ཀྲུང་གོའི་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་དང་འབྲེལ་བའི་གློག་བརྙན་བརྗོད་དོན་འཚོལ་ཞིབ་དང་དབྱེ་ཞིབ།

རྩོམ་པ་པོ། ཀྲང་ཨ་ལེ། ཧྲན་ཞིའི་མི་ཡིན། ནུབ་བྱང་སློབ་ཆེན་གྱི་རྩོམ་རིག་དགེ་རྒན་ཆེན་མོ། གློག་བརྙན་འཕྲིན་དང་ཟློས་གར་རིག་པ། རིག་གནས་ཐོན་ལས་ཞིབ་འཇུག་པ་ཡིན།

བསྒྱུར་བ་བོ། ཟླ་ཚང་དཔལ་མཁར་རྒྱལ།

1223432432423

ནང་དོན། ༼ ཀྲུང་གོའི་ནུབ་རྒྱུད་གློག་བརྙན་གྱི་གྲུབ་ཚུལ་དང་འཕེལ་བའི་གོ་རིམ་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་ལ་ནི་དམ་དུ་སྦྲེལ་འདུག གཅིག གྲངས་ཉུང་མི་རིགས་ཀྱི་གློག་བརྙན་བརྗོད་བྱ་གསར་འབྱེད་བྱས་པ་ནི་ནུབ་རྒྱུད་གློག་བརྙན་ལ་སྔར་ལས་ལྷག་པའི་གསར་འབྱེད་ཀྱི་བྱེད་ནུས་དང་ཤེས་རིག་གི་འབྱུང་ཁུངས་བསྐྲུན་པ་ཡིན་ལ། ཀྲུང་གོའི་ནུབ་རྒྱུད་གློག་བརྙན་གྱི་འཕེལ་སྟོབས་སུ་དགོས་གལ་དུ་གྲུབ་ཡོད། ཅིག་ཤོས་ནི་ནུབ་རྒྱུད་གློག་བརྙན་ལམ་ནས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་ཤེས་རིག་ལ་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་དང་ཁོར་ཡུག་སོགས་བསྐྲུན་པ། འདི་ལས་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་བརྗོད་དོན་ལ་སྡིངས་ཆ་ཆེན་པོ་དང་སྒྱུ་རྩལ་གྱི་མཚོན་དོན་གསར་བའི་དན་རྟགས་ངང་གིས་བཞེངས་ཐུབ། ༽

བརྡ་ཆད། ཀྲུང་གོའི་ནུབ་རྒྱུད་གློག་བརྙན།
གྲངས་ཉུང་མི་རིགས་ཀྱི་བརྗོད་དོན།

སྤྱིར་ན་ཀྲུང་གོའི་ནུབ་རྒྱུད་གློག་བརྙན་གྱི་འཕེལ་འགྲིབ་ནི་གྲངས་ཉུང་མི་རིགས་ཀྱི་རིག་གནས་འཚོ་བ་དང་དམ་དུ་འབྲེལ་ཡོད་། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བའི་སྐབས་སུ་གློག་བརྙན་བཟོ་སྐྲུན་ལྟེ་གནས་ཀྱིས་ཀྲུང་གོའི་ནུབ་རྒྱུད་པའི་འཚོ་གནས་མངའ་ཁོངས་དང་ནུབ་རྒྱུད་གློག་བརྙན་དང་འབྲེལ་བའི་བརྗོད་དོན་མི་ཉུང་བ་འཁྲབ་མྱོང་བ་རེད། འདས་བའི་སྤྱི་ལོ༡༩༨༤ལོར་ནུབ་རྒྱུད་གློག་བརྙན་གྱི་སྤྱི་མཚན་དངོས་བཏོན་པས། ཀྲུང་གོའི་གློག་བརྙན་ལས་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱ་མཚོན་པའི་ནུབ་རྒྱུད་གློག་བརྙན་གྱི་གྲངས་ཚད་དང་བྱང་ཚད་ཤུགས་ཆེར་འཕེལ་སྟོབས་སུ་ཕྱིན་པ་རེད།
གཅིག གྲངས་ཉུང་མི་རིགས་ཀྱི་གློག་བརྙན་བརྗོད་བྱ་གསར་འབྱེད་བྱས་པ་ནི་ནུབ་རྒྱུད་གློག་བརྙན་ལ་སྔར་ལས་ལྷག་པའི་གསར་འབྱེད་ཀྱི་བྱེད་ནུས་དང་ཤེས་རིག་གི་འབྱུང་ཁུངས་ཡིན་ལ། ནུབ་རྒྱུད་གློག་བརྙན་གྱི་འཕེལ་སྟོབས་སུ་དགོས་གལ་དུ་གྲུབ་ཡོད། ཅིག་ཤོས་ནི་ནུབ་རྒྱུད་གློག་བརྙན་ལམ་ནས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་ཤེས་རིག་ལ་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་དང་ཁོར་ཡུག་སོགས་བསྐྲུན་ཡོད། འདི་ལས་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་བརྗོད་དོན་ལ་སྡིངས་ཆ་ཆེན་པོ་དང་སྒྱུ་རྩལ་གྱི་མཚོན་དོན་གསར་བའི་དན་རྟགས་ངང་གིས་བཞེངས་ཡོད། དེ་ནི་ཤེས་རིག་གང་ཞིག་གི་མཚོན་བྱེད་ཀྱི་བརྩམས་ཆོས་ཀྱང་ཡིན་ངེས། གཤམ་དུ་ཀྲུང་གོའི་ནུབ་རྒྱུད་གློག་བརྙན་ལས་གྲངས་ཉུང་མི་རིགས་ཀྱི་བརྗོད་དོན་དང་འབྲེལ་ནས་བྱེ་བྲག་ཏུ་དབྱེ་ཞིབ་ལ་འཇུག
གཅིག གྲངས་ཉུང་མི་རིགས་དང་འབྲེལ་བའི་ནུབ་རྒྱུད་གློག་བརྙན་གྱི་བརྗོད་དོན་གསར་གཏོད་ཀྱི་གྲུབ་རྐྱེན།
ཀྲུང་གོའི་ནུབ་རྒྱུད་ས་ཁུལ་ནི་ཚད་མེད་ཀྱི་རང་བྱུང་ཐོན་ཁུངས་དང་ཀྲུང་ཧྭའི་ཤེས་རིག་ལ་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་མངལ་དུ་སྦྲུམ་ཡོད། རང་རྒྱལ་གྱི་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་གཞིས་ཁྱིམ་དུ་གྱུར་ཡོད། མི་རིགས་མི་འདྲ་བའི་ཁྱབ་ཁོངས་སུ་རིག་གནས་དང་འཚོ་སྡོད། ཡུལ་སྲོལ་མི་འདྲ་བའི་འཚོ་གནས་ཀྱི་མ་ལག་གཅིག་ཏུ་གྲུབ་ཡོད། གྲངས་ཚད་ལ་གཞིགས་ནས་བརྒྱ་ཆའི་བརྒྱད་བཅུ་གྱ་ལྔའི་ཡན་གྱི་གྲངས་ཉུང་མི་རིགས་གཞིས་སུ་གནས་པས། ཀྲུང་ཧྭ་མི་རིགས་རིག་གནས་རྒྱུད་འཛིན་དང་ནུབ་རྒྱུད་དུ་འཚོ་བའི་མི་རིགས་ལོ་རྒྱུས་དང་རིག་གནས། ཡུལ་སྲོལ་ནི་ཀྲུང་གོའི་ནུབ་རྒྱུད་གློག་བརྙན་གྱི་རྒྱུ་ནོར་གལ་བོ་ཆེ་དང་གསར་འབྱེད་ཀྱི་གཏེར་ཁུངས་སུ་གྱུར་ཡོད།
ནུབ་རྒྱུད་ས་ཁུལ་ནི་རང་བྱུང་ཁོར་ཡུག་གི་མཐུན་རྐྱེན་འཛོམས་པོ་འདུག རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་དང་རང་བྱུང་གྲུབ་རྐྱེན་ལ་ཐོག་མར་བལྟས་ན། རང་རྒྱལ་གྱི་ནུབ་རྒྱུད་ཁྱབ་ཁོངས་ནི་ངོ་མཚར་བའི་ལྐོག་གྱུར་གྱི་གནས་དང་མིའི་བྱེད་སྒོ་ཉུང་ཞིང་ས་རྒྱ་ཆེ་བ། རང་བྱུང་བཀོད་པའི་མཛེས་བ་དཔལ་ཏུ་སྨིན་པ། རི་རབ་སྟོང་ཕྲག་ཕྲེང་བར་བརྒྱུས་བ། རྨ་འབྲིའི་རླབས་རྒྱུན་མཁའ་རུ་རྩེན་པ། འབྱམས་ཀླས་བའི་སྤང་ཐང་ཆེན་མོ། མྱ་ངམ་ཐང་ཆེན་གྱི་ངང་ཚུལ་དང་གནས་བབ་ཀྱང་ཆགས་འདུག་པས། གྲངས་ཉུང་མི་རིགས་ཀྱི་འཚོ་བ་མཚོན་པའི་ནུབ་རྒྱུད་གློག་བརྙན་དེ་ཉིད་ནུབ་རྒྱུད་ཀྱི་ཁྱད་ཆོས་དང་མཚོན་ཐབས་ངང་གིས་སྤྲས་ཏེ། ནུབ་རྒྱུད་རང་བྱུང་ཁམས་དང་ཁོར་ཡུག་བརྙན་མིག་གིས་ཞིབ་བརྗོད་གནང་དགོས་བ་དང་དམིགས་གསལ་གྱི་ཁྱབ་ཁོངས་གཙོ་གཞི་ཐོན་དགོས། དཔེར་ན། གྲངས་ཉུང་མི་རིགས་ཀྱི་ནུབ་རྒྱུད་གློག་བརྙན༼ཐོ་ཡའི་གཉེན་དོན༽ལས་ནང་སོག་རྩྭ་ཐང་ཆེན་མོའི་གཏམ་རྒྱུད་དང་གཏམ་རྒྱུད་ཀྱིས་རྒྱབ་ལྗོངས་སྣང་བརྙན་གསོན་པོ་མཚོན་ཡོད། གློག་བརྙན་གྱི་བརྙན་མིག་དང་པོ་བཞེངས་བའི་ཚེ། འཁྲབ་ཁྲིད་པའི་བརྙན་མིག་གི་སྐད་བརྡ་ལས་མཚོན་པ་ནི་མཐའ་ཡས་བའི་རྩྭ་ཐང་དང་གཡང་དཀར་ལུག་ཁྱུ། མཐིང་མདོག་གི་མཁའ་དབྱིངས། ནུབ་རྒྱུད་ཀྱི་ཁྱད་ཆོས་ཅི་རིགས་མངོན་པར་ཐོན་འདུག གློག་བརྙན་གྱི་གཏམ་རྒྱུད་འབྱུང་ཡུལ་ནི་དུས་བསྟུན་གྱི་ཁོར་ཡུག་དང་ཞིབ་བརྗོད་ཀྱི་རྣམ་པ་ཤུགས་ཀྱིས་མཚོན་ཡོད། ནུབ་རྒྱུད་བརྙན་རིགས་ཀྱི་སྣང་བརྙན་ཐོན་པ་ནི ༼རྟ་རྐུན༽དང༼རྒྱང་རིང་བོའི་ས་ཆ་དེ་ན༽ ༼དམར་པོ་ཁྲག་གི་ལུང་བ༽ ༼ཨ་ཆེན་གངས་རྒྱུད༽ ༼དཔའ་རྟུལ་གྱི་རྣམ་ཐར༽སོགས་གྲངས་ཉུང་མི་རིགས་ཀྱི་བརྗོད་དོན་གཞི་གྲུབ་གནས་བའི་ནུབ་རྒྱུད་གློག་བརྙན་དེ་དག་གིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་བྱུང་།
དེ་བཞིན། སྐྱེ་ཁམས་ཁོར་ཡུག་གྲུབ་རྐྱེན་ལ་གཞིགས་ན། ནུབ་རྒྱུད་ས་ཁུལ་ནི་སྔོན་རབས་པ་ནས་བཟུང་ས་བབ་ཁྱད་འཕགས་ཅན་དང་རང་བྱུང་འཕེལ་འགྱུར་ཅན། བྱེད་སྒོ་ཚད་ཡོད་ཅན་ཡིན་པ་མ་ཟད། མིའི་རིགས་དང་བྱ་འགུལ་གྱི་ཁྱབ་ཁོངས་དོག་པོའི་ཆའང་ལྡན་ཡང་། གནའ་སྔ་མོའི་ལོ་ངོ་སྟོང་ཕྲག་གི་རིང་ལ་གནས་དེར་འཚོ་གནས་སུ་འཛིན་པ་ནི་ཞིང་ལས་དཔལ་ཡོན་དང་འབྲོག་ལས་ཤེས་རིག་ཡོངས་སུ་གཏམས་པའི་ཤུལ་བཞག་གི་ལོ་རྒྱུས་རྒྱུན་བསྲིངས་འདུག ཀྲུང་གོའི་ཤར་རྒྱུད་ལས་ནུབ་རྒྱུད་ཀྱི་སྤྱི་ཚོགས་ཐོན་ལས་དང་ཉོ་ཚོང་དཔལ་འབྱོར་གྱི་འཕེལ་སྟངས་རྗེས་སུ་ལྷག རང་བྱུང་དཔལ་འབྱོར་སྒྲིག་གཞིའི་མཐུན་རྐྱེན་འོག་ཏུ་མི་དང་མིའི་བར་གྱི་འབྲེལ་ལམ་སྟབས་བདེ་དང་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་དམ་ཟབ་ཏུ་གནས་ཡོད་མོད། ཁོར་ཡུག་གནས་སྟངས་དང་དུས་བབ་རྗེས་ལུས་ཀྱི་ཁྱབ་ཁོངས་ལས། ནུབ་རྒྱུད་དུ་འཚོ་བའི་མི་རྣམས་ལ་ལོ་རྒྱུས་ཀྱི་འགན་བབ་ལྕི་མོ་དང་ཚད་རིམ་ལ་མ་སླེབས་པའི་དཀའ་ཁག་གི་རིམ་པ་གྲུབ་པས། ཡ་ང་བའི་ཁོར་ཡུག་གི་འགྱུར་བག་ལས། གནས་དེར་འཚོ་གཞིས་སུ་འཛིན་པའི་མི་རྣམས་ཀྱིས་དཀའ་ངལ་ཁྲི་སྟོང་ལ་མ་འཛེམ་པར། དཔའ་ངར་རྟུལ་ཕོད་ཀྱི་རང་གཤིས་དང་ཞུམ་མེད་ཀྱི་རང་བཞིན་ངང་གིས་ཆགས་འདུག བླ་ན་མ་མཆིས་བའི་ཀུན་སྤྱོད་ཀྱིས་སྲ་བརྟན་དང་ཟིལ་ཤུགས་ཀྱི་ངོ་བོ་གྲུབ་ཡོད་པས། མི་རིགས་ཀྱི་སྙིང་སྟོབས་བློ་འབྱེད་ཀྱི་གཤིས་ལུགས་ཁྱད་པར་བ་གནས་འདུག འདི་གའི་གྲངས་ཉུང་མི་རིགས་མང་ཤོས་ལ་རང་བྱུང་ཁམས་དང་འཚོ་བའི་ཁོར་ཡུག་བཞེངས་སྐྲུན་བྱས་པ་ལས་མི་རིགས་ཀྱི་བསམ་པའི་དཔལ་ཡོན་ཡག་པོ་ཆགས་འདུག དོན་གྱིས་དེ་ནི་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་གསར་གཏོད་ལ་ཆེས་ཆེར་ཉེ་བའི་རྣམ་ཤེས་དང་ནུབ་རྒྱུད་གློག་བརྙན་གྱི་འཕེལ་འགྱུར་ལ་བྱུང་མ་མྱོང་བའི་སྒྱུ་རྩལ་གྱི་སྙིང་བོ་དང་གསར་གཏོད་ཀྱི་འབྱུང་གནས་སུ་སྣང་འདུག

