མདོ་འཛིན་པ་དང་གཞས་མ་ཚེ་རིང་ལྷ་མོའི་སྙན་མོ་ངག་གི་དབྱངས་རྟ།

6.pic_hdམདོ་འཛིན་པ་དང་གཞས་མ་ཚེ་རིང་ལྷ་མོ།

ཚེ་རིང་ལྷ་མོ། 2005ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན།2005ལོ་ནས་ད་བར་དུ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི༼གསར་འགྱུར་མེ་ལོང༽ལེ་ཚན་གྱི་སྙན་སྒྲོན་པ་དང་།བོད་སྐད༼ཀྲུང་དབྱང་གསར་འགྱུར་མཉམ་སྒྲོག༽གི་སྙན་སྒྲོན་པ།དེ་མིན་རིག་རྩལ་ལེ་ཚན་མང་པོའི་མདོ་འཛིན་གྱི་བྱ་བ་བསྒྲུབས་མྱོང་།ལོ་རེའི་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་སོགས་ཚོགས་འདུ་གལ་ཆེན་སྐོར་ཞིག་གི་གསར་འགོད་པ་དང་ཡུལ་དངོས་མདོ་འཛིན་པའི་འགན་ཁུར་མྱོང་མ་ཟད།ལོ་སར་རིག་རྩལ་སྤྲོ་ཚོགས་གཙོས་སྤྲོ་ཚོགས་ཆེ་མ་ཆུང་གསུམ་མང་པོར་མདོ་འཛིན་བྱས་མྱོང་།སྙན་སྒྲོན་དང་མདོ་འཛིན་བྱས་པའི་ལེ་ཚན་དང་སྤྲོ་ཚོགས་སྐོར་ཞིག་ལ་ཞིང་ཆེན་དང་རྒྱལ་ཡོངས་རིམ་པའི་བྱ་དགའ་ཡང་ཐོབ་མྱོང་།ཁོ་མོ་ཆུང་དུས་ནས་གླུ་གཞས་ལའང་དུངས་བ་ཤིན་ཏུ་ཟབ་པས་ཉེ་ལམ་ཕ་སྐད་ཀྱི་ལམ་ནས་བརྩམས་པའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ༼ཕ་གཞིས༽ཞེས་པ་ལེགས་འགྲུབ་བྱུང་སྟེ་ས་གནས་ཀྱི་ཚོང་ར་སོ་སོར་བཀྲམས་ཡོད།བརྙན་འཁོར་འདིའི་ནང་དུ་ཁོ་མོས་ཕ་ཡུལ་གངས་ལྗོངས་ཕྱུག་མོར་བཅངས་བའི་ལྷད་མེད་ཀྱི་བརྩེ་བ་དང་དུངས་བ་དབྱངས་སུ་གྱེར་ནས་ཕུ་ནུ་མིང་སྲིང་ཚོར་སྐྱེས་སུ་ཕུལ་ཡོད་པས།རྒྱ་ཆེ་བའི་རིགས་མཐུན་ཕུ་ནུ་མིང་སྲིང་ཚོའི་དར་ལུང་རྣ་བའི་གསོས་དང་ཁྲ་ཆུང་མིག་གི་རྒྱགས་ཕྱེ་རུ་འགྱུར་བར་སྨོན།

མདོ་འཛིན་པ་དང་གཞས་མ་ཚེ་རིང་ལྷ་མོ་ལགས་ཀྱི་གཞས་ཆེད་བཀོད།

གཞོན་པ་ཕོ་མོའི་བརྩེ་བ།
.

