[འོས་སྦྱོར]མི་གཤིས་ཀྱི་ཟབ་སར་འཛུལ་བ།

  ཁེར་བུ།

   —ཟོན་ཐར་རྒྱལ་གྱི་གློག་བརྙན«དབུས་ལམ་གྱི་ཉི་མའི»བརྗོད་དོན་ལ་དཔྱད་པ།

ནང་དོན་གནད་བསྡུས།

        དཔྱད་རྩོམ་འདིར་གློག་བརྙན་ནང་གི་མི་སྣ་གཙོ་བོ་ཉི་མའི་ནང་སེམས་ཀྱི་འགྱོད་བཤགས་ཀྱི་བརྒྱུད་རིམ་མམ་འགྱོད་གདུང་གི་སེམས་ཁམས་དེ་རང་རེའི་ནང་ཆོས་ལས་བཤད་པའི་སྡིག་བཤགས་དང་བསྡུར་བའི་སྒོ་ནས་དཔྱད་པ་བགྱིས་ཏེ།གློག་བརྙན་གྱིས་གཙོ་བོ་ཉི་མའི་ནང་སེམས་ཀྱི་འགྱོད་བཤགས་ཀྱི་བརྒྱུད་རིམ་བཀྲམས་པའི་སྟེང་ན་ཡོད་པས་དེ་ནི་ནང་ཆོས་ཀྱི་སྡིག་བཤགས་དང་མི་འདྲ་བར་རྩོམ་རིག་སྒྱུ་རྩལ་ངོས་ཐད་ཀྱི་འགྱོད་བཤགས་ཡིན་པ་དང་།དེ་ཉིད་མི་གཤིས་ཀྱི་ངོས་ནས་ཇི་ལྟར་མཚོན་ཡོད་ཚུལ་བརྗོད་ཐོག་མི་ཇུས་སྙིང་སྟོབས་མངའ་བའི་ཐད་ནས་གདེང་འཇོག་ཀྱང་བྱས་ཡོད།

བརྡ་ཆད་གཙོ་བོ།

          འགྱོད་བཤགས།  མི་གཤིས།  མི་ཇུས་སྙིང་སྟོབས།

        གློག་བརྙན་འདི་ནི་མིའི་ནང་སེམས་ཀྱི་འགྱོད་བཤགས་ཀྱི་བརྒྱུད་རིམ་མམ་འགྱོད་གདུང་གི་སེམས་ཁམས་བཀྲམ་སྟོན་བྱེད་པའི་གློག་བརྙན་ཞིག་ཡིན་པ་དང་།མི་སྣའི་ནང་སེམས་ཀྱི་འགྱོད་གདུང་དེ་མི་གཤིས་ཀྱི་ཟབ་ས་ནས་མཚོན་ཡོད་པས་དངོས་ལུགས་ཀྱི་དུས་ཚོད་མི་གཙོ་བར་སེམས་ཁམས་ཀྱི་དུས་ཚོད་གཙོ་བའི་གློག་བརྙན་ཞིག་རེད།སྤྱིར་གློག་བརྙན་འདིར་མི་སྣ་གཙོ་བོ་ཉི་མ་དེ་མི་མེད་ལུང་སྟོང་གི་བྱང་ཐང་ཞིག་ཏུ་རྐང་ཐང་ངང་དམིགས་མེད་དུ་འགྲོ་བཞིན་པའི་གཏམ་རྒྱུད་བརྗོད་ཐོག བར་བར་དུ་ཕྱིར་དྲན་ནམ་བར་བཅུག་གི་རྣམ་པས་གཏམ་རྒྱུད་སྤྲོས་བརྗོད་བྱས་ཡོད་པས་ང་ཚོས་གཏམ་རྒྱུད་ཀྱི་གོ་རིམ་ཧ་ལམ་ཞིག་རྟོགས་ཐུབ་སྟེ།གློག་བརྙན་གྱི་མི་སྣ་གཙོ་བོ་ཉི་མ་ནི་རང་སྡེ་བའི་ནང་གི་བུ་མོ་ཞིག་དང་བརྩེ་དུངས་ཀྱི་མདུད་པ་བཏབ་སྟེ་མི་འགྱངས་པར་གཉེན་གྱི་ཆོ་ག་བྱ་རྩིས་ཡོད་པའི་གསར་བུ་ཞིག་ཡིན་པ་དང་།ཉིན་ཞིག གྲོང་ཁྱེར་གྱི་ཨ་ཅེ་ཚང་ནས་ཉིན་འགར་བསྡད་པའི་ཨ་མ་ལགས་ཕྱིར་ཁྱིམ་དུ་ལོག་རྒྱུ་ཡིན་པས་ཉི་མ་དང་ཕུ་བོ་གཉིས་རང་རང་ས་ནས་གཞུང་ལམ་འགྲམ་དུ་ལེན་པར་སོང་།ཨ་མ་ཐོན་རྗེས་ཕུ་བོས་སྦག་སྦག་འཁོར་ལོའི་སྟེང་ཨ་མ་འཁྱེར་ནས་སྔོན་དུ་འགྲོ་བཞིན་ཡོད་ཅིང་།ཉི་མས་རྗེས་སུ་ལག་སྐྱོར་འཁོར་ལོ་བསྐོར་ནས་ཁྱིམ་དུ་ལོག་བཞིན་པའི་སྐབས་སུ།ཆག་སྒོ་གནམ་ལྷུང་གི་དཔེ་ལྟར་བར་སྐབས་ཤིག་ལ་ཨ་མའི་སྐེ་རགས་སྦག་སྦག་འཁོར་ལོའི་བར་ཚུད་དེ་མི་དང་སྦག་སྦག་འཁོར་ལོ་ལྷན་ཅིག་སར་འགྱེལ་བ་དང་།སྟབས་ཉེས་པ་ཞིག་ལ་ཨ་མ་ནི་རྗེས་སུ་འོང་གིན་པའི་ཉི་མའི་ལག་སྐྱོར་འཁོར་ལོའི་འོག་ཤོར་ནས་རྐྱེན་ལམ་དུ་བུད་སོང་།ཨ་མ་ལགས་རང་ཉིད་ཀྱི་ལག་སྐྱོར་འཁོར་ལོའི་འོག་ཤོར་ནས་རྐྱེན་ལམ་དུ་སོང་བས་ཉི་མའི་ནང་སེམས་སུ་སྡིག་ཉེས་སམ་འགྱོད་གདུང་དྲག་པོ་ཞིག་གིས་གཟིར་ཞིང་།སྡིག་བཤགས་ཀྱི་ཆེད་དུ་བརྐྱངས་ཕྱག་འཚལ་ནས་སྟོད་ཉི་མ་ལྷ་སར་ཕྱིན་སོང་།ཡིན་ནའང་།སྟོད་ཉི་མ་ལྷ་སས་མཚོན་པའི་ཆོས་ལུགས་ཀྱིས་ཉི་མའི་ནང་སེམས་ཀྱི་སྡིག་ཉེས་སམ་འགྱོད་གདུང་རྩ་བ་ནས་སེལ་ཐབས་བྲལ་བས།ཁོ་རང་སྔར་བཞིན་འགྱོད་གདུང་གི་ངང་ན་ཡོད་ཅིང་།མི་མེད་ཀྱི་བྱང་ཐང་དུ་རང་གཅིག་པུར་དམིགས་མེད་ངང་རྐང་ཐང་དུ་འགྲོ་བཞིན་པའི་སྐབས་སུ།ལྷ་ས་ནས་ཕ་ཡུལ་ལ་ལོག་བཞིན་པའི་རྒད་པོ་ཞིག་ལ་ཐུག་པ་དང་།རྒད་པོ་དེའི་རོགས་རམ་དང་བློ་བསྐྱེད་འོག་སེམས་ཀྱི་འགྱོད་གདུང་ཟབ་མོ་སྨུག་སྤྲིན་བཞིན་དྭངས་ཏེ་ཕྱིར་ཕ་ཡུལ་ལམ་འཚོ་བའི་པང་དུ་ལོག་པ་བརྗོད་ཡོད།

དང་པོ། འགྱོད་བཤགས།

      ང་ཚོས་འཚོ་བའི་ཁྲོད་དུ་འགན་འཁྲི་རིགས་གཉིས་འཁུར་དགོས་ཏེ།གཅིག་ནི་ཁྲིམས་ལུགས་ཀྱི་འགན་འཁྲི་དང་ཅིག་ཤོས་ནི་མི་ཆོས་ཀུན་སྤྱོད་ཀྱི་འགན་འཁྲི་ཡིན་པ་རེད།ཁྲིམས་ལུགས་ཀྱིས་ཁྲིམས་མཐུན་དང་ཁྲིམས་འགལ།ཉེས་ཅན་དང་ཉེས་མེད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་།དྲག་ཤུགས་ལ་བརྟེན་ནས་ལག་ལེན་བྱེད་ཅིང་མི་ཡི་ཕྱིའི་ཀུན་སྤྱོད་ལ་ཚོད་འཛིན་དང་དོ་ཁུར་བྱེད་པ་ཡིན།མི་ཆོས་ཀུན་སྤྱོད་ཀྱིས་དགེ་སྡིག་དང་བཟང་ངན།ཡིན་མིན་ཐག་གཅོད་ཀྱིས་མིའི་སྤྱོད་པར་ཚད་གཞི་དང་ཁ་ཕྱོགས་འདོན་ལ།དེ་ནི་སྤྱི་ཚོགས་ཀྱི་གླེང་མོལ་དང་མི་སྒེར་གྱི་རང་རྟོགས་ལ་བརྟེན་ནས་ལག་ལེན་བྱེད་པ་དང་མིའི་ནང་གི་བསམ་པའམ་ཀུན་སྤྱོད་ལ་ཚོད་འཛིན་དང་དོ་ཁུར་བྱེད་པ་ཡིན།མི་ཞིག་ཁྲིམས་ལུགས་དང་འགལ་བ་ཡིན་ཚེ་དེས་ཁྲིམས་ཀྱི་གཏན་འཁེལ་ལྟར་ཁྲིམས་ཆད་དམ་ཁྲིམས་ལུགས་ཀྱི་འགན་འཁྲི་འཁུར་དགོས་པ་དང་།མི་ཞིག་མི་ཆོས་ཀུན་སྤྱོད་དང་འགལ་བ་ཡིན་ཚེ་ཁྲིམས་ལྟར་ཁྲིམས་ལུགས་ཀྱི་འགན་འཁྲི་འཁུར་མི་དགོས་པར་མ་ཟད།མི་ཆོས་ཀུན་སྤྱོད་ཀྱི་འགན་འཁྲི་ཡང་ཁྲིམས་ལུགས་བཞིན་ངེས་པར་དུ་འཁུར་དགོས་པ་ཞིག་མ་ཡིན་ལ།དེ་ནི་མིའི་རང་རྟོགས་ལ་འབྲེལ་བ་ཡོད་ཅིང་མི་ཆོས་ཀུན་སྤྱོད་ཀྱི་འགན་འཁྲི་ཞེས་པ་དེ་ཡང་ནང་སེམས་ནས་འགྱོད་པ་དང་བཤགས་པ་བྱེད་པའི་སྒོ་ནས་མངོན་པ་ཡིན།རྒྱུ་མཚན་ནི་མི་ཆོས་ཀུན་སྤྱོད་ཀྱིས་དགེ་སྡིག་དང་ལས་རྒྱུ་འབྲས་སོགས་གཏན་ལ་ཕབ་སྟེ་མིའི་ཀུན་སྐྱོད་ཀྱི་ཁ་ཕྱོགས་དེ་དགེ་བའི་ཕྱོགས་ལ་སྐུལ་བ་ཡིན་པས་སོ།།

མི་ལ་ལས་རང་རྟོགས་ཀྱིས་ནང་སེམས་ནས་མི་ཆོས་ཀུན་སྤྱོད་ཀྱི་འགན་འཁྲི་འཁུར་བར་འགྱུར་ལ།དེ་ནི་འགྱོད་བཤགས་སྟེ།ལིག་ཙེ་ཧྥུའུ་ནས“འགྱོད་བཤགས་ཞེས་པ་ནི་ནང་སེམས་ནས་རྣམ་ཤེས་ཀྱི་ཁ་བརྡ་དང་མི་གཤིས་ཀྱི་འགལ་འདུ་བཀྲམས་པ་དེ་ཡིན”①ཞེས་པ་ལྟར་འགྱོད་བཤགས་ནི་དགེ་སྡིག་དང་ལས་རྒྱུ་འབྲས་ཀྱི་རྩ་དོན་དང་རང་ཉིད་ཀྱི་ཕྱིའི་ཀུན་སྤྱོད་བར་ལ་ཧེ་བག་བྱུང་བར་ནང་སེམས་ནས་འགལ་འདུ་དང་འཕག་འཚག་བྱེད་ཅིང་།རང་ཉིད་ཀྱི་རྣམ་ཤེས་ལ་ཚ་འདྲི་བྱེད་པ་དེ་ཡིན་ཞིང་།འཛམ་གླིང་གི་རྩོམ་རིག་བརྩམས་ཆོས་གྲགས་ཆེན«ཧམ་ལེ་ཐུ»དང«མཱེ་ཁི་པེ»།«ཉེས་དང་ཆད»སོགས་མང་པོ་ཞིག་གི་ནང་དུ་འགྱོད་བཤགས་ཀྱི་བརྒྱུད་རིམ་བཀྲམས་པའི་དུས་མཚུངས་སུ་འགྱོད་བཤགས་ཀྱི་འདུ་ཤེས་དེ་ཟབ་ས་ནས་མངོན་ཡོད།