རིག་གནས་ཁོར་ཡུག་གི་གྲུབ་རྐྱེན་ལ་གཞིགས་ན། ཀྲུང་གོ་ནི་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་སྒྱུ་རྩལ་གྱི་ཁམས་ཡིན། དེ་ནི་ནུབ་རྒྱུད་ཀྱི་ངོ་མཚར་དཔལ་ཏུ་སྨིན་པའི་ཤེས་རིག་གང་ཞིག་བརྒྱུད་ནས་བྱུང་བ་ཡིན། ལོ་རྒྱུས་ཀྱི་དུས་ཡུན་རིང་མོ་ཞིག་གི་ཁྲོད་ནས་མི་རིགས་མི་འདྲ་བའི་རིག་གནས་ལོ་རྒྱུས་དང་ཡུལ་སྲོལ་འཚོ་སྟངས་ལ་གསར་འབྱེད་དང་འཕེལ་སྟོབས་བྱུང་། གློག་བརྙན་གྱི་ངོས་ནས་རིན་ཆེན་མཛོད་འཛིན་པ་ལྟ་བུའི་ཤེས་རིག་གི་ཕུང་བོ་གཅིག་བསྡུས་སུ་འགྱུར་ངེས། ས་ཁོངས་ཡུལ་བབ་ལས་ཁོར་ཡུག་དོན་གཉེར་གྱི་བྱེད་ནུས་བླ་ལྷག་ཐོན་པ་དང་གཏིང་ཟབ་ཚད་ཀྱི་ལམ་ནས་མི་རིགས་ཀྱི་སེམས་ཁམས་དང་ལོ་རྒྱུས་སྲོལ་རྒྱུན་ལ་ཕན་ནུས་ཤུགས་ཆེར་འདེགས་ཐུབ་། དཔེར་ན། ཀན་ལྷོའི་ཏུན་ཧོང་གཏེར་ཡིག་དང་ལི་ཡུལ་གྱི་བྲག་བརྐོས་ལྡེབས་རིས་སྒྱུ་རྩལ་སོགས་ནི་མི་རིགས་རིག་གནས་ཐོན་ཁུངས་ཀྱི་ཚབ་མཚོན་བརྩམས་ཆོས་ཡིན། རིག་གནས་བརྒྱུད་སྒྲོག་ཟིན་འགོད་དང་སྨྱན་མང་གཟུགས་འདུས་བརྒྱུད་སྤྲོད་བྱས་པས། ནུབ་རྒྱུད་གློག་བརྙན་རིག་གནས་དར་སྤེལ་དང་ཁྱབ་བརྡལ་གྱི་ནུས་པ་བླ་ལྷག་ཐོན་ལ། འཁྲབ་སྟོན་གྱི་སྒྱུ་རྩལ་དེ་བས་ཀྱང་གལ་འགངས་སུ་གནས། ནུབ་རྒྱུད་ནི་ཀྲུང་གོའི་ཆོས་ལུགས་རིག་གནས་ཀྱི་རྫོངས་མཐུག་སའི་ས་ཁོངས་གཙོ་བོ་དང་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་རིག་གནས་ལ་གལ་དུ་གནས་བའི་ཁྱད་ནུས་ཐོན་པ་ཟུར་གཅིགའང་ཡིན། ནུབ་རྒྱུད་གློག་བརྙན་ལོ་རྒྱུས་ལས་མི་རིགས་ཀྱི་ཆོས་ལུགས་ཆོ་ག་དང་ཆོས་ལུགས་རིག་གནས་མངོན་ཐུབ་པ་མ་ཟད། ཆོས་ལུགས་ཀྱི་འཁྲབ་ཡུལ་དང་ཆོས་ལུགས་ཀྱི་མཁའ་དབུགས་བཞེངས་སྐྲུན་བྱས་པ་དེ་ལས་ང་ཚོས་ནུབ་རྒྱུད་ཆོས་ལུགས་ཀྱི་ཆོ་ག་དང་ཆོས་ལུགས་བརྒྱུད་སྒྲོག་གི་བྱེད་ནུས་འདོན་གསུམ་གྱི་ཤེས་རྟོགས་ངང་གིས་མཐོང་ཐུབ། དཔེར་ན། གློག་བརྙན༼ཨ་ཆེན་གངས་རྒྱུད༽ལས་བྱ་གཡེང་བའི་ཆོ་ག་དང་འབྲེལ་བའི་ཚན་པ་མངོན་པ། འདས་བའི་གློག་བརྙན་ལས་བྱ་གཡེང་བའི་ཟུར་དང་བྱེ་བྲག་གི་རྣམ་པ་ཞིག་མངོན་མ་མྱོང་བ་རེད། སྒྱུ་རྩལ་གྱི་བདེན་པའི་སླད་དུ། འཁྲབ་ཁྲིད་པ་ལའོ་ཁྲོན་གྱིས་ཆེད་དུ་བོད་ཀྱི་བྱ་གཏོར་རིག་གནས་སམ་བྱ་གཡེང་བའི་གནས་ཡུལ་དངོས་ཕབ་སྐྲུན་གང་ལེགས་བྱས་པ་རེད། དེ་ལས་བྱ་གཡེང་བའི་ཆོ་ག་དང་རྟོགས་ལྡན་པའི་དོན་དངོས་ཀྱི་འཁྲབ་སྟོནའང་བྱས་པ་རེད། འདས་བོའི་རས་དཀར་བོ་དང་ལྐོག་གྱུར་གྱི་དུར་རྡོའི་བྱ་གཏོར། མི་རོ་བཤའ་མཁན་ནམ་རྟོགས་ལྡན་པའི་གོན་ལུགས་སོགས་ཀྱི་སྣང་བརྙན་ཁྱད་མཚར་དེ་ཉིད་གློག་བརྙན་གྱི་སྡེབ་དབྱངས་ལ་བརྒྱུས་ནས། དོན་དངོས་ཀྱི་བརྙན་ཚན་ནི་མཛེས་སྡུག་གི་རིམ་ཚད་ཞིག་མངོན་བྱུང་ལ། རུ་གཙོའི་རི་སྐྱེས་སྲོག་ཆགས་ལ་འཛིན་པའི་ལ་རྒྱ་ཁོ་ན་མཚོན་པ་མ་ཡིན་པར། བོད་མི་དང་རང་བྱུང་ཁམས་བར་གྱི་གཏན་ཚིགས་རིག་པའི་བསམ་གཞིགས་ཀྱི་ཁྱད་ཆོས་དེ་བས་ཀྱང་མངོན་པར་མཚོན་ཡོད།

