མཁན་སྤྲུལ་ཚུལ་བློའི་དགེ་བཅུའི་ཁྲིམས་དང་འགལ་བའི་སྐོར་གྱི་གནས་ཚུལ་རེ་འདུག

གསར་འགོད་པའི་མིང་མི་གསལ།

གསེར་རྟ་སྙི་སྟོད་ཀྱི་ཁེས་སྐོར་ཡུལ་ཚོའི་ཁོངས་གཏོགས་ཀྱི་ཚེ་ཤུལ་ཚོ་བས་ཕྱི་ལོ་༢༠༠༥ལོར་ཚུལ་ཁྲིམས་བློ་གྲོས་གདན་ཞུས་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་བཞག་རྗེས། ཚེ་ཤུལ་གྱི་བང་རྡོར་ཚང་ཟེར་བའི་བུ་ཨར་ཡ་ཟེར་བ་གཞི་སར་ཞིག་ཡིན་པ་དེས་རང་ཉིད་ཀྱི་སྒོ་ཕྱུགས་གཡག་གཅིག་ལྐོག་བཤའ་བྱས་པ་ཚེ་ཤུལ་སྡེ་དཔོན་གྱིས་ཤེས་རྟོགས་བྱུང་སྟེ། ཚུལ་བློའི་དགེ་བཅུའི་ཁྲིམས་ཟེར་བ་དེ་དང་འགལ་ཡོད་པས། ཀྲུང་སྒོར་༥༠༠༠་ཉེས་ཆད་བཅད་པར་ཨར་ཡ་ལ་སྒོར་མོ་མེད་པར་བརྟེན། མགོ་ལ་ཕུབ་པའི་སྦྲ་དང་། ཁྱིམ་གྱི་ཉལ་ཆས་སོགས་སྒོར་མོར་རྩིས་འདེབས་ཀྱིས་སྤྲད་དགོས་བྱུང་བ་དང་། དེང་སྐབས་ཚེ་ཤུལ་སྡེ་བས་སྤྱི་སྲུང་ཞབས་བརྟན་སོགས་འཚོགས་སྐབས་ཨར་ཡའི་སྦྲ་ནག་དེ་ཇ་ཁང་ལ་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།

མགོ་ལོག་གསེར་རྟ་སྙི་སྟོད་ཡུལ་ཚོའི་ཁེས་སྐོར་སྡེ་བའི་བླ་དཔོན་བཙན་པོ་རྣམས་ཀྱི་ཁྲིམས་ཡིག

ཉེ་སྔོན་ཡང་མགོ་ལོག་དབལ་ཤུལ་གསེར་རྟའི་སྙི་སྟོད་ཡུལ་ཚོའི་ཁོངས་ཀྱི་ཁེས་སྐོར་འབྲོག་སྡེའི་འབྲོག་ཁྱིམ་སྐྱོ་སེ་ཁག་གཅིག་གིས་སྒོ་ཕྱུགས་ལྐོག་བཤའ་བྱས་པར་བརྟེན་ཁྱིམ་ཚང་དེ་དག་མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་གསར་བ་དེ་ལ་འགལ་བར་བརྟེན། ཁེས་སྐོར་འབྲོག་སྡེའི་བླ་དཔོན་རྣམས་ཀྱིས་འབྲོག་ཁྲིམས་དེ་དག་ལ་ཆོས་དམ་ཚིག་གི་འབྲེལ་ལམ་གཙང་བཅད་བྱེད་ངེས་ཡིན་ཟེར་བའི་ཡིག་ཆ་ཞིག་གསེར་རྟས་ས་ཆ་གཙོས་མགོ་ལོག་ས་ཁུལ་གང་མང་ལ་འཀྲམ་འདུག་པ་འོག་གི་ཡིག་ཆ་འདི་རང་ཡིན །

༄༅། །བོད་རབ་བྱུང་བཅུ་བདུན་པའི་བསྐལ་བ་ལྕགས་ཡོས་ལོ་ཁེས་སྐོར་ཚོ་བས་བཤས་ཁྲིམས་དང་འགལ་ནས་སེར་སྒོ་བསྒྲོག་ས་ནི། ཚེ་རིང་། མགོན་པོ། ཐང་ནག་ སྟོབས་ལྡན། ལྷུ་མགོན། གནས་བརྟེན། ཚིལ་ཁྲིམས། འགུར་གྲེས། འཇིགས་པོ། སྐོ་ནེ། ཚིལ་པོ། ཆོས་པ། བསོ་ཚེ། རྣམས་ལ་བསྐལ་བ་ཆུ་མོ་སྤྲུལ་གྱི་ལོ་མ་ཚེས་ཀྱི་བར་དུ་ལོ་གཉིས་ལ་སེར་སྒོ་ཡིན། རྣམ་འགྱུར་ལགས་པོ་དང་མ་ཟད་དགེ་བཅུའི་ཁྲིམས་དང་མ་འགལ་ནས། གློ་བུར་དུ་ཤི་ཆད་བྱུང་ཚེ་གལ་སྲིད་སེར་སྒོ་ཕྱེ་དགོས་ན་ཉིན་བདུན་ལ་ལྷ་ཕྱག་ཆ་ལྔ་དང་། ཕྱིན་ཆད་མི་འགལ་བའི་མཚམས་ནས་འགན་ཁུར་གྱི་མི་སོགས་བཤགས་པ་ཚུལ་བཞིན་བྱེད་ན་སེར་སྒོ་ཕྱེ་བ་ཡིན། དེའི་བར་དུ་ཁྱེད་ཕྱོགས་བཅུའི་དགེ་འདུན་པ་རྣམས་ཀྱིས་གསོན་པོ་ལ་སྐྱབས་འཇུག་དང་། གཤིན་པོ་ལ་ལམ་འདྲེན་མི་བྱེད་པར་ཞུ། བཅའ་ཁྲིམས་འདི་ལ་དགོན་པ་སོགས་སུས་འགལ་བ་བྱེད་ན་ཚོ་བ་གཅིག་གི་དགེ་བཅུའི་ཁྲིམས་དེའི་སྟེང་ནས་འཇོག་པ་ཡིན་པས་ཐུགས་ལ་འཇགས་པར་ཞུ།

༢༠༡༡ལོའི་ཟླ་༧ཚེས་༣༠ ཁེས་སྐོར་བླ་དཔོན་སོགས་དགེ་བཅུ་དོ་དམ་ཚོགས་པ་ནས། ཞེས་འཁོད་འདུག

བསྟོད།7

དཔྱད་མཆན་སྤེལ།