«ཀུན་བཟང་བླ་མའི་ཞལ་ལུང»ལས“ཟབ་མོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་གཙོ་བོ་ནི་སྡིག་སྒྲིབ་བག་ཆགས་ཡིན།དེ་ཡང་ཀུན་གཞིའི་མེ་ལོང་ལ་རྟོགས་པའི་གཟུགས་བརྙན་འཆར་བར་བྱེད་པ་ལ་སྒྲིབ་པ་སྦྱོང་བ་གལ་ཆེ་སྟེ།དཔེར་ན་མེ་ལོང་ལ་གཟུགས་བརྙན་འཆར་བར་བྱེད་པ་ལ་བྱི་དོར་བྱེད་པ་གལ་ཆེ་བ་དེ་ལྟར་ཡིན།དེའི་ཕྱིར་སྒྲིབ་པ་སྦྱོང་བའི་ཐབས་གྲངས་མེད་པ་ཞིག་རྒྱལ་བས་བསྟན་པ་ལས།དེ་དག་ཐམས་ཅད་ཀྱི་མཆོག་ཏུ་གྱུར་བ་ནི།བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཡིན།”②ཞེས་པ་བཞིན་ནང་ཆོས་ཀྱིས་ཀྱང་སྡིག་པ་བཤགས་པ་དང་སྒྲིབ་པ་སྦྱོང་བ་བཤད་ཀྱིན་ཡོད་པ་དང་།སངས་རྒྱས་ཀྱི་མདོ་ལས་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་རང་གི་ཕ་བསད་པའི་གཏམ་རྒྱུད་དང་།ཡུལ་རེབ་གོང་གི་གྲུབ་གནས་བརྒྱད་ཀྱི་ནང་ཚན“སྤྱང་གི་རི་རྩེ་ཕུག་པ་ན།།མ་གསོད་ཞི་ལི་འུར་བ་གྲུབ།།”པའི་གཏམ་རྒྱུད་ལྟ་བུ་ནི་ཚབ་མཚོན་རེད།

གོང་དུ་གླེང་བའི་འགྱོད་བཤགས་དང་ནང་ཆོས་ལས་བཤད་པའི་སྡིག་བཤགས་གཉིས་ཀས་མི་ཆོས་ཀུན་སྤྱོད་ཀྱི་འགན་འཁྲི་འཁུར་བ་ཡིན་རུང་།དེ་གཉིས་རྩ་བ་ནས་མི་འདྲ་སྟེ།“ཆོས་ལུགས་ཀྱི་སྡིག་བཤགས་ཀྱི་གནད་གཙོ་བོ་ནི་སྔོན་འགྲོའམ་དམིགས་ཡུལ་དང་འབྲས་བུའི་སྟེང་ན་ཡོད་པ་དང་།རྩོམ་རིག་སྒྱུ་རྩལ་གྱི་འགྱོད་བཤགས་ནི་འགྱོད་བཤགས་ཀྱི་བརྒྱུད་རིམ་རང་སྟེང་ན་ཡོད”③ཅེས་པ་བཞིན།ཆོས་ལུགས་ཀྱིས་དགེ་སྡིག་དང་རྒྱུ་འབྲས་ཀྱི་རྣམ་གཞག་གཙོར་བཟུང་ནས་སྡིག་པ་བཤགས་པའི་འབྲས་བུར་དགེ་བའི་ཕྱོགས་སུ་འགྲོ་བར་འབད་ཀྱིན་ཡོད་ན།རྩོམ་རིག་སྒྱུ་རྩལ་གྱིས་དམིགས་ཡུལ་དང་འབྲས་བུར་ཁ་ཡ་མི་བྱེད་པར་གཙོ་བོ་ནང་སེམས་ཀྱི་འགྱོད་གདུང་ངམ་འགྱོད་བཤགས་ཀྱི་བརྒྱུད་རིམ་དེ་མཚོན་པའམ་བཀྲམས་པའི་སྟེང་ན་ཡོད།

ནང་ཆོས་ལ་མཚོན་ན་ལྟུང་བཤགས་ལས“ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།།རྗེས་སུ་ཡི་རང་བསྐུལ་ཅིང་གསོལ་བ་ཡི།།དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།།ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ།།”ཞེས་པ་བཞིན།ཕྱི་སོ་ཐར་དང་ནང་བྱང་སེམས་ཀྱི་བསླབ་པ་གང་དང་འགལ་ནས་བཤགས་པ་བྱེད་པ་ནི་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་ཆེད་ཡིན་པ་དང་།རྒྱལ་པོ་མ་སྐྱེས་དགྲས་རང་གི་ཕ་བསད་པའི་གཏམ་རྒྱུད་དང་མ་གསོད་ཞི་ལི་འུར་བའི་གཏམ་རྒྱུད་གང་ཡིན་རུང་སྡིག་པ་བཤགས་པའི་ཆེད་དུའམ་ཡང་ན་སྡིགས་བཤགས་ཀྱི་འབྲས་བུར་འཁོར་བ་སྤངས་ཏེ།མཐར་དགྲ་བཅོམ་པ་དང་གྲུབ་པ་ཐོབ་པ་བརྗོད་ཡོད་པས་ང་ཚོས་མིའི་ནང་སེམས་ཀྱི་འགྱོད་གདུང་གི་སེམས་བྱུང་དང་བརྒྱུད་རིམ་མཐའ་དག་མཐོང་ཐབས་བྲལ་བ་ཡིན།རྩོམ་རིག་སྒྱུ་རྩལ་གྱི་འགྱོད་བཤགས་ནི་དེ་ལས་ལྡོག་སྟེ།“འགྱོད་བཤགས་ནི་རང་གི་རྣམ་ཤེས་དང་གླེང་མོལ་བྱེད་པ་ཡིན་ལ།འགྱོད་བཤགས་མཁན་གྱིས་འགྱོད་བཤགས་བྱེད་སྐབས་ཀྱི་ཁ་གཏད་ས་ནི་རང་ཉིད་ངོ་མ་བོ་དེ་ཡིན”④ཞེས་པ་ལྟར།རྩོམ་རིག་སྒྱུ་རྩལ་གྱི་འགྱོད་བཤགས་ཀྱིས་དམིགས་ཡུལ་དང་འབྲས་བུའི་ངང་ནས་བལྟ་བ་མ་ཡིན་པར།འགྱོད་གདུང་གི་ངང་ན་ཡོད་པའི་མིའི་ནང་སེམས་ཀྱི་འགལ་འདུ་དང་འཕག་འཚག་སོགས་ཞིབ་ཕྲར་མཚོན་པས་ཆོག་པ་ཡིན།དེ་བས་ཕྲན་གྱིས་འདིར་ཆོས་ལུགས་ཀྱི་སྡིག་བཤགས་དང་རྩོམ་རིག་སྒྱུ་རྩལ་གྱི་འགྱོད་བཤགས་ཞེས་མིང་གཉིས་ཀྱིས་བསྟན་པ་དང་།སོ་སོའི་གོ་དོན་གྱི་སྤུ་རིས་འབྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོར་འདུག་བསམ།