གཉིས། ནུབ་རྒྱུད་གྲངས་ཉུང་མི་རིགས་གློག་བརྙན་གྱི་
བརྗོད་དོན་བརྒྱུད་སྒྲོག་གི་བྱེད་ནུས།

ནུབ་རྒྱུད་གློག་བརྙན་གྱིས་ནུབ་རྒྱུད་དུ་འཚོ་བའི་མི་དམངས་ཀྱི་ལོ་རྒྱུས་འཚོ་གནས་དང་དེང་དུས་ཀྱི་གནས་བབ་མངོན་ཐུབ་ལ། རང་བྱུང་ཁམས་ནི་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་དང་གཞི་གཅིག་ཏུ་གྲུབ་འདུག ཟུར་ངོས་གཞན་ཞིག་ནས་བཤད་ན། ནུབ་རྒྱུད་གློག་བརྙན་ནི་གྲངས་ཉུང་མི་རིགས་ཀྱི་བརྙན་ཚད་ལས་བདེན་པ་མཐོང་བྱེད་ཡིན། མི་རིགས་རིག་གནས་བརྒྱུད་སྒྲོག་གི་ཆའང་ནུབ་རྒྱུད་གློག་བརྙན་གྱིས་སྐུལ་འདེད་བླ་ལྷག་བྱེད་ཐུབ། དང་ཐོག ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱས་ནུབ་རྒྱུད་གློག་བརྙན་གྱི་འཚོ་གནས་སྲ་བརྟན་དང་མིའི་རིགས་རིག་པའི་གཟུགས་འདུས་ལོ་རྒྱུས་དང་དེང་དུས་གནས་སྟངས་ལ་སྤྱོད་ནུས་ཤུགས་ཆེར་ལྡན། ང་ཚོས་ཤེས་གསལ་ལྟར་ན། མིའི་རིགས་ཀྱི་པར་ཆས་རིག་པ་དང་གློག་བརྙན་གསར་འབྱེད་བྱས་པ་ནས་བཟུང་། མིའི་རིགས་ཀྱི་ཤེས་རིག་སྣང་ཚུལ་ལ་བརྙན་ཐོག་ཅན་གྱིས་ཤུལ་བཞག་རིག་གནས་འདོན་སྤྲོད་ཀྱི་བྱེད་ཐབས་གལ་བོ་ཆེ་རུ་གྱུར། ནུབ་རྒྱུད་གློག་བརྙན་ལས་སྐྱེ་ཁམས་ཀྱི་ལྟ་བ་་དང་སྲོལ་རྒྱུན། ནུབ་རྒྱུད་གློག་བརྙན་རིག་གནས་ཀྱི་ལྟ་བ། དམངས་སྲོལ་གོམས་འདྲིས་ཀྱི་རྒྱན་ཆའི་མཛེས་དཔྱོད། ཀུན་སློང་གི་རྣམ་པ་བརྙན་ལམ་གྱི་སྒོ་ནས་གསང་ཐབས་བྲལ་བའི་སྲི་ཞུ་དང་ཕྱི་རོལ་བྱ་དངོས་ཀྱི་དངོས་བཤུས་ཀྱི་གཙོ་གཞི་གྱུར་བ་དཔལ་ཏུ་སྨིན། དཔེར་ན། ༼རྟ་རྐུན༽ཞེས་བའི་གློག་བརྙན་ལས་བྱ་གཡེང་བ་དང་མཆོད་བཤམས། རྐོང་མེ་སྒྲོན་པ། འདྲེ་གཏོར་བཅའ་བ་སོགས་ཀྱི་གྲུབ་ཆ་གཙོ་གཞི་གྱུར། དེ་ནི་མིའི་རིགས་རིག་པའི་ངོས་ཐད་ནས་ཀྱང་གཅེས་ནོར་འབའ་ཞིག་ཡིན་ལ། གཟུགས་འདུས་ཤུལ་བཞག་གི་ལོ་རྒྱུས་གསར་བའི་ལམ་ནས་བོད་མི་རིགས་ཀྱི་ཆོས་ལུགས་ཆོ་ག་དང་རིག་རྩལ་རིན་ཐང་གི་གནས་དང་ཐབས་ཤེས་ལེགས་པོའང་ཡིན། གྲངས་ཉུང་མི་རིགས་ཀྱི་ནུབ་རྒྱུད་གློག་བརྙན་གྱི་ལམ་ནས་ནུབ་རྒྱུད་ཀྱི་ས་ཁོངས་སུ་གཏོགས་པའི་རང་བྱུང་སྐྱེ་ཁམས་ཐོན་ཁུངས་སྲུང་འཛིན་ལ་སྒྱུ་རྩལ་གྱི་ཐབས་ལ་བརྒྱུས་ནས་འཛུབ་སྟོན་དང་གསལ་འདེབས་ལེགས་པོ་བྱེད་དགོས་ལ། སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པས། རང་རྒྱལ་གྱི་ནུབ་རྒྱུད་ཁོར་ཡུག་གི་དོན་སྙིང་གལ་ཆེ་བོ་བསྐྲུན་ནུས། འོན་ཀྱང་། དུས་ཀྱི་འགྱུར་བ་དང་བསྟུན་ནས་མིའི་རིགས་ཀྱི་བརྐམ་ཆགས་མེ་ལས་ཚ་བས། རང་བྱུང་སྐྱེ་ཁམས་ལ་ཆག་འཇིག་དང་གྱོང་གུད་ཀྱི་ཟུར་ཚད་མི་འདྲ་བ་བསྐྲུན་པ་རེད། ཐ་ན་རྨེག་མེད་དུ་གྱུར་བའི་འཇིག་རྟེན་གྱི་རྫོགས་ཤད་ཀྱང་བཀོད་པ་རེད། གློག་བརྙན་ནི་ཤེས་རིག་གང་ཞིག་གི་འགན་བབས་གཅིག་ལྕོགས་སུ་གནས་བའི་དེང་རབས་བརྒྱུད་སྒྲོག་རིག་པའི་སྒྱུ་རྩལ་གྱི་ལག་ཆ་ཆེན་མོ་ཞིག་ཡིན་སྟབས། དངོས་རྒྱུའི་ཁྱད་ཆོས་དང་ཤན་སྟོབས་ཀྱི་ཁྱབ་ཁོངས། ལྟ་མཁན་གྱི་གྲངས་ཚད་སོགས་ལ་དགེ་མཚན་དང་ཁྱད་ཆོས་བླ་ལྷག་ཐོན་འདུག