ཚིག ཚེ་རིང་ལྷ་མོ།
དབྱངས།དགེ་ལེགས།
གཞས་མ།ཚེ་རིང་ལྷ་མོ།


མཛེས་བའི་སྤང་ལྗོངས་སྟེང་ལ།།
རྟ་ནོར་ལུག་གིས་བརྒྱན་སོང་།།
རིགས་བཟང་ཨ་ཅེ་འབྲོག་མོས།།
སྙན་པའི་རྫི་གླུ་བླངས་སོང་།།
ནམ་མཁའི་སྤྲིན་པ་དཀར་པོས།།
སྙན་པའི་རྫི་གླུ་ཐོས་པས།།
སྟག་ཤར་གཞོན་པའི་ཕྱོགས་ལ།།
ལ་མ་ལིང་གིས་བཞུད་སོང་།།

གྲུ་བཞི་ཞིང་གི་ནང་ལ།།
འབྲུ་རིགས་སྣ་ལྔ་འཁྲུངས་སོང་།།
གཤིས་བཟང་ཨ་ཅེ་རོང་མོས།།
སྙན་པའི་གཞས་ཆུང་བཏང་སོང་།།
ནགས་ཀྱི་ཁུ་བྱུག་སྔོན་མོས།།
སྙན་པའི་གཞས་ཆུང་ཐོས་པས།།
སྟག་ཤར་གཞོན་པའི་ཕྱོགས་ལ།།
ཀྱ་ཀྱུའི་ངག་གིས་འཕུར་སོང་།།

སྨད་ཀྱི་ཁྲོམ་ཆེན་ཚོགས་ན།།
མི་ཚོགས་བརྒྱ་འདུས་སྟོང་འདུས།།
བཞིན་མཛེས་འཕྱོར་སྒེག་བུ་མོས།།
སྟག་ཤར་གཞོན་པའི་ཕྱོགས་ལ།།
ཟུར་མིག་འཁྱུག་ཙམ་འཕངས་ནས།།
མཛེས་བའི་སྐྱེད་མོའི་ཚལ་དུ།།
བུ་མོའི་བརྩེ་བ་ཟབ་མོ།།
བུ་ཆུང་སེམས་ལ་བཞག་སོང་།།
ཨ།སྟག་ཤར་ལགས།ཨ།བུ་མོ་ལགས།
ཁྱེད་གཉིས་བརྩེ་གྲོགས་བར་ལ།།
དགོས་རྒྱུ་མདུན་པ་གཅིག་ཏེ།།
མི་ཤིགས་རྡོ་རྗེའི་མདུད་པ།།
སྙིང་གི་དམ་བཅའ་ཡིན་སོང་།།


ང་ཡི་དྲན་གདུང་།

.
ཚིག ཞོའོ་པོའོ།
དབྱངས། ནོར་བུ་རིན་ཆེན།
གཞས་མ། ཚེ་རིང་ལྷ་མོ།


ང་ཡི་དྲན་གདུང་།
དཀར་ལ་གསལ་བའི་ཟླ་བ།ངའི་སེམས་ཀྱི་ཁང་ཆུང་བཀང་སོང་།
ཨ།ངའི་སེམས་ཀྱི་ཁང་ཆུང་བཀང་སོང་།
ཨ།སེམས་པ་ལག་གིས་བཏེགས་ནས་སྟེར་འདོད་རུང་།ཁྱོད་ཀྱི་སེམས་ཁུང་དུ་ནམ་ཡང་འཛུལ་ཐབས་བྲལ།
ཨ།རྨི་ལམ་ཁོ་ན་ལས་ཁྱེད་དང་ཐུག་འཕྲད་བྱེད་ཐུབ།
ལ་ལ་ལ་་་་་་

ང་ཡི་དྲན་གདུང་།
ཤག་ཤག་ལྷུང་བའི་ཆར་ཐིགས།
ངའི་ཡིད་ཀྱི་ཞིང་ས་བརླན་སོང་།
ཨ།ངའི་ཡིད་ཀྱི་ཞིང་ས་བརླན་སོང་།
སེམས་པ་ལག་གིས་བཏེགས་ནས་སྟེར་འདོད་རུང་།ཁྱོད་ཀྱི་སེམས་ཁུང་དུ་ནམ་ཡང་འཛུལ་ཐབས་བྲལ།
ཨ།རྨི་ལམ་ཁོ་ན་ལས་ཁྱེད་དང་ཐུག་འཕྲད་བྱེད་ཐུབ།
ལ་ལ་ལ་་་་་་