གློག་བརྙན་འདིར་མཚོན་ན་ཨ་མ་རྐྱེན་ལམ་དུ་ཤོར་རྗེས་ཉི་མའི་ནང་སེམས་སུ་སྡིག་ཉེས་སམ་འགྱོད་གདུང་དྲག་པོ་ཞིག་གིས་གཟིར་བ་དང་།རང་ཉིད་སྤྱི་བདེ་ཅུའུ་རུ་སོང་ནས་འཛིན་བཟུང་བྱ་དགོས་པའི་རེ་བ་བཏོན་རུང་། སྤྱི་བདེ་ཅུའུ་ནས་ཉེས་མེད་དོན་རྐྱེན་དུ་ངོས་བཟུང་སྟེ་ཁོ་རང་འཛིན་བཟུང་མ་བྱས་པས།ཉི་མས་སྡིག་བཤགས་ཀྱི་ཆེད་དུ་བརྐྱངས་ཕྱག་འཚལ་ནས་སྟོད་ཉི་མ་ལྷ་སར་ཕྱིན་པ་ནི་ནང་ཆོས་ལས་བཤད་པའི་སྡིག་བཤགས་དང་འདྲ་ཞིང་།ཐ་ན་ཁོ་རང་སྡིག་བཤགས་ཀྱི་ཆེད་དུ་བརྐྱང་ཕྱགས་འཚལ་ནས་ལྷ་སར་ཕྱིན་པ་སོགས་ནི་སྡིག་པ་ཞེས་པའི་ཆོས་ལུགས་ཀྱི་འདུ་ཤེས་ཤིག་གིས་སྐུལ་བ་ཡིན་རུང་།གློག་བརྙན་གྱིས་ཉི་མས་སྡིག་བཤགས་ཀྱི་ཆེད་དུ་ལྷ་སར་བརྐྱངས་ཕྱག་འཚལ་ནས་ཐོན་རུང་སེམས་ཀྱི་སྡིག་ཉེས་སྔར་བཞིན་དྭངས་ཐབས་བྲལ་བས།མི་མེད་ཀྱི་བྱང་ཐང་དུ་དམིགས་མེད་ངང་རྐང་ཐང་འགྲོ་བཞིན་པའི་སྐབས་ཀྱི་སེམས་བྱུང་དང་སེམས་ཁམས་གཙོར་བཟུང་སྟེ།ཁོའི་ནང་སེམས་ཀྱི་འགྱོད་གདུང་གི་སེམས་ཁམས་དང་འགྱོད་བཤགས་ཀྱི་བརྒྱུད་རིམ་འགྲེམ་པའི་སྟེང་ན་ཡོད་པས།དེ་ནི་ནང་ཆོས་ཀྱི་སྡིག་བཤགས་དང་མི་འདྲ་བར་རྩོམ་རིག་སྒྱུ་རྩལ་གྱི་འགྱོད་བཤགས་ཡིན་པ་རེད།

གློག་བརྙན་དུ་ཉི་མ་དང་འགྲོ་རོགས་རྒད་པོའི་ཁ་བརྡ་ཞིག་ཏུ“རླངས་འཁོར་ནང་ནས་སོང་ན་མགྱོགས་སོང་ཟིག ངས་ང་གང་ལ་འགྲོ་དགོས་འདུག་ཀྱང་མི་ཤེས་ཀི”དང“ང་འགྲོ་རུ་མ་བསྡད་ན་སེམས་ནས་བརྗེད་ཀྱི་ཟིག་མེད་ཀི”ཞེས་ལབ་པ་བཞིན་ཆོས་ལུགས་ཀྱིས་ཀྱང་ཁོ་ཉིད་སྐྱོབ་ཐབས་བྲལ་བས་ཁོ་རང་ལྷ་ས་ནས་ཕྱིར་ལོག་ཁར་ཡང་རྐང་ཐང་དུ་དམིགས་མེད་ངང་ཡོང་བཞིན་ཡོད་པ་རེད།གནམ་མཐའ་རུ་བསྲིངས་པའི་གཞུང་ལམ་དང་མི་མེད་བྱང་ཐང་གི་ཡུལ་ལྗོངས།མིག་ལ་གཙེས་པའི་ཉི་འོད་དང་དྲག་ཏུ་རྒྱུ་བའི་རླུང་བུ་སོགས་གང་ཡིན་རུང་ཉི་མའི་ནང་སེམས་ཀྱི་འགྱོད་གདུང་མཚོན་པར་རམ་འདེགས་ཀྱི་ནུས་པ་ཐོན་ཡོད་ལ།ཉི་མའི་འགྱོད་གདུང་དེ་ཡང་རང་རེའི་ཆོས་ལུགས་ཀྱི་སྡིག་བཤགས་ཇི་བཞིན་རྩིང་བོའམ་རགས་མོ་ཞིག་མ་ཡིན་པར།མི་བུའི་ཚེ་སྲོག་དང་འབྲེལ་བའི་འགྱོད་གདུང་ཁྲོད་རྣམ་ཤེས་ཀྱི་འཕག་འཚག་ཡོད་ཅིང་བླ་སྲོག་གི་སྐྱོམ་འགུལ་ཡང་མཆིས་པས།གློག་བརྙན་འདིས་མིའི་ནང་སེམས་ཀྱི་འགྱོད་གདུང་གི་སེམས་བྱུང་ངམ་འགྱོད་བཤགས་ཀྱི་བརྒྱུད་རིམ་དེ་མཐར་ཆགས་སུ་བཀྲམས་ནས་ཡོད།