ཉེ་བའི་ལོ་ངོ་འདི་དག་གི་རིང་ལ། ནུབ་རྒྱུད་གློག་བརྙན་མང་པོ་ཞིག་གི་བརྙན་མིག་གི་ལངས་ཕྱོགས་ནུབ་རྒྱུད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་མི་དང་རང་བྱུང་འཆམ་མཐུན་གྱི་འཕེལ་འགྱུར་དང་ཁོར་ཡུག་གི་གནས་བབ་གནད་དོན་གསལ་འབྱེད་བྱས་འདུག དཔེར་ན། ༼ཨ་ཆེན་གངས་རྒྱུད༽ནི་དངོས་བཤུས་རང་བཞིན་དང་གཏམ་རྒྱུད་རང་བཞིན་གྱི་སྒྱུ་རྩལ་བྱེད་ཐབས་གཞི་གཅིག་ཏུ་སྒྲིལ་ཡོད། དེ་ལས་སྒྱུ་རྩལ་གྱི་བློ་མིག་ཨ་ཆེན་གངས་རྒྱུད་ཀྱི་རང་བྱུང་ས་ཁུལ་ལ་དམིགས་པས། རྒྱལ་ཁབ་རིམ་པའི་བོད་གཙོད་ཀྱི་འཚོ་གནས་འཇིག་ཉེན་དང་ཀླ་ཀློའི་རྩུབ་སྤྱོད་ཀྱི་རྔོན་ལས་ཇི་སྙེད་བརྙན་མིག་གི་བརྡ་སྤྲོད་དང་བརྙན་མིག་གི་མཚོན་ཐབས་ངེས་ཅན་ཞིག་གིས། སྤྱི་ཚོགས་ཧྲིལ་བོའི་སྐྱེ་ཁམས་ཐོན་ཁུངས་ཀྱི་སྲུང་སྐྱོབ་ལ་ཐུན་མོང་གི་དོ་ཁུར་དང་འདེང་འཇོག་གི་བྱེད་ནུས་ཐོན་པ་ཡིན། ཟུར་ངོས་གཞན་ཞིག་ནས། ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་གློག་བརྙན་ལ་སྔར་བྱུང་མ་མྱོང་བའི་བརྒྱུད་སྒྲོག་དང་བདེན་དཔང་སྤྱོད་ནུས་ཤུགས་ཆེར་མངའ་། དཔལ་འབྱོར་གོ་ལ་ཅན་གྱི་གནས་དང་སྤྱི་ཚོགས་གསར་བའི་འཕེལ་འགྱུར་ཕྱིན་པའི་དེ་རིང་གི་བསྐྱོམས་སྟངས་སུ། ཉམས་ཆག་ཏུ་ལྷུང་བའི་མི་རིགས་ཀྱི་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་འཕེལ་རིམ་གསར་བའི་ལམ་ཕྱོགས་ཤུགས་བསྐྱེད་པ་རེད། གློག་བརྙན་ནི་ལྟ་མཁན་ལ་དམིགས་པའི་བརྒྱུད་སྒྲོག་གི་ལག་ཆ་ཡིན། གློག་བརྙན་གྱི་ལམ་ནས་གནའ་སྔ་མོ་ནས་བག་ལ་ཞ་བའི་མི་རིགས་ཀྱི་འཚོ་སྟངས་དང་ཤེས་རིག་ཐོན་ཁུངས་གང་ཅིའི་སྔོག་འདོན་དང་ཟིན་འགོད་ཀྱི་བདེན་པ་འཇུག་ཐུབ་བྱེད་དགོས། ནུབ་རྒྱུད་གློག་བརྙན་ལས་གྲངས་ཉུང་མི་རིགས་ཀྱི་ཤེས་རིག་ཐོན་ཁུངས་དང་མི་རིགས་དམངས་སྲོལ། ཤུལ་བཞག་རིག་གནས། སྲུང་སྐྱོབ་དང་བརྒྱུད་སྤེལ་གྱི་གལ་འགངས་སུ་གྱུར་ཡོད།

གསུམ། ༼ལོ་ངོ་བཅུ་བདུན༽གྱི་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་
གློག་བརྙན་དང་འབྲེལ་བའི་ཕྱིར་དྲན།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། མི་རིགས་ཡོངས་ཀྱི་མཐུན་སྒྲིལ་སྲ་བརྟན་དང་ཐུན་མོང་གི་བཙན་རྒྱལ་རིང་ལུགས་པ་ལ་གཅིག་བསྡུས་ཀྱི་ངོ་རྒོལ་བྱེད་པ། མི་རིགས་ཀྱི་ལམ་ཕྱོགས་གསར་བའི་སྣེ་ཁྲིད་འོག གློག་བརྙན་ནི་ཆེས་ཆེར་གལ་འགངས་སུ་གྱུར་བའི་སྨྱན་མང་ལག་ཆ་ཡིན་པས་། བསམ་བློའི་དགོངས་དོན་དང་གླེང་ཕྱོགས་འཇུག་ཐབས་ལ་ནུས་པ་ཆེན་པོ་བཏོན་བྱུང་བ་རེད། དུས་སྐབས་དེར༼བཟོ་ཞིང་དམག་ལུགས་པའི་སྣང་བརྙན་དེ་ཉིད་ཡོལ་ངོས་སུ་བརྒྱུད་པའི་གནས་བབ་གལ་བོ་ཆེ་ཟིན་པ་ནི་ཀྲུང་གོའི་གློག་བརྙན་གྱི་ཁྱད་ཆོས་དང་བདེན་པ་ཡིན༽ཞེས་བསྟན་འདུག་པས། གློག་བརྙན་དོན་གཉེར་བ་མང་པོ་ཞིག་གིས་ནུབ་རྒྱུད་གློག་བརྙན་ལ་ཁ་ཕྱོགས་པ་རེད། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བཅུ་བདུན་གྱི་རིང་ལ། ཕབ་སྐྲུན་བྱས་པའི་གློག་བརྙན་ནི༼རྩྭ་ཐང་གི་མི་དམངས༽དང༼ཧྭ་སན་དང་ཅ་མེ་ལྰ༽ ༼ཨ་ཧྲི་མ༽ ༼ཞིང་བྲན༽ ༼འཁྱགས་རི་ནས་འོངས་བའི་མགྲོན་པོ༽སོགས་ཀྱིས་ཐོག་མའི་གྲངས་ཉུང་མི་རིགས་ཀྱི་འཚོ་བའི་ངོ་གདོང་མཚོན་པའི་བརྙན་རིགས་སུ་འདུ། དོན་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་བའི་གྲངས་ཉུང་མི་རིགས་ཀྱི་གསར་འབྱེད་དང་གསར་སྤེལ་གྱི་ཚ་རླབས་ཞིགའང་འཕྱུར་བ་རེད། སྐབས་འདིར་ནུབ་རྒྱུད་གློག་བརྙན་གྱི་མཚན་གཞི་ཞིག་ཆགས་མི་འདུག རྒྱུ་མཚན་ནི་གྲངས་ཉུང་མི་རིགས་ཀྱི་འཚོ་བའི་བརྗོད་བྱ་དང་རྒྱབ་ལྗོངས་ཁོ་ན་ཙམ་སྣང་བ་ལ་ནུབ་རྒྱུད་གློག་བརྙན་དུ་མི་གོ། ཡིན་ཡང་། དོན་དངོས་ཀྱི་ཟུར་མང་པོ་ཞིག་ནས་གཞིགས་ན། ནུབ་རྒྱུད་ས་ཁུལ་གྱི་རྒྱབ་ལྗོངས་རང་བཞིན་དུ་གནས་ཞིང་ནུབ་རྒྱུད་ཀྱི་ས་ཁམས། མི་ཚུལ་བཅས་ཀྱི་ལྟ་གྲུབ་ཆགས་ལ། ནུབ་རྒྱུད་གློག་བརྙན་གྱི་ཁྱད་ཆོས་མང་པོའི་ལམ་ནས་ནུབ་རྒྱུད་གློག་བརྙན་གྱི་རང་མཚན་རང་དུ་བྱུང་བ་རེད། ནུབ་རྒྱུད་གློག་བརྙན་དང་མི་རིགས་གློག་བརྙན་གྱི་བརྗོད་བྱ་གཞི་གྲུབ་གཅིག་ཏུ་གནས་བ་ནི་ཚོད་ལྟའི་གོ་རིམ་དང་པོ་ཡིན། གོ་རིམ་དེ་ལས་ཀྲུང་གོའི་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་བརྗོད་དོན་དེ་ཉིད་སྤྱི་སྡོམ་གྱི་ཆ་དང་སྤྱི་འགྲོས་ཀྱི་ཆ་དང་མངའ་བའི་ལོ་རྒྱུས་རང་བཞིན་གྱི་འགངས་ཆེན་དུ་སྣང་།

