒྱུས་བྱུང་ཡོད་ལ། དེ་རིང་གི་དྲེད་མོང་དང་མི་དྲེད་ལ་ཆག་འཇིག་གི་གཡུལ་སའི་དུས་ངན་སླེབས་ཀྱིན་ཡོད། སང་ཉིན་གྱི་དོམ་དཀར་དང་དྲེད་ཕྲུག་ལ་མུན་ནག་གི་དམྱལ་ཁམས་མྱངས་བའི་སྤྱི་འགྲོས་ཡ་ང་བ་ཞིག་འགོད་རྩིས་འདུག དེ་ནི་མི་ནས་འགོ་བརྩམས་པ་ལས་ཁོར་ཡུག་གི་འབྱུང་བཞིའི་འགྱུར་བ་ཙམ་མ་ཡིན། བྱེ་བྲག་ཏུ་སྐྱེ་ཁམས་གློག་བརྙན་སྐོར་ཞིག་གི་ཡ་ང་བའི་བརྙན་རིས་ཟིན་ཐོ་རེ་རེ་ལས་དོམ་གྱི་ཁྲག་ཐིགས་དང་དྲེད་མོང་གི་མིག་ཆུ། དོམ་ནག་གི་སྐྱོ་གར། དོམ་དཀར་གྱི་འཇིག་ཉེན་ལ་གསལ་རྗེན་ཐེངས་གཅིག་བྱས་ན། གཅིག ༼བྱང་གནས་དོམ་དཀར་གྱི་མིག་ཆུ༽ཞེས་བའི་དངོས་བཤུས་གློག་བརྙན་ལས་སྣང་བ་ནི་ཁྲག་གི་ཡུར་ཆུ་བྱང་གི་འཁྱགས་རོམ་ཆེན་མོ་འདྲེས་ཞིང་ཚ་རིམ་བརྒལ་བའི་འཇིག་ཉེན་ནི་བྱང་གནས་འཇིག་རྟེན་ལ་གནོད་པའི་རྒྱུ་རུ་གྱུར་འདུག དེ་ལས་བྱང་རྒྱུད་དུ་འཚོ་བའི་དོམ་དཀར་དང་མཚོ་ཕག མཚོ་གཟིག ཤྭ་ཁྲ། ཝ་དཀར། བྱ་ཁྱུ་དཀར་བོ་སོགས་ལ་ལོ་རྒྱུས་སུ་བྱུང་མ་མྱོང་བའི་འཇིག་ཉེན་ཞིག་ངང་གིས་ལྷགས་ཀྱིན་འདུག སྤྱིར་ན་མིའི་རིགས་ཀྱི་རྔོན་ལས་རིག་གནས་ནི་འབྲོག་ལས་དང་ཞིང་ལས། བཟོ་ལས། ཐ་ན་དེ་རིང་གི་འཕྲིན་ལས་དང་བསྡུར་ན་ལོ་ངོ་ཁྲི་ཚོ་དུ་མའི་སྔོན་རོལ་ནས་བྱུང་བའི་གདོད་མའི་འཚོ་སྟངས་ཀྱི་རིགས་སུ་གཏོགས། འོན་ཀྱང་། མིའི་ངར་འཛིན་གྱི་བློ་དང་བརྐམ་ཆགས་ཀྱི་སྦྱོར་བ་ནི་མུན་ནག་ལྟ་བུའི་གཏིང་མཐའ་བྲལ་བས། དུས་རབས་འདི་དང་ལོ་རབས་འདི་དག་ལའང་རྔོན་ལས་ཀྱི་ཐབས་དང་འཚོ་གནས་ཀྱི་ལམ་ལ་གཞིགས་ནས། གོ་ལའི་འཁྱགས་རོམ་བྱང་རྒྱུད་དུ་འཚོ་གནས་སུ་འཛིན་པའི་དོམ་དཀར་དང་ཝ་དཀར། བྱ་དཀར། འབྲེལ་ཡོད་རི་སྐྱེས་སྲོག་ཆགས་མང་པོ་ལ་དམར་གསོད་དང་རྨེག་མེད་ཀྱི་ལས་སྦྱོར་ངན་པ་སྒྲུབ་དང་སྒྲུབ་དམུས་སུ་ཡོད། དེ་ནི་དོམ་དཀར་གྱི་འཚོ་གནས་མིག་ཆུ་ཡིན་ལ་དོམ་དཀར་དང་འབྲེལ་བའི་ཁོར་ཡུག་དང་ཡུལ་ཁམས། མཁའ་དབུགས། འཁྱགས་རོམ་ལ་གནོད་པའི་མིག་ཆུའི་གཏམ་རྒྱུད་ཀྱང་ཡིན། གཞན་ཡང་། གོ་ལ་ཅན་གྱི་གནད་དོན་ནི་དྲོད་ཚད་འཕར་སྣོན་བྱུང་བ་དང་སྦྲགས། བྱང་རྒྱུད་ཀྱི་འཁྱགས་རོམ་དང་འཁྱགས་ཀླུང་གི་ཁྱོན་ཚད་དང་བོངས་ཚད། བྱང་ཚད་ལ་འགྱུར་ལྡོག་ཧ་ལས་བ་བྱུང་བའི་ཟུར་ནས། ང་ཚོ་མིའི་རིགས་ཀྱི་འཚོ་གནས་ཁྱབ་ཁོངས་དང་ཡུལ་བབ་ལའང་འཇིག་ཉེན་གཞན་ཞིག་གི་འཇབ་ཀྱིན་པ་དང་དུས་མཐའི་འཁྲུག་ལོང་རྒོད་པའི་ལྟས་ངན་ཡིན་པ་ཁོར་ཡུག་གིས་བདེན་དཔང་བྱས་ཡོད་ལ། སྐྱེ་ཁམས་གློག་བརྙན་ལས་མཚོན་ཐབས་སྤྱད་ཡོད་པས་འཇུག་པར་དཔྱོད། མདོར་ན། སྐྱེ་ཁམས་གློག་བརྙན༼བྱང་གནས་དོམ་དཀར་གྱི་མིག་ཆུ༽ལས་འཛམ་གླིང་ཡོངས་ལ་སྣང་བའི་བདེན་དཔང་དང་ཉམས་རྒུད་ཀྱི་ཚད་རིམ་ནི༢༠༠༨ལོ་ནས་བཟུང་དོམ་དང་དོམ་དཀར་རྨེག་མེད་དུ་འགྲོ་བཞིན་པའི་རི་སྐྱེས་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་མ་ཟད། འདས་པའི་ལོ་ངོ་ལྔ་བཅུའི་ནང་དུ་སུམ་ཆའི་གཉིས་ཙམ་རྨེག་མེད་དུ་གྱུར་ཟིན། དེ་ནི་འཛམ་གླིང་རིམ་པའི་རི་སྐྱེས་སྲོག་ཆགས་ཀྱི་ཆག་འཇིག་མཐོ་ཤོས་སུ་གྱུར་འདུག་པ་གསལ་ཡོད།

000000001གཉིས། ༼དོམ་གྱི་གཏམ་རྒྱུད༽ཞེས་བའི་སྐྱེ་ཁམས་གློག་བརྙན་ནི་འཛམ་གླིང་གི་སྔ་རབས་སྐྱེ་ཁམས་གློག་བརྙན་མིན་ཡང་། མིའི་རིགས་ལ་བག་ཆགས་དང་ཤུགས་རྐྱེན་མཐོ་ཤོས་ཐེབས་པའི་བརྙན་ཚད་ཞིག་ཡིན། གཏམ་རྒྱུད་དེ་ནི་ཨ་རིའི་ནུབ་རྒྱུད་ཀྱི་རི་ཁུལ་ཞིག་ནས་བྱུང་བའི་དོན་དངོས་ཀྱི་མི་དང་དོམ་བར་གྱི་གཏམ་རྒྱུད་ཞིག་ཡིན། ལོ་རབས་བརྒྱད་བཅུ་བའི་སྨད་དུ་འཛམ་གླིང་སྐྱེ་ཁམས་གློག་བརྙན་པ་རང་ཡྰ་ཁུ་ཨ་ནོ་ཡིས་འཁྲབ་ཁྲིད་མཛད་པའི་གློག་བརྙན་རྩེ་གྲས་སུ་གྱུར། སྤྱིར་བཏང་གི་དོམ་ཕྲུག་ཅིག་གི་ལས་དབང་དང་འཚོ་བ། ཉེན་ཁ། རྩུབ་བརྡར། འཐབ་རྩོད་ཀྱི་རྣམ་པ་ནི་དངོས་བཤུས་རང་བཞིན་དང་ཇི་བཞིན་རང་བཞིན་གྱི་ཐབས་སུ་སྤྱད་དེ་རང་བྱུང་ཁམས་ཆེན་མོའི་མཛེས་བ་དང་བག་ཡངས། ལྷོད་འཇགས་ཀྱི་རྣམ་པ་མངོན་པར་སྣང་ཡང་། མི་ཞེས་བ་གང་དུ་ཐོན་ཚེ་དབང་བསྒྱུར་བ་ཁོ་ན་དང་ངར་འཛིན་པ་ཤ་སྟག་ཡིན་པ་བདེན་དཔང་བྱས་ཡོད།