གཉིས་པ། མི་གཤིས།

རྩོམ་རིག་ནི་མིའི་རིག་པ་ཡིན་ཞེས་པ་བཞིན།མིའི་ངོས་འཛིན་ནམ་ལྟ་བ་ཅི་འདྲ་ཞིག་ཡོད་ན་རྩོམ་རིག་སྒྱུ་རྩལ་དུ་ཡང་དེ་མཚུངས་ཀྱི་མི་ཐོན་པར་འགྱུར་བ་ཡིན།ནང་ཆོས་ཀྱིས་མི་རེ་རེའི་ཀུན་གཞིའི་ངོས་སུ་འཚང་རྒྱ་རུང་གི་ཆ་སྟེ་གཞི་བདེ་གཤེགས་སྙིང་བོས་ཁྱབ་པར་འདོད་ཅིང་།དེར་བར་དུ་གཅོད་པའི་སྒྲིབ་པ་དག་སྦྱོང་བ་ནི་མཐར་ཐུག་གི་བསྙེག་བྱ་སྟེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་ཡིན་པ་དང་།མི་གཤིས་སམ་མིའི་ཀུན་གཞི་ནི་དགེ་བ་ཡིན་པར་འདོད་པས་མཐར་ཐུག་གི་དམིགས་ཡུལ་ལམ་འབྲས་བུར་ཡང་དགེ་བའི་ཕྱོགས་སུ་འགྲོ་བའམ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་འཇོག་པ་ཡིན།བདུད་ལྷ་རྒྱལ་གྱིས«སྒྲུང་གཏམ‹སྡོམ་པ་སྲུང་བ›ཡི་མཚོན་བྱ་དང་མཚོན་ཐབས་ལ་དཔྱད་པ»ཞེས་པའི་དཔྱད་རྩོམ་དུ“ང་ཚོའི་རིག་གནས་ཀྱིས་མི་དེ་ཅི་ལྟ་བུ་ཞིག་ཡིན་དགོས་པའི་ངོས་ནས་ངོས་འཛིན་དང་རྟོགས་པར་བྱེད་པ་ལས།མི་དེ་ཅི་ལྟ་བུ་ཞིག་ཡིན་པའི་ངོས་ནས་ངོས་འཛིན་དང་ཤེས་པར་བྱེད་པ་མིན”⑤ཞེས་གསུངས་པ་བཞིན། རང་རེའི་རིག་གནས་དང་སྲོལ་རྒྱུན་རྩོམ་རིག་གང་ཡིན་རུང་དེས་ནི་མི་གཤིས་ལ་འཚོལ་དཔྱོད་དང་སྔོག་འདོན།བཀྲམས་པར་བྱེད་པ་མ་ཡིན་པར།མི་གཤིས་ཀྱི་རྩ་བ་དགེ་བ་ཡིན་པའི་ངོས་འཛིན་གྱིས་མི་གཤིས་ལ་བརྡར་གཅོད་བགྱིས་ཏེ།མིའམ་མི་གཤིས་དགེ་བའི་ཕྱོགས་སུ་འགྲོ་བར་འབད་ཅིང་དེ་ཉིད་སྟོན་པ་ཡིན།མིའི་ངོས་འཛིན་ནམ་ལྟ་བ་དེ་འདྲ་ཞིག་གི་དབང་གིས་ང་ཚོའི་སྲོལ་རྒྱུན་རྩོམ་རིག་ཁྲོད་ཀྱི་རྒྱལ་བོ་མ་སྐྱེས་དགྲ་དང་མ་གསོད་ཞི་ལི་འུར་བ་ལྟ་བུ་ནི་བརྡ་དོན་ཅན་ནམ་ཕུགས་བསམ་ཅན་གྱི་མི་ལས་མ་འདས་ཤིང་།དེར་དགེ་སྡིག་དང་རྒྱུ་འབྲས་ཀྱི་རྣམ་གཞག་དང་རྣམ་གཞག་དེ་མངོན་འགྱུར་བྱེད་པའི་གཏམ་རྒྱུད་ཙམ་པོ་ལས།མི་སྣའི་ནང་སེམས་ཀྱི་འགྱོད་གདུང་གི་སེམས་བྱུང་དང་རྣམ་ཤེས་ཀྱི་འཕག་འཚག སྐྱོམ་འགུལ།ཁ་བརྡ་དང་འགལ་འདུ་སོགས་ཡོད་པ་མ་རེད།

ལྷག་ཏུ་རང་རེའི་དེང་རབས་རྩོམ་རིག་ལ་མཚོན་ན་ཡང་།ཚང་མས་སྤྱི་ཚོགས་རིག་པའི་ངོས་ཐད་ནས་སྤྱི་ཚོགས་ཀྱི་གནད་དོན་ཐེར་འདོན་དང་དགག་སྒྲུབ་ཀྱིས་སྤྱི་ཚོགས་ལེགས་བཅོས་ཡོང་བར་རེ་བའི་ཕན་ཁེ་ཉི་ཚེ་བ་ཞིག་ལྷུར་ལེན་པ་ཡིན་པས།རྩོམ་ནང་དུ་ཐོན་པའི་མི་སྣ་ཡང་གོང་དུ་གླེང་བའི་སྲོལ་རྒྱུན་རྩོམ་རིག་གི་མི་སྣ་ཇི་བཞིན་བརྡ་དོན་ཅན་གྱི་མི་སྣ་ཡིན་པ་དང་།«སྡོམ་པ་སྲུང་བ»དང་པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་རེ་གཉིས་ཀྱིས་མི་གཤིས་ལ་འཚོལ་དཔྱོད་བྱས་ཡོད་པ་ལས།རྩོམ་པ་པོ་མང་པོ་ཞིག་ནི་བློ་འབྱེད་ཅེས་པའི་འགན་འཁྲི་ལྕི་མོ་ཞིག་གི་དབང་དུ་གྱུར་པས་བོད་རྩོམ་དག་གི་མཚོན་བྱའི་ཁྱབ་ཁོངས་ནི་ཧ་ཅང་གུ་དོག་པོའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཙམ་ལས་རྒྱ་ཆེ་ཞིང་སྣེ་མང་རྙོག་འཛིང་ལྡན་པའི་མི་གཤིས་ཀྱི་ཟབ་སར་འཇུག་ཐུབ་ཀྱིན་མེད།

ཡིན་ནའང་།གློག་བརྙན་འདིར་འཁྲབ་ཁྲིད་པས་གུ་ཡངས་པའི་མི་གཤིས་ཀྱི་ལྟ་བ་ཞིག་བཟུང་སྟེ།ཉི་མའི་འགྱོད་བཤགས་ཀྱི་གཏམ་རྒྱུད་འདི་ཉིད་སྡིག་བཤགས་ཀྱི་འབྲས་བུར་དགྲ་བཅོམ་པ་དང་གྲུབ་པ་ཐོབ་པའི་ནང་ཆོས་ཀྱི་སྡིག་བཤགས་ཀྱི་གཏམ་རྒྱུད་དག་དང་མི་འདྲ་བར།གཙོ་བོ་ཁོའི་འགྱོད་བཤགས་ཀྱི་བརྒྱུད་རིམ་མམ་སེམས་ཁམས་དེ་བཀྲམས་པའི་སྟེང་ན་ཡོད་པས།མི་སྣ་གཙོ་བོ་ཉི་མའི་གཤིས་ཀ་ནི་ངོས་རྐྱང་བ་ཞིག་མ་ཡིན་པར་ནང་ཁོང་འཛོམས་པོ་ཅན་ཞིག་ཡིན་པ་དང་།བརྡ་དོན་ཅན་གྱི་མི་སྣ་དག་དང་མི་འདྲ་བར་ཤ་དར་ཁྲག་དར་དང་གསོན་ཤུགས་ཀྱིས་བརྟས་པའི་མི་སྣ་ཞིག་ཏུ་བཞེངས་སྐྲུན་བྱས་ནས་ཡོད།