དེ་ཡང༼ཞིང་བྲན༽ནི་འདས་བའི་སྤྱི་ལོ༡༩༦༣ལོར། རྒྱ་ནག་གི་བརྒྱད་གཅིག་གློག་བརྙན་བཟོ་གྲྭས་ཕབ་སྐྲུན་བྱས་པ་ཡིན། བརྗོད་དོན་ནི་བོད་ཀྱི་ཞིང་བྲན་སྤྱི་ཚོགས་སུ་བྱམས་པ་ཞེས་བའི་གཏམ་རྒྱུད་གླེང་ཡོད་ལ། མཚོན་ཐབས་སུ་འཛིན་པ་ནི་སྤྱི་ཚོགས་ཟིང་འཁྲུག་དང་མེ་ལས་ཚ་བའི་འགལ་འདུའི་སྤྱི་ཚོགས་སུ། བཅིངས་འགྲོལ་དམག་གིས་སྤྱི་འབངས་ཀྱི་དཀའ་ཁག་དང་དཀའ་ངལ་སེལ་བའི་བརྗོད་གཞི་ཤུགས་ཀྱིས་གྲུབ་འདུག སྐབས་དེའི་དུས་སྐབས་ཀྱི་རྒྱབ་ལྗོངས་དང་ཆབ་སྲིད་ཀྱི་དགོས་མཁོ་ལ་འོས་སུ་འཚམ། འདས་བའི་གློག་བརྙན་དེ་དག་གི་ཆབ་སྲིད་ཅན་གྱི་རང་མདངས་གསལ་ཡང་། དོན་དུ་སྒྱུ་རྩལ་རིན་ཐང་གི་ཆུ་ཚད་མཚོན་ཐབས་ཤུགས་སུ་མངོན་འདུག འདས་བའི་སྐྱ་ཆད་སྔོ་སྡུག་གི་དཔལ་འབྱོར་མཐུན་རྐྱེན་འོག་ཏུ། སྔ་རབས་ཀྱི་བོད་མི་དམངས་ཀྱི་འཚོ་བའི་རྣམ་པ་མངོན་ཡོད། དཀའ་ཁག་དང་རྙོག་དྲའི་ལམ་ཆེ་ཡང་། འཁྲབ་ཚན་སྡེ་ཁག་གིས༼དཀའ་ངལ་ཁྲི་སྟོང་ལ་མི་འཇིགས་པར། སྟོད་ཉི་མ་ལྷ་སའི་བར་གྱི་བརྙན་ཕབ་ལས་གཞི་ལས་ཕྱི་བརྙན་དང་ནང་བརྙན་གྱི་ལྗོངས་དངོས་ཇི་བཞིན་བླངས་པ་རེད། དེ་ནི་གལ་འགངས་སུ་གནས་བའི་ཆོད་སེམས་ཀྱི་གོ་རིམ་ཞིག་ཡིན༽ ཞེས་དེ་ལྟར་གློག་བརྙན་ནི་བོད་མི་དམངས་ཀྱི་འཚོ་བའི་ཟབ་སར་འཇུག་ཞིང་ངེས་དོན་གྱི་བོད་མིའི་དགའ་སྐྱོ་ཆགས་སྡང་གི་འཚོ་བའི་སྣང་བརྙན་བཞེངས་པ་རེད། རྩ་བའི་ཆ་ནས༼ཞིང་བྲན༽ནི་སད་རྟོགས་བྱུང་བའི་གློག་བརྙན་ལེགས་གྲས་སུ་ཐོན། ཟུར་གཞན་ཞིག་ནས་གློག་བརྙན་དེའི་གཏིང་ཟབ་ཀྱི་སྒོ་ནས་བོད་ལྗོངས་ཀྱི་གནས་སྟངས་ལ་སིམ་འཛུལ་བྱས་པ་ལས། ལྗོངས་དངོས་ཇི་བཞིན་བརྙན་ཕབ་དང་དོན་དངོས་ཀྱི་དགོས་གལ་དུ་གྱུར། བོད་མིའི་འཚོ་བ་དངོས་དང་གདོད་མ་ཅན་གྱི་ཟབ་ཚད་ལ་དམིགས་ནས་བརྙན་རིགས་སུ་གྲུབ། གཞན་ཡང་། གློག་བརྙན་འདིའི་བརྗོད་གཞི་དང་འབྲེལ་བའི་བརྙན་དབྱངས༼སྤུན་ཟླ༽དང༼ཅིན་ཀྲོ་མྰ་མེ 金珠玛米༽ ཞེས་པའི་དོན་དངོས་རང་བཞིན་དང་མི་རིགས་རང་བཞིན་གྱི་མཛེས་སྡུག་གསར་བ་ཞིག་ལྷག་པར་བསྣན་བྱུང་བ་རེད།

དུས་མཚུངས་སུ༼ འཁྱགས་རི་ནས་སླེབས་པའི་མགྲོན་པོ༽ཞེས་བ་ནི་འདས་བའི་སྤྱི་ལོ༡༩༦༣ལོར་བརྙན་ཕབ་བྱས་པ་ཡིན། མི་རབས་དུ་མ་ཞིག་ལ་ཤན་ཤུགས་ངེས་ཅན་ཞིག་ཐེབས། དེ་ནི་མི་རིགས་ཀྱི་ཁྱད་ཆོས་དང་ཡུལ་སྲོལ་མངའ་བའི་གློག་བརྙན་ཕུལ་དུ་བྱུང་བ་ཞིག་ཡིན། དོན་བརྗོད་ཀྱི་ཚད་རིམ་དང་ཞིབ་བརྗོད་ཀྱི་སྒྱུ་རྩལ་དེ་བས་ཀྱང་བརྟས། གློག་བརྙན་དེའི་འཁྲབ་སྟོན་ཚོགས་སྤྱི་ནི་རང་ག་བ་ཞིག་མ་ཡིན་པར། མི་རིགས་མི་འདྲ་བའི་ཟུར་དང་ནུབ་རྒྱུད་རིག་གནས་མི་འདྲ་བའི་བྱེད་ཐབས་སྤྱད་འདུག དཔེར་ན། གློག་བརྙན་གྱི་འཁྲབ་གཞུང་རྩོམ་མཁན་དང་གློག་བརྙན་གྱི་བརྗོད་གཞི་ཡུལ་སྲོལ་འདྲི་རྟོག་བྱེད་ས་མི་འདྲ་མ་ཟད། འཁྲབ་སྟོན་པ་ཧེ་རིགས་དང་སོག་རིགས། མན་ཇུ་རིགས། ཟུར་འཁྲབ་པ་ནི་ཡུ་གུར་རིགས། དེ་མིན། ཥ་ཧྲ་ཁུ་རིགས་བཅས་མི་རིགས་མི་འདྲ་བའི་སྒྱུ་རྩལ་གྱི་ཕུང་བོ་གཅིག་བསྡུས་ཅན་ཞིག་ཆགས་པ་ནི་གློག་བརྙན་ལོ་རྒྱུས་སུ་བྱུང་མ་མྱོང་བའི་གྲངས་ཉུང་མི་རིགས་མང་པོའི་གྲུབ་པའི་མི་རིགས་ཀྱི་གློག་བརྙན་ཁྱད་པར་བ་ཞིག་ཡིན། གཞན་ད་རུང་། འཁྲབ་གཞུང་འབྲི་བ་དང་བརྙན་ཕབ་པ། འཁྲབ་སྟོན་པའི་འཁྲབ་སྦྱོར་ལས་རིམ་རྗེས་མའི་སྒྲིག་སྦྱོར་སོགས་ལ་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་ཐོན་འདུག གློག་བརྙན་གྱི་སླད་དུ་ཡུལ་དངོས་མི་འདྲ་བ་གཞིར་བཟུང་ནས་ཚེ་སྲོག་གི་ཉེན་ཁ་དང་དཀའ་ངལ་གྱི་ཚེགས་རིམ་རབ་དང་རིམ་པ་ལ་མ་འཛེམ་པར། ཉིན་ཉི་ཤུའི་རིང་ལ་རི་གཟར་གཡང་རོང་དང་གངས་འཁྱགས་གྲང་རེག་གི་ཀློང་རིམ་ནས་ཕབ་སྐྲུན་ཚོགས་པས་གློག་བརྙན་གྱི་མཛེས་སྡུག་དངོས་རྙེད་བྱུང་བ་རེད།

དུས་རབས་ཀྱི་དབང་གིས། ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་ལ་ཚད་ལས་བརྒལ་བའི་ཆབ་སྲིད་ཀྱི་བརྗོད་གཞི་གཙོ་གྲུབ་དང་གཏམ་རྒྱུད་སྙིང་བོར་འཛིན་པའི་མཐོ་རླབས་ཤིག་འཕྱུར་བས། གློག་བརྙན་ལ་འཇུག་མཁན་དག་གིས་བློ་མིག་ཐོལ་གྱིས་གྲངས་ཉུང་མི་རིགས་ཀྱི་འཚོ་བའི་གནས་སྟངས་ལ་ཤོར་བ་རེད། མི་དམངས་ཀྱི་འཚོ་བའི་འགྱུར་སྟངས་དང་མི་རིགས་ཀྱི་མཐུན་ལམ་བཅས་བརྙན་མིག་གིས་བཙལ་ཞིང་བརྙན་མིག་གིས་མཚོན་པ་ཡིན། གནས་ཚུལ་མང་པོ་ཞིག་གི་ཟུར་ནས་གླེང་ན། ནུབ་རྒྱུད་མི་རིགས་ཀྱི་གྲུབ་རྐྱེན་ནི་ས་ཁམས་ཀྱི་ས་བབ་དང་ཡུལ་སྲོལ་གོམས་འདྲིས་ཀྱི་ཆ་ལྡན་པས། ནུབ་རྒྱུད་གློག་བརྙན་ལ་མཚར་སྡུག་དོན་དང་ལྡན་པ་ཞིག་བསྣན་འདུག

ནུབ་རྒྱུད་མི་རིགས་ཀྱི་ཤེས་རིག་རྔམས་ཀ་མཐུག་ཅིང་ལོ་རྒྱུས་འཕེལ་རིམ་རིང་ལ། མི་རིགས་འདུ་ཤེས་སྲ་བརྟན་དང་བསམ་པའི་ཤེས་རིག་ལ་གཏིང་ཟབ་ཀྱི་སྒོ་ནས་ཞིབ་འཇུག་དང་མཚོན་ཐབས་འཛིན་འདུག དེ་མིན། གློག་བརྙན་གྱི་མི་སྣའི་སྣང་བརྙན་གསར་བཞེངས་ལ་རྣ་རྐྱང་ཅན་དང་རྣམ་པ་ཅན་ལས་བརྒལ་ཏེ་གྲངས་ཉུང་མི་རིགས་་ཀྱི་གཤིས་ཀ་དང་ལྟ་གྲུབ་ལ་སྔོག་འདོན་གཏིང་ཟབ། རིམ་ཚད་མི་འདྲ་བའི་ཟབ་འཇུག་བྱེད་དགོས། འཚོ་བའི་གསང་བ་རུ་གྲུབ་པའི་རྙོག་དྲ་ཅན་དང་སྣ་མང་ཅན་ལ་གཅིག་བསྡུས་དང་སྤྱི་མཐུན་གྱི་ལམ་ནས་སྔོག་དགོས་ན། ནུབ་རྒྱུད་གློག་བརྙན་གྱི་འཚོལ་སྙེགས་གཙོ་བོ་དང་གདམ་གསེས་སུ་བབས་པའི་དམིགས་འབེན་ཡིན།

བཞི། ལོ་རབས་བརྒྱད་བཅུ་དང་དགུ་བཅུའི་ནུབ་རྒྱུད་ཀྱི་གྲངས་ཉུང་
མི་རིགས་གློག་བརྙན་གྱི་བརྗོད་གཞི་འཚོལ་ཞིབ།

འདས་བའི་སྤྱི་ལོ༡༩༨༤ལོར། སྐད་གྲགས་ཅན་གྱི་གློག་བརྙན་མཛེས་དཔྱོད་རིག་པ་བ་ཀྲོང་ཏེན་ཧྥེ(钟惦棐) ཡིས་བཏོན་པའི༼ནུབ་བྱང་ལ་ཁ་ཕྱོགས་ནས་ནུབ་རྒྱུད་གློག་བརྙན་གསར་བའི་ལུགས་ཀྱི་སྒོ་གླེགས་འབྱེད་དགོས༽ཞེས་གླེང་བ་ལས། ཀྲུང་གོའི་ནུབ་རྒྱུད་གློག་བརྙན་གྱི་གཞུང་ལུགས་ལ་བཏོན་པའི་བརྙན་གཞིའི་ལས་རིམ་ཡིན་ལ། ལོ་རྒྱུས་ཀྱི་དོན་སྙིང་མཚོན་པའི་ནུབ་རྒྱུད་གློག་བརྙན་རིག་པའི་ལམ་ནས་སྲོལ་རྒྱུན་འཁྲེགས་འཛིན་གྱི་འདུ་ཤེས་རྙིང་བ་འགས་གཏོར་བྱས་པའི་ཆའང་ཡིན། གསར་གཏོད་རང་བཞིན་གྱི་ཀྲུང་གོའི་གློག་བརྙན་གཞུང་ལུགས་སྒྲོམ་གཞི་ཅན་དུ་ཆགས་ཐུབ། དེ་བས། གཞུང་ལུགས་དང་ལག་ལེན་ཟུང་ཐབས་ཀྱི་འཛུབ་ཁྲིད་འོག ནུབ་རྒྱུད་གློག་བརྙན་གསར་གཏོད་ཀྱི་བྱེད་ནུས་འཇོན་གསུམ་ནི་ཚོད་ལྟ་དང་རང་སྤེལ། རིགས་ཅན། སྤྱི་ཡོངས་ཅན་དུ་གཏོང་བར་གལ་ཏུ་གནས། འདས་བའི་ལོ་ངོ་བཅུའི་རིང་ལ། ཀྲུང་གོའི་ནུབ་རྒྱུད་གློག་བརྙན་ཕུལ་བྱུང་ཅན་འགའ་བྱུང་བ་རེད། དེ་ལས་ནུབ་རྒྱུད་དུ་འཚོ་བའི་གྲངས་ཉུང་མི་རིགས་ཀྱི་འཚོ་བབ་དང་འབྲེལ་བའི་བརྗོད་བྱ་དང་ཉེ་བར་འཐིམ་ཡོད་པ་དག གཤམ་གསལ་ལྟར་དུ༼ཀྲ་སན་རྔོན་ར༽དང༼རྟ་རྐུན༽ ༼ཕོ་བྲང་པོ་ཏ་ལའི་གསང་བ༽ སོགས་ཡོད། ལོ་རབས་དགུ་བཅུ་བའི་དུས་སྐབས་སུ། ༼རྒྱང་རིང་བའི་གནས་དེ་ན༽དང༼ཕྱིར་ཕེབས་པའི་དཔའ་རྒོད་ཀྱི་རྣམ་ཐར༽ ༼སྤོ་ལོ་ཁུ་རྩྭ་ཐང་གི་སྐྱོ་གར༽ ༼ དམར་པོ་ཁྲག་གི་ལུང་བ༽ ༼རྟ་ནག༽སོགས་ནི་སྒྱུ་རྩལ་རང་བཞིན་དང་རིག་གནས་རང་བཞིན་གྱི་གློག་བརྙན་བརྩམས་ཆོས་ལེགས་ཤོས་ཀྱི་འཁྲུངས་རབས་ཡིན་པས། ནུབ་རྒྱུད་མི་རིགས་ཀྱི་གློག་བརྙན་ཚད་རིམ་གསར་བའི་ལམ་དུ་བསྐྱེད་བྱུང་། སྒྱུ་རྩལ་གྱི་གསོན་ཤུགས་གསར་བའི་ལང་ཚོའང་སྨིན་འགོ་བརྩམས་པ་ཡིན།

བྱེ་བྲག་ཏུ་གླེང་ན། འཁྲབ་ཁྲིད་པ་ཐེན་ཀྲོང་ཀྲོང་གིས་སྤྱི་ལོ༡༩༨༥ལོར་ཕབ་སྐྲུན་བྱས་པའི་གློག་བརྙན༼ཀྲ་སན་རྔོན་ར༽ (猎场扎撒) ཞེས་བ་ནི་ནུབ་རྒྱུད་གློག་བརྙན་གྱི་རང་ངོས་སྤྱི་མཚན་ཙམ་བྱུང་རྗེས། གྲངས་ཉུང་མི་རིགས་དང་གཞི་གྲུབ་དུ་གནས་བའི་བརྙན་རིགས་ལེགས་འགྲུབ་བྱུང་བ་རེད། གང་ཞིག་འཁྲབ་ཁྲིད་པས་ཞིབ་བརྗོད་ཀྱི་རྣམ་པ་གཙོ་བོ་མིན་ཡང་། བརྙན་རིས་ཀྱི་ལམ་ནས་བརྙན་མིག་གི་བརྡ་སྤྲོད་ཤུགས་བསྣན་ནས་མི་རིགས་ཤིག་གི་རིག་གནས་དང་སེམས་ཁམས་བརྒྱུད་སྤྲོད་གནང་ཡོད། གློག་བརྙན་ལས་སྣང་བའི་གཏམ་རྒྱུད་ནི་གཞི་ནས་སྤྱིར་བཏང་ཞིག་ཡིན་ཡང་། སྔ་རབས་ཀྱི་ཡུལ་སྡེ་གཉིས་ཀྱི་འབྲོག་མིའི་རྔོན་ལས་ཀྱི་གཏམ་རྒྱུད་ཡིན། སྤྱིར་ན་ནུབ་རྒྱུད་དུ་འཚོ་བའི་འབྲོག་དམངས་ཀྱི་འཚོ་བའི་རང་བཞིན་ནི་གདོད་མའི་རྣམ་པ་དང་རྟ་གཤིབ། རི་དྭགས་རྔོན་པ་བཅས་ཀྱི་ཉམས་སྣང་ངང་གིས་བརྟས་ཡོད། འོན་ཀྱང་། ཁོ་ཚོས་རང་དབང་གི་སྤྱི་ཚོགས་ནི་འཆིང་གྲོལ་བྱུང་མེད་པའི་གདོད་མའི་རིགས་སུ་འདུ། ནམ་ཞིག མིའི་རིགས་ཀྱི་འཚོ་གནས་རྩ་དོན་ལ་གཞིགས་ནས་སྒོ་འབྱེད་གང་ལེགས་གཏོང་དགོས། རྔོན་ར་ལས་གཏུབ་གསོད་དང་དམུ་རྒོད། ཐོལ་བརྒལ་གྱི་རྒོད་གཤིས་རླུང་ལ་བསྐུར་བ་བདེན་མོད། རྩྭ་ཐང་མི་རིགས་ཀྱི་ནང་སེམས་ཀྱི་མཛེས་བ་ནི་ཞི་མཐུན་དང་མཛའ་གཅུགས་ཀྱིས་མི་རིགས་དང་མི་རིགས་བར་ལ་བརྩེ་དུང་དང་བཟོད་བསྲན་ངང་གིས་མཚོན་ཐུབ་པ་སྣང་ཡོད།
ཐེན་ཀྲོང་ཀྲོང་གི་བོད་འབྲེལ་གློག་བརྙན༼རྟ་རྐུན༽ཞེས་པ་ལ་ཟུར་ངོས་གཞན་ཞིག་ནས་བལྟས་ན། མི་རིགས་ཀྱི་འཚོ་བའི་གནས་སྟངས་ལ་བསམ་གཞིགས་དང་ཟིན་འགོད་ཀྱི་རིན་ཐང་ངང་གིས་གཏམས་ཡོད། གློག་བརྙན་གྱི་མཚོན་ཐབས་དང་ཤེས་རབ་ཁྱད་པར་བ་ལ་གཞིགས་ནས་བོད་ཀྱི་སྲོལ་རྒྱུན་གོམས་ལུགས་དང་བོད་བརྒྱུད་ནང་ཆོས་ཤེས་རིག་གི་མཛེས་སྡུག་མངོན་པ་དཔལ་གྱིས་འཁུམས་ཡོད། མིའི་རིགས་རིག་པའི་བརྙན་གཟུགས་ཤེས་རིག་ལའང་སྔར་མེད་ཀྱི་བརྒྱན་གྱིས་སྤུད། དེ་བཞིན། བརྙན་ངོས་སུ་སྣང་བ་ནི་གངས་རི་དང་ཆུ་རྒྱུན། འབྲོག་དགོན་གྱི་མཛེས་བའི་སྒྱུ་རྩལ་འདུག་ལ་མི་རིགས་ཀྱི་ཡུལ་སྲོལ་རིག་གནས་དང་འབྲེལ་བའི་བྱ་གཡེང་བ་དང་ལྷ་མཆོད། བདུད་འདུལ་གྱི་ཆོས་ལུགས་ཆོ་ག་མངོན་པ་ལས། དངོས་བཤུས་གློག་བརྙན་གྱི་མཐོང་ཟུར་ལ་གཞིགས་ནས་བོད་མིའི་འཚོ་བ་ལ་རིམ་གྱིས་ཞིབ་བརྗོད་དང་ཟབ་འཇུག་གི་ངང་ཚུལ་བཟུང་ཡོད། དུས་མཚུངས་སུ་གློག་བརྙན་འདི་ནི་ཟིན་འགོད་ཙམ་མ་ཡིན་པར། དངོས་བཤུས་ཀྱི་ཚད་རིམ་ལྡན་པ་ཞིགའང་ཡིན། ༼ལྷ༽ཞེས་བའི་དད་པའི་འདུ་ཤེས་དང་ཤེས་རིག་གང་ཞིག་མཚོན་བྱེད་དུ་འཛིན་པའི་གསར་གཏོད་ཀྱི་སྣང་བརྙན་བཞེངས་སྐྲུན་བྱས་པ་རེད། ལོ་རབས་དགུ་བཅུ་བའི་རྗེས་ནས། ནུབ་རྒྱུད་མི་རིགས་ཀྱི་བརྗོད་དོན་མཚོན་པའི་གློག་བརྙན་སྣ་མང་ཅན་འཚོལ་ཞིབ་ཀྱི་ལམ་ཕྱོགས་བསྙེགས་པ་རེད། ཀོང་ཁྲོན་ལན་གྱིས་ཡུ་གུར་མི་རིགས་ཀྱི་གློག་བརྙན་ལྟ་སྟངས་སྲ་འཐས་ཅན་དང་འཁྲབ་ཁྲིད་པ་སེ་ཧྥོ་དང་མའེ་ལེ་སིའི་སོག་པོ་གློག་བརྙན་རིས་ལྟ་ཅན། དེ་མིན། ཞའེ་ཧྥེ་དང་ཧྮིན་ཞའོ་ནེ། ལའོ་བེ་སོགས་ཀྱིས་འཁྲབ་ཁྲིད་ཀྱི་ལམ་ནས་གློག་བརྙན་ལ་འཇུག་པའི་འཚོལ་ཞིབ་ཅན་གྱི་རྣམ་པ་བརྟོལ་ཚད། མདོར་དྲིལ་ན། ལོ་རབས་བརྒྱད་བཅུ་དང་དགུ་བཅུ་བའི་ནུབ་རྒྱུད་གློག་བརྙན་གྱི་མི་རིགས་བརྗོད་གཞི་མཚོན་ཐབས་སུ་གསར་འབྱེད་བྱས་པས། ལོ་ངོ་བཅུ་བདུན་གྱི་གློག་བརྙན་དུས་སྐབས་མཇུག་སྒྲིལ་ནས་མི་རིགས་གློག་བརྙན་གྱི་གྲུབ་རྐྱེན་དང་ཁྱད་ཆོས་གཙོ་གཞི་བྱས། དེ་ནི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་འཕེལ་འགྱུར་དང་སྲོལ་རྒྱུན་རིག་གནས། མི་རིགས་འདུ་ཤེས་ལ་སྤྱི་མཐུན་གྱི་ངང་ནས་སྔོག་འདོན་དང་སྤྱི་སྡོམ་གང་ལེགས་བྱས་པ་རེད། དེ་བཞིན། གློག་བརྙན་དེ་ཉིད་མིའི་རིགས་ཀྱི་ཚོགས་སྤྱི་དང་འཕེལ་འགྱུར་ལ་དམིགས་ནས། འཁྲབ་ཁྲིད་པའི་ནང་སེམས་ཀྱི་སད་རྟོགས་དང་མཛེས་དཔྱོད་གསར་བ། སྐད་རིགས་མ་ཡིན་པའི་བརྙན་འདུས་ཀྱི་ལམ་ནས་རིན་ཐང་གི་ལྟ་བ་དང་འཚོ་སྟངས་ཀྱི་དུས་བབ་མཚོན་པར་བྱས་ཡོད།