གསུམ། ༼དངུལ་མདོག་གི་རྒྱུ་སྐར༽ཞེས་བ་ནི་ལོ་ངོ་འདི་དག་གསར་དུ་བྱུང་བའི་དོམ་དཀར་གྱི་འཇིག་རྟེན་དང་འབྲེལ་བའི་སྐྱེ་ཁམས་གློག་བརྙན་ཞིག་ཡིན། འཚོ་གནས་ལ་འཇིག་ཉེན་ཐེབས་པའི་དོམ་དཀར་དང་འབྲོང་ཁྲ་གནས་སྤོ་བའི་ཚད་རིམ་མཐོ་བ། གངས་ཁྱིའི་འདྲུད་འཐེན་གྱི་ཁ་ལོ་བསྒྱུར་ནས་བྱང་སྣེ་འཁྱགས་རོམ་ལ་དམར་པོ་ཁྲག་གི་ལོ་རྒྱུས་སྐྲུན་མཁན་དེ་རྔོན་པའི་དཔུང་དང་ལྟ་ཞིབ་ཀྱི་རིགས་ཡིན། རིམ་གྱིས་འཛམ་གླིང་ཧྲིལ་བོའི་དྲོད་ཚད་རིམ་པ་མཐོར་འདེགས་བྱུང་བ་དང་བསྟུན་ནས་བྱང་གནས་དང་ལྷོ་སྣེ་ལ་འཇིག་ཉེན་གསར་བའི་ལོ་རྒྱུས་ཁྲག་གིས་སིམ་ཡོང་། མཇུག་མཐའི་མིའི་རིགས་སྡོད་སའི་ཡུལ་ནི་མཐའ་གནས་གསུམ་པའམ་འཛམ་གླིང་ཡང་རྩེ་འདོད་མོད། མི་ནི་འགྱུར་བའི་རང་གཟུགས་ཅན་དང་སྡིག་གཤིས་ཅན་གྱི་དཔུང་སྡེ་ཡིན་པས་སྔར་བཞིན་ཆག་འཇིག་གསར་བའི་འཇུག་སྒོ་ཡིན་སྲིད།
བཞི། ༼ཁུ་ནོ་ཐིག་དང་ཁོའི་གྲོགས་པོ་ཚོ༽ཞེས་བ་ནི་འཇར་མན་གྱི་སྐྱེ་ཁམས་དངོས་བཤུས་གློག་བརྙན་ཞིག་ཡིན། དེ་ལས་བྱང་གནས་སུ་འཚོ་བའི་དོམ་དཀར་མ་སྨད་གསུམ་གྱི་འཚོ་བའི་གཏམ་རྒྱུད་དང་མ་མེད་དྭ་ཕྲུག་ཏུ་གྱུར་བའི་དོམ་ནག་སྤུན་མཆེད་ཀྱི་དངོས་ཡོད་གཏམ་རྒྱུད། མིའི་གཅེས་སེམས་ལས་བསྐྱངས་བའི་དོམ་དཀར་ཞིག་གི་ལས་སྐལ་གྱི་གཏམ་རྒྱུད་བཅས་ཟུར་མི་འདྲ་བའི་གཏམ་རྒྱུད་ཀྱི་སྐུད་སྣེ་གསུམ་དུ་བརྒྱུས་ཡོད། བརྙན་མིག་གི་སྣང་བརྙན་བཞེངས་ཐབས་ནི་ཇི་བཞིན་དང་དངོས་བཀོད། བར་བཅུག་སོགས་ཀྱི་བརྙན་ཐབས་མི་འདྲ་བ་ལས་དོམ་དཀར་དང་དོམ་ནག་གི་ཁོར་ཡུག འཚོ་སྟངས། ཡུལ་བབ་སོགས་ནི་བརྙན་རིས་ཀྱི་བདེན་པའི་ཚད་དང་མཛེས་བའི་ཚད་ཐོན་པ་ནི་སྒྱུ་རྩལ་གང་ཞིག་གི་ཆེས་མཐོའི་མཚོན་ཐབས་ཡིན།

