བོད་ཀྱི་གློག་བརྙན<<ཐར་ལོ>>དང་འཕྲིན་གསར་གྱི་འབོད་བརྡ།

996e4170jw1ereawg5y9kj20xc18gdty

ཟླ་ཚང་དཔལ་མཁར་རྒྱལ།

བོད་འབྲེལ་གློག་བརྙན་གྱི་ཟ་ཟུར་སྔོན་ནས་བྱུང་བ་ཡིན་ཡང་། མི་རིགས་གང་ཞིག་གི་གཏིང་དུ་འཐིམས་པའི་སྒྱུ་རྩལ་གྱི་བདེན་པ་དང་ཤེས་རིག་གི་རང་བཞིན་དངོས་མེད་ན། བོད་འབྲེལ་གློག་བརྙན་ཡིན་ཡང་ལོ་རྒྱུས་ཀྱིས་རིམ་གྱིས་དེད་འགྲོ་བ་ཡིན་ལ་ཁད་ཀྱིས་ནུབ་འགྲོ་བ་ཡིན། འདས་བའི་སྤྱི་ལོ ༢༠༠༢ལོ་ནས་བཟུང་བོད་ཀྱི་གློག་བརྙན་གྱི་ལོ་རྒྱུས་དངོས་བྱུང་བ་རེད། དེ་ནི་བོད་ཀྱི་གློག་བརྙན་ལོ་རྒྱུས་ཀྱི་རྡོ་རིང་དུ་གྱུར་བའི༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽རེད། ཡིན་ཡང་། བོད་ཀྱི་གློག་བརྙན་ལ་བལྟ་མཁན་གྱི་བསམ་པའི་ཚད་རིམ་གཉིས་སུ་གྱུར་ཡོད། དེ་ནི་མཐོ་རིམ་སྤྱི་ཚོགས་ཀྱི་ཚད་རིམ་ཡིན། ཤེས་ཡོན་པའི་སྡེ་ཡོངས་ལ་གོ་བ་ཡིན། གཞན་ནི་དམའ་རིམ་སྤྱི་ཚོགས། ཡིག་རྨོངས་བའི་སྡེ་དང་དམངས་ཚོགས་ལ་གོ ཚད་རིམ་འདི་གཉིས་ལས་མཐོ་རིམ་སྤྱི་ཚོགས་སུ་བོད་ཀྱི་གློག་བརྙན་གྱི་མྱོང་བ་དང་ཤེས་རྟོགས་ཅུང་བཟང་། དམའ་རིམ་ལས་གློག་བརྙན་གྱི་མཁའ་དབུགས་དང་འདུ་ཤེས་ནི་ཧ་ལམ་མེད་པ་རེད། དེ་ནི་དེང་རབས་སློབ་གསོའི་ཁྱབ་ཁོངས་མ་མྱངས་བའི་གནད་དོན་ཡིན་སྲིད།

འོན་ཀྱང་བོད་ཀྱི་གློག་བརྙན་གང་ཞིག་བྱུང་གྱུར་ན། དེ་ལ་ཟུར་མང་པོ་ནས་འཇུག་ཐབས་དང་ཕྱོགས་ཡོངས་ནས་ལྟ་ཐུབ་དང་རོལ་མྱོང་བྱེད་རྒྱུ་ནི་གློག་བརྙན་རང་སྟེང་གི་འཚོ་གནས་ལ་འབྲེལ་བ་རེད། ཟུར་གཞན་ཞིག་ནས་གཟུགས་འདས་ཤེས་རིག་གི་འཚོ་གནས་སྲ་བརྟན་བཏང་བ་རེད།

<<ཐར་ལོ>>ཞེས་བའི་གློག་བརྙན་ནི་རྒྱུས་ལོན་པ་ལྟར་ན། འདས་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་འདས་བའི་དུས་སྐབས་ཤུགས་བསྣན་གྱིན། མི་སྣ་རྒ་རྒས་ཞིག་གི་མངར་སྐྱུར་བསྐ་གསུམ་གྱི་འཚོ་བའི་ཁ་དོག་དང་འདས་མ་ད་གསུམ་གྱི་འགྱུར་བ་སྣ་ཚོགས་ཤིག་བརྙན་མིག་མི་འདྲ་བའི་ཟུར་བརྒྱན་དགོས་པའི་སྟ་གོན་ཡིན་སྐད། ཡིན་ཡང་། དུས་ཀྱི་སྐབས་འདི་ལ་བོད་ཀྱི་གློག་བརྙན་གསར་རྙིང་གང་ཞིག་བྱུང་གྱུར་ན། ཀུན་གྱིས་དོ་སྣང་དང་དཔྱད་འཇོག བགྲོ་གླེང་། གླེང་ཕྱོགས་མི་འདྲ་བའི་མཁའ་དབུགས་ཞིག་ཆགས་རྒྱུ་ནི་དངོས་གནས་ཁ་ཚ་དགོས་གཏུགས་རེད། ཁུ་སིམ་མེར་གནས་བའི་རིག་གནས་ཀྱི་རྒྱུན་ནི་མི་རིང་བར་འཇིག་ཉེན་དུ་གྱུར་བའི་ལེའུ་ནག་པོ་ཡིན་ངེས། བརྡ་འཕྲིན་གྱི་ཁམས་ཆེན་མོ་ནས་གློག་བརྙན་དང་གློག་བརྙན་དང་འབྲེལ་བའི་བརྩམས་ཆོས་གང་ཞིག་བྱུང་བ་ལ་ཤུགས་བསྣོན་པར་གལ། དེ་ནི་དེ་རིང་གི་སྤྲེལ་ལད་ཀྱི་འཁྲབ་སྟོན་མ་ཡིན་པར་སང་ཉིན་གྱི་ལོ་རྒྱུས་ལ་རིན་ཐང་གི་ཚད་རིམ་རྙེད་དགོས་བའི་འབོད་སྐུལ་ཡིན།
འདི་ནི་གློག་བརྙན་དང་འབྲེལ་བའི་ཕྲན་དཔྱད་མ་ཡིན་ལ་དཔྱད་འཇོག་གི་སྒྲུབ་ལུགས་དེ་བས་ཀྱང་མིན་པས། བོད་ཀྱི་གློག་བརྙན་གསར་བ་འབྲེལ་བའི་འཕྲིན་གསར་གྱི་འབོད་སྒྲ་ཡིན།

བསྟོད།6

དཔྱད་མཆན་སྤེལ།