ལྔ། དུས་རབས་གསར་བའི་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་
གློག་བརྙན་འཕེལ་ཕྱོགས་གསར་བ་བསྐྱོམས་པ།

དུས་རབས་གསར་བའི་འཕེལ་སྟངས་རིམ་གྱིས་བརྒལ་བ་ན། ཀྲུང་གོའི་གློག་བརྙན་ཚོང་ར་ཅན་དང་ཐོན་ལས་ཅན་གྱི་ལམ་ཕྱོགས་སུ་སྤོས་བྱུང་། འདས་བའི་ནུབ་རྒྱུད་གློག་བརྙན་གྱི་ལོ་ངོ་ཉི་ཤུ་ལྷག་གི་འཕེལ་ལམ་ལ་བསམ་གཞིགས་རེ་བཏང་ན། ང་ཚོ་ལ་ཕྱོགས་སྟོན་དང་སྤྱི་སྡོམ་མང་པོ་ཞིག་བྱེད་ཐུབ་ལ། གློག་བརྙན་རང་ངོས་ཀྱི་གནད་དོནའང་མི་ཉུང་བ་འབྱུང་བཞིན་ཡོད། དེང་དུས་འཛམ་གླིང་གཅིག་བསྡུས་ཅན་དུ་འགྲོ་བའི་སྐབས་སུ། རང་རྒྱལ་གྱི་རིག་གནས་ཐོན་ལས་དཔལ་འབྱོར་གྱི་ཚོང་རའི་སྒྲིག་གཞི་ཅན་དང་རྒྱལ་སྤྱིའི་ཅན། ཚད་རིམ་ཅན་དུ་འགྱུར་བཞིན་པ་ལ་གཞིགས་ནས། ནུབ་རྒྱུད་གློག་བརྙན་གྱི་རིག་གནས་ཐོན་ཁུངས་དེ་ཉིད་ཇི་ལྟར་དཔལ་འབྱོར་དང་རིག་གནས་གཅིག་སྡུད་ཅན་དང་ནུབ་རྒྱུད་ཀྱི་མི་ཚུལ་རིང་ལུགས་ཀྱི་ཁྱད་ཆོས་གློག་བརྙན་ཐོན་ལས་ཀྱི་བགྲོད་ལམ་ལ་བསྐྱོད་དགོས་ཞེས་འདུག འདི་ནི་ནུབ་རྒྱུད་གློག་བརྙན་པ་ལ་མཁོ་བའི་འཚོལ་རྟོགས་དང་གནད་དོན་གསལ་རྗེན་གྱི་བརྒྱུད་རིམ་ཞིག་ཡིན། དུས་སྐབས་དེར། གྲངས་ཉུང་མི་རིགས་ཀྱི་ནུབ་རྒྱུད་གློག་བརྙན་བརྩམས་ཆོས་དང་འབྲེལ་བའི་གྲུབ་འབྲས་ནི་བྲག་ལྟར་བརྩིགས་བྱུང་བ་ལས། ལའོ་ཁྲོན་གྱི༼ཨ་ཆེན་གངས་རྒྱུད༽དང་བང་ཆེན་ཨན་གྱི༼ཐོ་ཡྰའི་གཉེན་དོན༽གྱི་རིགས་ནི་ཆེས་ལེགས་གྲས་སུ་སྨིན་པའི་མཚོན་བྱེད་བརྩམས་ཆོས་ཡིན། ཀྲུང་གོའི་ནུབ་རྒྱུད་གློག་བརྙན་ངོས་ཐད་ནས། གློག་བརྙན་དེའི་གཉིས་ནི་ཀྲུང་གོའི་གློག་བརྙན་ཚོང་ལས་ཅན་དང་ཐོན་ལས་ཅན་གྱི་འཕེལ་རིམ་ལས་བྱུང་བ་ཡིན། གྲངས་ཉུང་མི་རིགས་ཀྱི་འཚོ་གནས་ཁྱབ་ཁོངས་ལ་སྲུང་འཛིན་དང་ཟིན་འགོད་བྱས་པ་དང་སྦྲགས། ལྟ་མཁན་ཁྲི་སྟོང་གི་མོས་བ་དང་ཚོང་ལས་གློག་བརྙན་གྱི་འཚོལ་ལམ་བརྟོལ་བས། ཀྲུང་གོའི་ནུབ་རྒྱུད་གློག་བརྙན་གསར་བའི་ཁྱད་ཆོས་ཀྱང་ངང་གིས་གྲུབ་པ་ཡིན།

༼ཨ་ཆེན་གངས་རྒྱུད༽ནི་དོན་དངོས་ཀྱི་གཏམ་རྒྱུད་གཞིར་བཟུང་ནས་འཁྲབ་སྦྱོར་བྱས་བ་ཞིག་ཡིན། དེ་ལས་བརྗོད་བྱར་འཛིན་པ་ནི་ཨ་ཆེན་གངས་རྒྱུད་ཀྱི་རང་བྱུང་ས་ཁུལ་སྲུང་བའི་རུ་ཁག་དང་བོད་གཙོད་ལྐོག་གསོད་བྱེད་མཁན་གྱི་རྔོན་ཇག་བར་གྱི་དམར་འཛིང་དང་མི་དང་རང་བྱུང་ཁམས་ཀྱི་འབྲེལ་ལམ་ལས་གྲངས་ཉུང་མི་རིགས་ཀྱི་འཚོ་བའི་གནས་སྟངས་མཚོན་འདུག མིའི་རིགས་ཀྱིས་རང་བྱུང་ཁམས་ལ་དོ་མཉམ་མ་ཡིན་པའི་གཏོར་སྐྱོན་ཐེབས་པ་ཤུགས་སུ་མངོན་ཡོད། སྤྱིར་ན་ཨ་ཆེན་གངས་རྒྱུད་ནི་རང་རྒྱལ་གྱི་སྒོ་འབྱེད་མ་བྱས་བའི་གདོད་མའི་རྒྱུན་ཆགས་སུ་གྲུབ་པའི་ལྐོག་གྱུར་གྱི་ས་ཁོངས་ཞིག་ཡིན། མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་རང་བྱུང་གཏེར་ཁུངས་ཕུན་སུམ་ཚོགས། རྔམ་ཞིང་བརྗིད་པའི་ལྷུན་སྡུག་གངས་རི། འཁྱུག་འགྲོས་ཀྱི་ཆུ་རྒྱུན། འབྱམས་ཀླས་བའི་བྱེ་འགྱུར་རྩྭ་ཐང་། དེ་མིན་བག་ཡངས་སུ་རྩེན་པའི་བོད་གཙོད་དེ་དག་གློག་བརྙན་ལས་ཕྱིའི་བཀོད་པ་དང་ནང་བཅུད་ཀྱི་འགྱུར་བ་ཞིབ་བརྗོད་ཀྱི་རྣམ་པ་མང་པོར་གྲུབ་འདུག འོན་ཀྱང་། སྐྱེ་ཁམས་ཁོར་ཡུག་ལས་ཁྲག་དྲི་བྲོ་བའི་དམུ་རྒོད་ཀྱི་སྦྱོར་ལམ་མི་འདྲ་བའང་སྣང་འདུག མིའི་རིགས་ཀྱི་ཚད་ལས་བརྒལ་བའི་སྐྱེ་ཁམས་རིག་གནས་ལ་གཏོར་སྐྱོན་ཐེབས་པའི་མཇུག་འབྲས། རང་བྱུང་ཁམས་ཆེན་མོས་མིའི་རིགས་ལ་ཡ་ང་བའི་འཇིག་ཉེན་གྱི་ཁྲིམས་གཅོད་ནན་མོ་བཏང་བ་མཚོན་ཡོད། གློག་བརྙན་འདི་ལ་དངོས་བཤུས་རང་བཞིན་གྱི་བརྙན་ཐབས་སྤྱད་པས། ནུབ་རྒྱུད་གློག་བརྙན་དང་ཅུང་ཧེ་བག་ཡོད་ཀྱང་། གློག་བརྙན་རང་ངོས་ཀྱི་མཐོ་ཚད་ནས་ནུབ་རྒྱུད་བརྙན་ཚད་ལ་བལྟས་ན། དྲང་ཚད་ཀྱི་ལམ་ནས་བརྙན་མིག་གི་མཚོན་ཐབས་དང་ནུབ་རྒྱུད་རིག་གནས་ཀྱི་ཟུང་འཇུག་མངོན་ཐུབ། དེ་ནི་དུས་གསར་གྱི་ནུབ་རྒྱུད་གློག་བརྙན་ལས་ཆེས་ཆེར་མངོན་པའི་རིག་གནས་ཀྱི་རྣམ་པ་དང་སྒྱུ་རྩལ་གྱི་ཐབས་ཤེས་འགྱུར་སྟངས་ཤིག་ཡིན།

