སྐབས་དང་པོའི་ན་གཞོན་གསར་བའི་གླེང་སྟེགས་རེབ་གོང་དུ་ཚོགས་པ།

གསར་འགོད་པ། རྣོ་སྦྲེང་།

ཁ་བྱང༌། དེ་རིང་གི་རེབ་གོང༌།
གཏམ་བཤད་པ། བདུད་ལྷ་རྒྱལ།
ཚོགས་གནས། རེབ་གོང་གཞོན་ནུའི་གླེང་སྟེགས་ཇ་ཁང༌།
ཚོགས་ཐེངས། དང་པོ།
དུས་ཚོད། ༢༠༠༨ལོའི་ཟླ་༠༡པོའི་ཚེས་༢༦ཉིན།

བདུད་ལྷ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པའི་ཚུལ།

ཚོགས་རའི་ཟུར།
*ནང་དོན་གཙོ་བོ་ནི།
སྤྱིར་ན་རེབ་གོང་ནི་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་སྙན་པ་རྒྱས་ཡོད་ན་ཡང༌། དེ་ནི་ཁ་སང་ལ་གཏོགས་པའི་རེབ་གོང་སྟེ་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་སྟེང་ནས་ཐོབ་པའི་སྙན་པའི་ཆོ་ལོ་ཞིག་ལ་གཏོགས། འོ་ན་དེ་རིང་གི་རེབ་གོང་གིས་སྔར་བཞིན་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་པའི་ཆོ་ལོ་དེ་བདག་ཏུ་བཟུང་འདོད་ན། ད་ནི་སྲོལ་རྒྱུན་རིག་གནས་ཀྱི་སྟེང་ནས་བདག་ཏུ་བཟུང་ཐུབ་རྒྱུ་མིན་པར་དེང་རབས་རིག་གནས་ཀྱི་རྨང་གཞིའི་སྟེང་ནས་རེབ་གོང་གི་དགེ་མཚན་མངོན་དགོས་པར་བཤད།

ཟུར་ཞུ།
ངེད་ཅག་གིས་ཆེན་པོར་རློམ་པ་དག་གི་སྣ་གཉེར་གཡས་སུ་བསྐྱུར་ཞིང་མ་བརྟག་བཤད་ལ་དགའ་བ་དག་གི་ཁ་གཉེར་གཡོན་དུ་བསྐྱུར་ནས་*ན་གཞོན་གསར་བའི་གླེང་སྟེགས་*ཞེས་པ་གསར་དུ་བཙུགས་པ་ཡིན་ལ། གླེང་སྟེགས་དེ་འདྲ་ཞིག་བཙུག་པའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ཀྱི་སྟེང་ན་མཁས་པ་རློམ་པ་མང་དག་ཅིག་སྒམ་དཀྱེལ་གྱི་བསམ་བློ་དང་རིང་དུ་གྱེས་ཏེ་ཨུ་ཚུགས་དང་གུ་དོག་གི་སྤར་མོས་རང་དབང་དང་བདེན་དོན་གྱི་ཉི་འོད་འགོག་རྩིས་ཀྱི་གནད་དོན་བདོག་པ་དང༌། གཞན་བོད་པ་ཚང་གི་ན་གཞོན་ཚོས་མི་ཚུལ་རིག་པའི་གཞུང་ལམ་ནས་མྱིའི་སྙིང་སྟོབས་ལ་སྣང་དོག་མི་བྱེད་པར་ལྷ་གཤིས་སྣ་ཚོགས་ལ་ཡིད་སྨོན་འཆོར་བའི་སྡུག་ཡུས་མ་བཟོད་པས་ཡིན།
ན་གཞོན་གསར་བ་ཡོད་ས་ན། ན་གཞོན་གསར་བའི་སྙིང་སྟོབས་ཡོད་ལ། ན་གཞོན་གསར་བའི་གླེང་སྟེགས་ཀྱང་ཡོད། ན་གཞོན་གསར་བའི་ཁ་བོད་མྱིའི་སྤྱི་ཚོགས་ལ་ཕྱོགས་ཏེ་ན་གཞོན་གསར་བའི་སྐད་ཆ་བོད་མིའི་གནས་བབ་དང་ཐག་ཉེ་སར་བཤད་ཀིན་ཡོད།
ན་གཞོན་གསར་བའི་གླེང་སྟེགས་ཚོགས་ཐེངས་དང་པོ་རེབ་གོང་ནས་ཚོགས་པ་ཡིན་ལ། ཁ་བྱང་ལ་དེ་རིང་གི་རེབ་གོང་ཟེར། གདན་ཞུས་སྐུ་མགྲོན་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དགེན་བདུད་ལྷ་རྒྱལ་མཆོག་ཡིན། ཐེངས་འདིའི་ཚོགས་ཞུགས་མི་སྣ་ཀྲུང་དབྱང་མི་རིགས་སློབ་ཆེན་དང༌། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་ནས་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ་སྐོར་ཞིག་བདོག་ལ། གཞན་རེབ་གོང་གི་ས་གནས་རང་བཞིན་གྱི་སློབ་འབྲིང་གི་དགེ་རྒན་དང༌། གྲྭ་བ། རྩོམ་པ་པོ་སོགས་ལས་རིགས་སྣ་ཚོགས་ཀྱི་སྟེང་གི་ཤེས་ལྡན་མི་སྣ་གང་མང་འདུས།(ཚོགས་ཐེངས་དང་པོའི་སྟེང་གི་གཏམ་བཤད་དང་དྲི་བ་དྲིས་ལན་ཆ་ཚང་ངེད་ཅག་གི་ན་གཞོན་གསར་བ་དེབ་དང་པོའི་སྟེང་བཀོད་ཡོད)

ཞེས་ན་གཞོན་གསར་བ་རྩོམ་སྒྲིག་པས།

བསྟོད།6

དཔྱད་མཆན་སྤེལ།