 “རྩོམ་རིག་གི་ཁ་གཏད་ས་ནི་མི་གཤིས་དང་མི་བུའི་འཚོ་གནས་ཡིན”⑥པ་ལྟར།གློག་བརྙན་གྱིས་འགྱོད་བཤགས་ཞེས་པའི་མཐོང་སྣེ་སྤྱད་དེ།མི་སྣ་གཙོ་བོ་ཉི་མའི་ནང་སེམས་ཀྱི་འགལ་འདུ་དང་འཕག་འཚག སྐྱོམ་འགུལ་སོགས་མཐར་ཆགས་སུ་བཀྲམས་ནས་ཡོད་པས།ང་ཚོས་ཉི་མའི་ནང་སེམས་ཀྱི་འགྱོད་གདུང་མ་ལུས་སེམས་ཀྱིས་ཚོར་ཐུབ་པ་ཡིན།དེ་བས་གློག་བརྙན་འདིས«སྡོམ་པ་སྲུང་བ»དང་པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་རེ་གཉིས་ཀྱིས་མི་གཤིས་ལ་འཚོལ་དཔྱོད་བྱས་པའི་རྒྱུན་མཐུད་དེ།མི་ནི་ཅི་ལྟ་བུ་ཞིག་ཡིན་པའི་ངོས་ཐད་ནས་མི་གཤིས་ཞེས་པའི་ཁྱབ་ཁོངས་ཡངས་པོ་ཞིག་གློག་བརྙན་དུ་དྲངས་ཡོད་པས་བསྟན་དོན་གྱི་ཆ་ནས་དགེ་མཚན་ཡོད་པ་ཡིན།སྤྱིར་ན་མི་གཤིས་ཞེས་པ་ནི་མ་གཞི་ནས་རྒྱ་ཆེ་ཞིང་ཡངས་པ་དང་སྣེ་མང་རྙོག་འཛིང་ལྡན་པ་ཞིག་ཡིན་པ་དང་།མིའི་རང་བཞིན་ནམ་གཤིས་རྒྱུད་ཀྱི་སྟེང་དུ་དགེ་སྡིག་གཉིས་ཀ་རྐྱ་འཐབ་པ་བཞིན་གནས་ཤིང་།དེ་ནི་མུན་དོང་རིང་མོ་ཞིག་དང་འདྲ་བར་ནམ་ཡང་སྔོག་མི་ཚར་བ་ཡིན།དེ་བས་གློག་བརྙན་འདིས་དེ་ལྟའི་གུ་ཡངས་པའི་མི་གཤིས་ཀྱི་ལྟ་བ་ཞིག་གི་ངོས་ནས་མི་གཤིས་འཚོལ་དཔྱོད་དང་སྔོག་འདོན།དེ་མིན་གསལ་པོར་བཀྲམས་པའི་ལས་ལྷུར་བླངས་ནས་ཡོད་པས་བསམ་བློའི་ཟབ་ཚད་ཀྱིས་ཁྱོགས་ཤིང་མི་གཤིས་ཀྱི་རང་མདངས་ཀྱིས་ཕྱུག་ནས་ཡོད།

གསུམ་པ། མི་ཇུས་སྙིང་སྟོབས།

         གོང་ནས་གླེང་བ་བཞིན་གློག་བརྙན་འདིའི་མི་སྣ་གཙོ་བོ་ཉི་མའི་གཤིས་ཀ་ནི་ཆིག་རྐྱང་བ་ཞིག་མ་ཡིན་པར་ནང་སེམས་ཀྱི་འཕག་འཚག་དང་འགལ་བ་སོགས་མཆིས་པས་མི་སྣ་བཞེངས་སྐྲུན་བྱས་པ་ལེགས་འགྲུབ་བྱུང་ཡོད་པ་དང་།བརྗོད་དོན་གྱི་ཆ་ནས་མི་གཤིས་ཀྱི་ཕྱོགས་སུ་བསྲིངས་ཐུབ་ཡོད་པས་དགེ་མཚན་མི་དམན་པ་ཡོད་མོད།ང་ཚོས་གློག་བརྙན་གྱི་གཏིང་ཟབ་སར་མུ་མཐུད་དུ་བསྔོགས་ན་བསམ་བློའི་རིམ་པ་གཞན་ཞིག་ཀྱང་ངེས་ཐུབ་ཅིང་།དེ་ནི་མི་ཇུས་ཀྱི་སྙིང་སྟོབས་རེད།མི་ཇུས་ཀྱི་སྙིང་སྟོབས་ཞེས་པ་ནི་མི་གཤིས་ལ་རྨང་བཙུགས་ཏེ་མིའི་རིན་ཐང་ལ་བརྩི་འཇོག་དང་།མིའི་རིན་ཐང་མངོན་འགྱུར་བྱེད་པ་ཞིག་ལ་བྱ་ཞིང་།མུན་དོང་རིང་མོ་ཞིག་ནང་བཞིན་རྙོག་འཛིང་ཆེ་ཞིང་སྔོན་འདོན་བྱ་མི་ཚར་བའི་མི་གཤིས་ལ་ཁ་ཚོན་དང་བརྡར་གཅོད་བྱེད་པ་མ་ཡིན་པར་དེ་ཉིད་ལ་བརྩི་འཇོག་དང་ཁས་ལེན་བྱེད་པར་ཡང་གོ་ཆོག

གློག་བརྙན་དུ་མི་སྣ་གཙོ་བོ་ཉི་མ་དེ་མཚན་མོར་བྱང་ཐང་དུ་ཉལ་ཞིང་ཕྱི་ཉིན་རླངས་འཁོར་གྱི་དུང་བརྡ་ཞིག་གིས་གཉིད་ལས་བསླངས་བྱུང་།ཁོས་གཉིད་ཀྱི་མགོ་བོ་ཡར་འདེགས་སྐབས་ཉེ་འཁོར་གྱི་ཁོ་ར་ཁོར་ཡུག་ཀུན་ཁ་བས་གཡོགས་འདུག་ཅིང་།ཁ་བ་འབབ་ཐེངས་དེས་སེམས་ཀྱི་འགྱོད་གདུང་མཐའ་དག་བཀྲུས་ནས་འདག་པར་བྱས་པ་དང་འདྲ་བར།ཁོ་རང་ཕྱིར་ཕ་ཡུལ་དུ་ལོག་པའི་རླངས་འཁོར་དུ་བུད་ཅིང་དབུས་ལམ་གྱི་ཉི་མས་གཙེས་ནས་གས་པར་གྱུར་པའི་ངོ་གདོང་ལས་འཛུམ་མདངས་མངོན་བྱུང་།དེ་བས་མི་སྣ་གཙོ་བོ་ཉི་མས་འགྱོད་ཅིང་བཤགས་པའི་མཐའ་འབྲས་སུ་ཁོ་རང་ཕྱིར་འཚོ་བར་ཕྱོགས་ཤིང་ཕ་ཡུལ་གྱི་པང་དུ་ལོག་པ་རེད།ང་ཚོས་ཁོས་འཚོ་བ་བདམས་སོང་ཟེར་བ་ལས་རང་གི་འདོད་པའམ་མི་གཤིས་ལ་བརྩི་འཇོག་དང་ཁས་ལེན་བྱས་སོང་ཞེས་ན་འགྲིག་པར་འདུག རྒྱུ་མཚན་ནི་ཁོ་རང་འགྱོད་གདུང་གི་ངང་ན་གནས་སྐབས་སུ་འགྲོ་རོགས་རྒད་པོའི་ཁ་བརྡ་དང་ཕ་ཡུལ་དུ་ལུས་པའི་ཆུང་འདྲིས་བྱམས་པ་སོགས་ནི་ཁོ་རང་འཚོ་བར་ཕྱོགས་པ་ལ་མེད་དུ་མི་རུང་བའི་རྒྱུ་རྐྱེན་ཡིན་པ་དང་།དེ་ནི་མི་གཤིས་དང་མཐུན་ཞིང་མིའི་རིན་ཐང་ངམ་མི་གཤིས་ལ་བརྩི་འཇོག་བྱས་པ་ཞིག་ཀྱང་ཡིན་ནོ།།