ལས་འཕྲོའི་སྨོན་ལམ།

.
ཚིག ཚེ་རིང་ལྷ་མོ།
དབྱངས།འཇམ་དབྱངས་བསྟན་འཛིན།
ལེན་མཁན།ཚེ་རིང་ལྷ་མོ།

རི་དེ་ཡར་ལྷ་ཤམ་པོ།།
ང་ཡི་བཙན་པོའི་མགུར་ལྷ།།
མེས་པོ་དྲན་པའི་གླུ་ཆུང་།།
རི་རྩེའི་སྤྲིན་པར་བསྐུར་ཡོད།།
རི་བོ་འགྱུར་བ་མེད་པའི།།
སྨོན་ལམ་ཡང་ཡང་བརྒྱབ་ཡོད།།


མཚོ་དེ་ཁྲི་ཤོར་རྒྱལ་མོ།།
ང་ཡི་བླ་མཚོ་སྔོན་མོ།།
མི་ཤིགས་རྡོ་རྗེའི་མཚོ་གཏེར།།
མཚོ་མོའི་གཞུང་ལ་བཏབ་ཡོད།།
མཚོ་མོར་དར་ཁ་འགྲིག་པའི།།
སྨོན་ལམ་ཡང་ཡང་བརྒྱབ་ཡོད།།


ཆུ་དེ་ཡར་ཀླུང་གཙང་པོ།།
ང་ཡི་མེས་པོའི་ཁྲག་རྒྱུན།།
མ་བཅོས་སེམས་ཀྱི་རེ་འདུན།།
གཙང་པོའི་གཞུང་ལ་སྦྲེལ་ཡོད།།
ཆུ་རྒྱུན་ཆད་པ་མེད་པའི།།
སྨོན་ལམ་ཡང་ཡང་བརྒྱབ་ཡོད།།


ཡུལ་དེ་ཡར་ལུང་གཞུང་ཁོག།
ང་ཡི་མི་རྒྱུད་མཆེད་ས།།
རིགས་གཟུགས་ལང་ཚོའི་མཆོད་པ།།
ཡར་ལུང་ཁོག་ལ་གཏོར་ཡོད།།
ཡུལ་ལ་མི་རྒྱུད་འཕེལ་བའི།།
སྨོན་ལམ་ཡང་ཡང་བརྒྱབ་ཡོད།།


གྲོང་དེ་ཉི་མ་ལྷ་ས།།
ང་ཡི་དག་པའི་ཞིང་ཁམས།།
གཞོན་པ་ང་ཚོའི་བརྩེ་བ།།
ལྷ་སའི་ཁྲོམ་ལ་འཁོར་ཡོད།།
ལྷ་ལྡན་ལས་འཕྲོ་འགྲུབ་པའི།།
སྨོན་ལམ་ཡང་ཡང་བརྒྱབ་ཡོད།།


གནས་དེ་མདོ་དབུས་ཁམས་གསུམ།།
ང་ཡི་ཕ་ས་ཕ་ཡུལ།།
གངས་ཕྲུག་གཞོན་པའི་སྐྱིད་སྡུག།
ཆོལ་གསུམ་འདི་ལ་བཅོལ་ཡོད།།
ཨ་འཛོམས་ཆ་འཛོམས་ཡོང་བའི།།
སྨོན་ལམ་ཡང་ཡང་བརྒྱབ་ཡོད།།


8.pic_hd

བསྟོད།10

དཔྱད་མཆན:

དཔྱད་མཆན 1 ཡོད། སྐུ་མགྲོན: 1 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. serjf'
    serjf'སྤེལ་དུས་ནི།  

    དེའི་དེ་དོན་དག་ཅང་མེད་ཀི ཡུམ་ཡོད་ཀི་ན~~~~~~~~~~

དཔྱད་མཆན་སྤེལ།