སྤྱི་ལོ་༢༠༠༧ལོར་རྒྱལ་སྤྱིའི་ཕེ་ལེན་གློག་བརྙན་དུས་ཆེན་དུ༼ཐོ་ཡའི་གཉེན་དོན༽ཞེས་པ་ལ་གསེར་དོམ་རྟགས་ཅན་གྱི་གཟེངས་རྟགས་འཐོབ། དེ་ནི་དོན་གྱིས་སོག་པའི་མི་རིགས་ཀྱི་གནས་འགྲོ་མའི་སྣང་བརྙན་བཞེངས་པ་ལ་ཟུར་ཚད་ཟབ་འཇུག་གི་ནུས་པ་ཐོན་པ་མ་ཟད། གྲངས་ཉུང་མི་རིགས་ལ་རྒྱུན་ཤེས་འཚོ་བའི་ཡུལ་སྲོལ་མཐོང་སྣེ་བཟུང་བ་ལེགས་པའི་ཆ་ལྡན་པའི་ཕྱིར་ཡིན། གློག་བརྙན་དེའི་དངོས་ཡོད་རིང་ལུགས་ཀྱི་མཚོན་ཐབས་སྤྱད་ཡོད་པས། སོག་པོའི་གདོད་མའི་རྒྱུན་ཆགས་་ཀྱི་སྣང་བརྙན་ལ་ཚེ་སྲོག་གསར་བའི་མདངས་བརྟས་ཡོད་ལ། གློག་བརྙན་རང་ངོས་ལའང་དགེ་མཚན་བླ་ལྷག་བསྐྲུན་ཡོད། གློག་བརྙན་དེ་ཉིད་མིའི་རིགས་ཀྱི་ཤེས་རིག་གི་མཐོ་ཚད་ནས་འགྲེང་ན། གཉེན་སྲོལ་ནི་རིག་གནས་གང་ཞིག་གི་རྨང་རྡོ་རུ་གྱུར་སྟབས། གནའ་བོ་ཤེས་རིག་དང་ད་ལྟའི་དཔལ་ཡོན་གྱི་བར་ལ་སྔར་མེད་ཀྱི་འགལ་འདུའི་ཛ་དྲག་བྱུང་བ་གློག་བརྙན་ལས་མཚོན་ལ། མི་རིགས་ཀྱི་འགྱུར་བ་ལ་ནི་ཚད་མར་འཛིན་པའི་མཐོ་ཚད་ལ་དེ་བས་ཀྱང་བརྒལ་འདུག མདོར་དྲིལ་ན། དུས་རབས་མི་འདྲ་བའི་གྲངས་ཉུང་མི་རིགས་ཀྱི་ནུབ་རྒྱུད་གློག་བརྙན་བརྗོད་གཞི་བྱས་པ་དེའི་བརྙན་ཐབས་དང་མཚོན་ཐབས་མི་འདྲ་བ་སྣང་འདུག རྩ་བའི་ཆ་ནས་གླེང་ན། གྲངས་ཉུང་མི་རིགས་ཀྱི་ནུབ་རྒྱུད་གློག་བརྙན་འཚོ་གནས་དང་སྲོལ་རྒྱུན་རིག་གནས། མི་རིགས་འདུ་ཤེས་ཀྱི་མཚོན་བྱེད་ལ་དམིགས་ནས། མུ་ནས་འཚོལ་ཞིབ་དང་མུ་ནས་འཕེལ་འགྱུར་བྱེད་པར་གལ། དུས་སྐབས་གསར་བ་དང་བསྟུན་ནས་ཚོང་ལས་ཅན་དང་ཐོན་ལས་ཅན་གྱི་ཀྲུང་གོའི་གློག་བརྙན་འཕེལ་རྒྱས་ཀྱི་རླབས་རྒྱུན་འཕྱུར་བ་དང་ལྷན། ནུབ་རྒྱུད་གློག་བརྙན་ལ་འཕེལ་སྟངས་གསར་བའི་སྐྱོམ་འགུལ་བྱུང་བ་རེད། འཛམ་གླིང་གོ་ལ་ཅན་གྱི་རྒྱབ་ལྗོངས་ལས། གྲངས་ཉུང་མི་རིགས་ཀྱི་བརྗོད་བྱ་མཚོན་པའི་ནུབ་རྒྱུད་གློག་བརྙན་གྱི་དང་བླངས་དང་ཤེས་རྟོགས་བྱུང་ཡོད་ལ། གློག་བརྙན་པའི་མུ་མཐུད་དུ་ཞིབ་འཇུག་གི་བསླབ་ཚན་གསར་བའང་ཡིན།

ཟུར་ལྟའི་ཡིག་ཚགས།

༡ ཧྲོ་ཞའོ་མེན་གྱི༼ཀྲུང་གོའི་གློག་བརྙན་སྒྱུ་རྩལ་ལོ་རྒྱུས་བསླབ་གཞི༽ནི་སྤྱི་ལོ༢༠༠༠ལོའི་ཟླ ༢པར།
པེ་ཅིང་ཀྲུང་གོ་གློག་བརྙན་དཔེ་སྐྲུན་ཁང་།
༢ ཞ་ཁྲོན་གྱི༼ཞིང་བྲན༽དང་འབྲེལ་བའི་གློག་བརྙན་རྩོམ་རིག་འཁྲབ་གཞུང་གི་གྲུབ་འབྲས་དང་གནད་དོན༽ནི་སྤྱི་ལོ ༡༩༦༤ ལོར། ༼གློག་བརྙན་སྒྱུ་རྩལ༽ཞེས་བར་བཀོད།
༣ ཡོན་ཁྲིན་ལང་གི༼མེ་ཏོག་དམར་པོ་ཡིན་པའི་རྒྱུ་མཚན་ཅི༽ཞེས་བ་དེ་ཉིད་གློག་བརྙན༼འཁྱགས་རི་ནས་འོངས་བའི་
མགྲོན་པོ༽ཞེས་བ་ཡིན། ༢༠༠༦ལོར།
༤ ཀྲོང་ཏེན་ཧྥེ་ཡི༼ནུབ་བྱང་ཆེན་མོར་ཕྱོགས་ནས་ནུབ་རྒྱུད་གློག་བརྙན་གསར་འབྱེད་བྱེད་དགོས༽ ནི་སྤྱི་ལོ༡༨༨༤ལོར།
དུས་རབས་གསར་བའི་གློག་བརྙན་དུ་བཀོད།
༥ ལའེ་ཧྲོ་ཧྲིན་གྱི༼ ཕྱོགས་བསྡུས་སྒྱུ་རྩལ་དང་ཕྱོགས་བསྡུས་གཤིས་ལུགས ན་གཞོན་འཁྲབ་ཁྲིད་པ་ཐེན་ཀྲོང་ཀྲོང་གི་བག་ཆགས་ཟིན་ཐོ༽ནི་སྤྱི་ལོ༡༩༨༥ལོར། ༼དེང་དུས་གློག་བརྙན༽ཞེས་པར་བཀོད།
༦ ཨེ་ཞེ་ཡི༼དངོས་བྲིས་དང་མཚོན་ཐབས་གཅིག་སྒྲིལ གློག་བརྙན༼རྟ་རྐུན༽བརྙན་ཐབས་རགས་ཞིབ༽ ༡༩༨༥ལོར།
༼དེང་དུས་གློག་བརྙན༽ཞེས་པར་བཀོད།
༧ ཀྲང་ཨ་ལེ་ཡི༼ཀྲུང་གོའི་ནུབ་རྒྱུད་གློག་བརྙན་གྱི་ཕྱིར་རྟོག་དང་རྒྱང་ལྟ༽ ནུབ་བྱང་སློབ་ཆེན་གྱི་ཚགས་ཤོག་ཏུ་བཀོད།
སྤྱི་ལོ༢༠༠༣ལོར། སྤྱི་ཚོགས་ཚན་རིག་ཁང་།

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

qrcode_for_gh_24a680a08df5_430

བསྟོད།4

དཔྱད་མཆན་སྤེལ།