རང་རེར་མཚོན་ན་ཆོས་ལུགས་རིག་གནས་གཙོ་བོའི་མི་རིགས་ཤིག་ཡིན་པས།ཚེ་འདི་ལས་ཕྱི་མ་གཙོ་ཞིང་འཁོར་བ་ལས་ཐར་བར་སྙེག་པ་རེད།དེ་བས་ནང་ཆོས་ཀྱིས་མཚོན་པའི་ཆོས་ལུགས་ཀྱིས་སྡིག་བཤགས་བཤད་སྐབས་ཡོད་ཚད་ཐར་བ་འཐོབ་ཆེད་ཡིན་ཞིང་འཁོར་བ་ལས་གྲོལ་བའམ་ཐར་དགོས་པར་བཤད་ཀྱིན་ཡོད་པ་རེད།སྤྱིར་ན་ཆོས་ལུགས་གིས་མི་ལ་དོ་ཁུར་བྱ་སྐབས་མི་ལ་དངོས་ཡོད་ཀྱི་ངོས་ནས་དོ་ཁུར་བྱ་བ་མ་ཡིན་པར་གཟུགས་འདས་ཀྱི་སྒོ་ནས་དོ་ཁུར་བྱ་བ་ཡིན་རུང་།མི་རིགས་ཤིག་གི་འཚོ་སྡོད་ཀྱི་ངོས་ནས་བཤད་ན་དངོས་ཡོད་དང་གཟུགས་འདས་གཉིས་ཀའི་ཐད་ནས་དོ་ཁུར་བྱ་བའི་རིག་གནས་དགོས་པ་རེད།ལྷག་ཏུ་རང་རེར་མཚོན་ན་དངོས་ཡོད་ཕྱོགས་ཀྱི་རིག་གནས་ཉག་ཕྲ་ལ་དེའི་བསམ་བློའི་རྒྱབ་རྟེན་ཡང་ཡོད་པ་མ་རེད།ངས་བལྟས་ན་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བར་བོད་དུ་དེང་རབས་རྩོམ་རིག་དར་བའི་དགེ་མཚན་གཙོ་བོ་ནི་བློ་འབྱེད་དང་མི་ཇུས་སྙིང་སྟོབས་ཀྱི་ངོས་ན་ཡོད་ཅིང་།དེང་རབས་རྩོམ་རིག་གིས་མིའི་འདོད་པ་དང་རང་བྱུང་གི་གཉུག་གཤིས་ལ་ཁས་ལེན་དང་བརྩི་འཇོག་བྱས་པར་མ་ཟད།འཇིག་རྟེན་པའི་སྙིང་སྟོབས་ཤིག་བླ་རུ་བཏེགས་ནས་རང་རིགས་ཀྱི་མིག་དབང་དེ་ཐར་བའམ་འཇིག་རྟེན་ལས་འདས་པ་ལས་འཇིག་རྟེན་དང་ཚེ་འདིར་དྲངས་པས་སོ།།

ནུབ་གླིང་གི་རིག་གནས་སམ་རྩོམ་རིག་གང་ཡིན་རུང་།ཡོངས་གྲགས་ཀྱིས་དེར་གནའ་བོའི་ཀེ་རི་སེའི་རིག་གནས་ཀྱིས་མཚོན་པའི་འཇིག་རྟེན་པའི་རིག་གནས་དང་།ཡེ་ཤུའི་ཆོས་ལུགས་ཀྱིས་མཚོན་པའི་ཆོས་ལུགས་རིག་གནས་ཏེ་མགོ་ཁུངས་གཉིས་ཡོད་པར་འདོད་ཅིང་།གནའ་བོའི་ཀེ་རི་སེའི་རིག་གནས་ཀྱིས་མི་སྒེར་གྱི་ཚེ་སྲོག་རིན་ཐང་དང་འཇིག་རྟེན་གྱི་འཚོ་བ་གཙོར་འཛིན་པའི་འཇིག་རྟེན་པའི་སྙིང་སྟོབས་ཤིག་འཛིན་པ་དང་།ཡེ་ཤུའི་ཆོས་ལུགས་ཀྱི་རིག་གནས་ཀྱིས་མིའི་རྣམ་ཤེས་དང་འཇིག་རྟེན་ལས་འདས་པའི་འཚོ་བ་གཙོར་འཛིན་པ་ཡིན་པས།དེ་གཉིས་ཕན་ཚུན་ཁ་གསབ་དང་མཉམ་བསྲེས་བྱས་པའི་རྐྱེན་གྱིས་ལོ་རྒྱུས་སྟེང་དུ་རྒྱུགས་ཆེ་ཞིང་དེང་ཡང་གསོན་ཤུགས་ཀྱིས་བརྟས་པའི་ནུབ་གླིང་རིག་གནས་བྱུང་བར་བཤད།སྤྱིར་རིག་གནས་སམ་མི་སྒེར་གང་ཞིག་ལ་མཚོན་རུང་ཕུང་བོ་དང་རྣམ་ཤེས་སམ་ཡང་ན་དངོས་ཡོད་འཚོ་བ་དང་དངོས་ཡོད་ལས་འདས་པ་གཉིས་ཀའི་ཕྱོགས་ཀྱི་དགོས་མཁོ་ཡོད་པས།དེ་གཉིས་ཀའི་བསམ་བློའི་རྒྱབ་རྟེན་དང་རིག་གནས་དགོས་པ་དང་།དེ་ལྟར་ཡིན་ཚེ་ད་གཟོད་རིག་གནས་སམ་མི་སྒེར་དེ་ཉིད་གསོན་ཤུགས་དང་བཅས་གནས་ཤིང་འཚོ་སྲིད་པ་ཡིན།