ལྔ། ༼ དྲེད་མོང་གི་འཇིག་རྟེན༽ཞེས་བ་ནི་ཨ་རིའི་རང་བྱུང་སྐྱེ་ཁམས་མཚོན་པའི་དངོས་བཤུས་གློག་བརྙན་ཞིག་ཡིན། གློག་བརྙན་ལས་དྲེད་མོང་མ་སྨད་གསུམ་གྱི་འཚོ་བའི་འཐབ་རྩོད་དང་དུས་བཞིའི་འགྱུར་བ་ལ་གཞིགས་ནས་འཚོ་གནས་ཀྱི་འགྲུལ་བཞུད་ཟིན་ཐོ་ཞིག་འང་ཡིན། ཨ་ལྰ་ཟི་ཅ་གླིང་ཚོམ་ནི་འཛམ་གླིང་དུ་གྲགས་པའི་གདོད་མའི་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་ཀྱི་གཞིས་ཁམས་ཞིག་ཡིན་པས། ལོ་རབས་དྲུག་བཅུ་ནས་བཟུང་མེ་གླིང་གི་གློག་བརྙན་གྱི་བརྙན་མིག་ནི་གླིང་ཚོམ་དེའི་གསང་བ་དང་གླིང་ཚོམ་དེའི་མཛེས་བ་ལ་ཕྱོགས་པ་རེད། སྐྱེ་ཁམས་གློག་བརྙན་འདི་ལས་ཤེས་གསལ་ལྟར་ན། གླིང་ཚོམ་འདི་ལ་དྲེད་མོང་གི་གྲངས་ཚད་ཆིག་སྟོང་ལྷག་ཏུ་འདུག་མོད། འདས་བའི་སྐྱེ་ཁམས་འཕེལ་འགྱུར་གྱི་གོ་རིམ་ལས། མིས་དབང་བསྒྱུར་དང་སྒེར་གཅོད་ཀྱི་ལམ་ནས་དྲེད་མོང་གི་དག་ཞིང་དང་དྲེད་མོང་གི་མངའ་ཁོངས་ལ་མུན་ནག་དང་ཁྲག་དམར་གྱི་ལོ་རྒྱུས་བྱུང་མྱོང་བས། ད་ནི་སྡོམ་རྩིས་དང་ཚོད་བགམ་བྱས་ཀྱང་དྲེད་མོང་གི་གྲངས་འབོར་སྔར་ལས་མར་ཆག་པ་རེད། ཚེ་སྲོག་གི་རིགས་དང་གྲངས་ཉུང་ངུར་ཕྱིན་པ་ནི་གློག་བརྙན་རིག་པའི་མཛེས་དཔྱོད་ཀྱང་ཉམས་རྒུད་དང་སྟོང་ཆའི་གནས་སུ་གྱུར་བ་ཡིན། དེར་སྐྱེ་ཁམས་དངོས་བཤུས་གློག་བརྙན་ལས་དྲེད་མོང་མ་སྨད་གསུམ་གྱི་གཏམ་རྒྱུད་ལ་གཞིགས་ནས་འཛམ་གླིང་ལ་ངོ་མཚར་གཞན་ཞིག་གི་ལྟད་མོ་དང་རི་སྐྱེས་སྲོག་ཆགས་ཀྱི་དུས་བཞིའི་འཚོ་གནས་དང་འཚོ་གནས་ཀྱི་གསང་བ་ངང་གིས་མཐོང་ཐུབ། དེ་ནི་འཁྲབ་ཁྲིད་པའི་བློ་མིག་དང་བརྙན་ལེན་པའི་ལག་ལེན་ལས། བརྙན་མིག་གི་མཛེས་བ་ལྗོངས་དངོས་ཡུལ་བཀོད་ཀྱི་སྣང་བརྙན་ཙམ་མ་ཡིན་པར། དྲེད་མོང་དང་དྲེད་མོང་དང་འབྲེལ་བའི་རི་སྐྱེས་སྲོག་ཆགས་ཀྱི་སྐྱེ་ཁམས་རིག་གནས་ཀྱི་འབྲེལ་བ་དང་འཚོ་གནས་ཀྱི་གསང་བ་ཤུགས་ཀྱིས་མངོན་ཡོང་། གླེང་ཟིན་པའི་སྐྱེ་ཁམས་གློག་བརྙན་དེ་དག་ནི་ཟུར་ཙམ་ཡིན་པས། སྐྱེ་ཁམས་གློག་བརྙན་གླེང་བ་ནི་སྐྱེ་ཁམས་གློག་བརྙན་གྱི་ལམ་ནས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་བསམ་གཞིགས་དང་སྲུང་སྐྱོབ། སྐྱེ་ཁམས་རིག་གནས་ལ་དོ་དམ་དང་སྲུང་འཛིན། རི་ཆུའི་གསང་བ་ལ་གཙིགས་ཆེན་དང་བཏང་སྙོམས། གཅན་གཟན་རི་དྭགས་ཀྱི་ལས་དབང་ལ་སེམས་ཁྲེལ་དང་དོ་ཁུར་གྱི་ཐབས་དང་འབོད་པ་ཡིན།
མདོར་ན། འཛམ་གླིང་རིམ་པ་མཐོ་ཤོས་དང་སྲུང་སྐྱོབ་རིམ་པ་དང་པོའི་གྲས་སུ་ཚུད་པའི་རི་སྐྱེས་སྲོག་ཆགས་དང་དོམ་དྲེད་ལ་མཁོ་བ་ནི་དམར་པོ་ཁྲག་གི་ལོ་རྒྱུས་མ་ཡིན་ལ་བྱང་གནས་ཁྲག་ཏུ་བསྒྱུར་བའི་མཇུག་མཐའི་རིགས་རྒྱུད་ཅིག་གི་འོ་དོད་དེ་བས་ཀྱང་མ་ཡིན་ནོ།

u=3139112620,3331306795&fm=21&gp=0

ཟུར་མཆན།
༡ ༼དོམ་གྱི་གཏམ་རྒྱུད ༽ ༡༩༨༨ལོར། འཛམ་གླིང་རི་སྐྱེས་སྲོག་ཆགས་འཁྲབ་ཁྲིད་པའམ་ཧྥ་རན་སིའི་རང་ཡྰ་ཁུ་ཨ་ནོ་ཡིས་
འཁྲབ་ཁྲིད་མཛད་པའི་སྐྱེ་ཁམས་གློག་བརྙན་བརྩམས་ཆོས་ཞིག་ཡིན།
༢ ༼ བྱང་གནས་དོམ་དཀར་གྱི་མིག་ཆུ ༽ ༢༠༡༠ལོར། ཁོ་རེ་ནའི་ཀྲའོ་ཀྲོང་མའོ་ཡིས་འཁྲབ་ཁྲིད་བྱས་པའི་སྐྱེ་ཁམས་གློག་བརྙན་
བརྩམས་ཆོས་ཞིག་ཡིན།
༣ ༼དངུལ་མདོག་གི་རྒྱུ་སྐར ༽ ༢༠༠༦ལོར། ཁ་ན་ཏ་དང་ཧྥ་རན་སིས་མཉམ་སྒྲུབ་བྱས་ཞིང་ཏེ་ཨེར་ལེ ཕའེ་ཐྰ་ནེ་ཏྰ་ཡིས་འཁྲབ་ཁྲིད་བྱས་པའི་སྐྱེ་ཁམས་དངོས་བཤུས་གློག་བརྙན་བརྩམས་ཆོས་ཞིག་ཡིན།
༤ ༼ཁུ་ནོ་ཐིག་དང་ཁོའི་གྲོགས་པོ་ཚོ ༽ ༢༠༠༨ལོར། འཇར་མན་གྱི་མེ་ཆྰ ཇོན་སན་གྱིས་འཁྲབ་ཁྲིད་བྱས་པའི་སྐྱེ་ཁམས་གློག་བརྙན་བརྩམས་ཆོས་ཞིག་ཡིན།
༥ ༼ དྲེད་མོང་གི་འཇིག་རྟེན ༽ ༢༠༡༤ལོར། ཨ་རིའི་ཇེ་སི་ཞོ་ལེ་དང་ཨེ་ལེ་སི་ཐའེ་ཟུང་གིས་འཁྲབ་ཁྲིད་བྱས་པའི་སྐྱེ་ཁམས་དངོས་བཤུས་གློག་བརྙན་བརྩམས་ཆོས་ཞིག་ཡིན།༼དོམ་གྱི་གཏམ་རྒྱུད༽ ༼ དྲེད་མོང་གི་འཇིག་རྟེན༽ ༼བྱང་གནས་ཀྱི་མིག་ཆུ༽ ༼ ཁུ་ནོ་ཐིག་དང་ཁོའི་གྲོགས་པོ་ཚོ༽

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།4

དཔྱད་མཆན་སྤེལ།