དེ་བས་གློག་བརྙན་འདིས་མི་གཤིས་ལ་རྨང་བཙུགས་ཏེ་ཉི་མའི་ནང་སེམས་ཀྱི་འགྱོད་གདུང་དེ་མཐར་ཆགས་སུ་བཀྲམས་པའི་སྟེང་དུ།གུ་ཡངས་པའི་མི་གཤིས་ཀྱི་ལྟ་བ་ཞིག་གི་ངོས་ནས་མིའི་འདོད་པ་དང་གཉུག་གཤིས་དག་ལ་བརྩི་འཇོག་དང་ཁས་ལེན་བྱས་ཡོད་ཅིང་།མི་སྣ་གཙོ་བོ་ཉི་མས་འགྱོད་ཅིང་བཤགས་པ་བྱས་པའི་མཐའ་མར་ནང་ཆོས་ཀྱི་དགོངས་པ་ཇི་བཞིན་འཁོར་བ་སྤངས་པ་མ་ཡིན་པར་ཕྱིར་འཚོ་བར་ཕྱོགས་པའམ་འཚོ་བའི་པང་དུ་ལོག་ཡོད་པས།འདིས་ནི་ཆོས་ལུགས་རིག་གནས་ཀྱི་རྨང་མཐུག་པའི་རང་རིགས་ལ་མཚོན་ན་མིའི་རིན་ཐང་དང་མི་གཤིས་ལ་ཁས་ལེན་དང་བརྩི་འཇོག་བྱེད་ཅིང་།མིའི་རིན་ཐང་མངོན་འགྱུར་བྱེད་པའི་འཇིག་རྟེན་པའི་རིག་གནས་ཀྱི་རྣམ་གཞག་གམ་མི་ཇུས་རིང་ལུགས་ཀྱི་བསམ་བློའི་རྒྱབ་རྟེན་ཞིག་ནང་འདྲེན་དང་སླར་གསོ་བྱེད་པ་ནི།དེང་གི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་པ་བསྟན་ཡོད་ཅིང་།འཇིག་རྟེན་པའི་རིག་གནས་ཀྱི་རྣམ་གཞག་གམ་མི་ཇུས་རིང་ལུགས་ཀྱི་བསམ་བློའི་རྒྱབ་རྟེན་དར་བ་དེས།ང་ཚོའི་རིག་གནས་དེ་དངོས་ཡོད་དང་དངོས་ཡོད་ལས་འདས་པ་གཉིས་ཀར་དོ་ཁུར་བྱེད་པའི་རིག་གནས་འཐུས་ཚང་ཅན་ནམ་མ་ལག་ཅན་ཞིག་ཏུ་འགྱུར་བར་བྱེད་ཅིང་།ས་སྒང་རིལ་མོའི་སྟེང་དུ་བོད་ཀྱི་རིག་གནས་ཞེས་སྔར་ལས་བཀྲག་མདངས་དང་གསོན་ཤུགས་ཀྱིས་བསྐལ་པའི་ཡུན་དུ་གནས་སྲིད་དོ།།

མཇུག་བསྡུ་བའི་གཏམ།

     གློག་བརྙན་འདིའི་བརྗོད་དོན་ལ་མཚོན་ན་ནང་ཆོས་ཀྱི་སྡིག་བཤགས་དང་མི་འདྲ་བའི་སྒོ་ནས་རྩོམ་རིག་སྒྱུ་རྩལ་ངོས་ཀྱི་འགྱོད་བཤགས་དེ་ལྷུར་བླངས་པ་དང་།གུ་ཡངས་པའི་མི་གཤིས་ཀྱི་ལྟ་བ་འམ་མིའི་ངོས་འཛིན་ཞིག་གི་ཐད་ནས་མིའི་སེམས་ཁམས་སམ་མི་གཤིས་བཀྲམས་པའི་ཞོར་དུ་འཚོལ་དཔྱོད་དང་སྔོག་འདོན་ཡང་བྱས་ཡོད་པས།བོད་རང་གི་སྲོལ་རྒྱུན་དང་མི་འདྲ་བའི་མི་གཤིས་ཀྱི་ལྟ་བ་ཞིག་མཚོན་གྱིན་ཡོད་ཅིང་།དེ་ནི་མི་གཤིས་སམ་རྩོམ་རིག་ལྟ་བའི་ངོས་ཐད་ཀྱི་འཕེལ་རྒྱས་ཆེན་པོ་ཞིག་ཡིན་པ་དང་།མཐར་ཉི་མའི་འགྱོད་བཤགས་ཀྱི་མཐའ་འབྲས་སུ་ཕྱིར་འཚོ་བར་ཕྱོགས་ཡོད་པས་དེར་མི་ཇུས་སྙིང་སྟོབས་ཀྱིས་ཀྱང་བརྒྱན་ནས་ཡོད།དེ་བས་གློག་བརྙན་འདིའི་བརྗོད་དོན་ནི་ཆིག་རྐྱང་བ་ཞིག་མ་ཡིན་པར་ནང་ཁོང་འཛོམས་པོ་ཅན་ཞིག་ཏུ་ཆགས་ཡོད་པས་བསམ་བློའི་རིམ་པ་དུ་མ་ཡོད་པ་ཅན་ཞིག་ཡིན་ལ།གློག་བརྙན་ལེགས་པོ་ཞིག་ནི་རྩོམ་རིག་བརྩམས་ཆོས་ལེགས་པོ་ཞིག་ཀྱང་ཡིན་ཞེས་པ་ལྟར་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་དང་པད་མ་ཚེ་བརྟན་གྱི་གློག་བརྙན་དག་གིས་ང་ཚོའི་རྩོམ་རིག་གིས་མ་ཐེག་ཅིང་མ་ནུས་པའི་འགན་འཁྲི་དག་ཕྲག་ཏུ་བཞེས་ནས།བརྗོད་དོན་མི་གཤིས་ཀྱི་ཕྱོགས་སུ་བསྲིངས་པ་དང་འཚོ་བའི་རོ་བྲོ་ཡིས་ཕྱུག་པ་སོགས་བོད་ཀྱི་རྩོམ་རིག་གི་ཞན་ཆ་ལ་ཀུན་ནས་ཡོ་བསྲང་བྱས་ཡོད་པས།ལམ་ལ་ཆས་མ་ཐག་པའི་བོད་ཀྱི་གློག་བརྙན་གྱིས་མ་གཞི་ནས་སྔོན་བསྐྱོད་དང་མི་གཤིས་ཀྱི་རང་མདངས་མངོན་ཡོད་པ་ནི་དགའ་འོས་པའི་དོན་ཞིག་ཅི་ལ་མིན།

མཆན་འགྲེལ།

① 刘再复、林岗著 «罪与文学»[M] 北京:中信出版社,2011年7月印 导言XIX

② རྫ་དཔལ་སྤྲུལ་གྱིས་མཛད། «སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག» [M] ཁྲིན་ཏུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༡༠པར་དཔར། ཤ༤༡༧-༤༡༨

③ 刘再复、林岗著 «罪与文学» [M] 北京:中信出版社,2011年7月印 导言XVI

④ 刘再复、林岗著 «罪与文学» [M] 北京:中信出版社,2011年7月印 P151

⑤  བདུད་ལྷ་རྒྱལ། སྒྱུང་གཏམ«སྡོམ་པ་སྲུང་བ»ཡི་མཚོན་བྱ་དང་མཚོན་ཐབས་ལ་དཔྱད་པ།[J] «སྦྲང་ཆར» །མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ༢༠༠༧ལོའི་ཟླ༡༢པར་དཔར།༢༠༠༧ལོའི་དེབ༤བ། ཤ༡༦༤

⑥ 刘再复 «文学常识十二讲» [M] 北京:东方出版社,2016年1月印    P33 on��� W�

བསྟོད།20

དཔྱད་མཆན་སྤེལ།