མཐར་ཕྱིན་སློབ་མར་ཕུལ་བའི་གཏམ།

20130620142315-377839134ཧུའུ་ཧྲིས་མཛད།
ཨ་རིན་གྱིས་བསྒྱུར།

གཟའ་འཁོར་འདི་དག་ལ་སློབ་ཆེན་སོ་སོར་མཐར་ཕྱིན་སློབ་མའི་འཛིན་གྲྭ་ཡོད་འདུག་ཅིང་།མཐར་ཕྱིན་སློབ་མ་ཀུན་གྱིས་ཀྱང་སློབ་ཆེན་དང་ཁ་བྲལ་ཏེ་སྤྱི་ཚོགས་སྟེང་གི་དར་མའི་ལས་ཀ་གཉེར་བར་གྲ་སྒྲིག་བྱེད་ཀྱི་འདུག

སློབ་མའི་དུས་ཀྱི་འཚོ་བ་ནི་དམིགས་བསལ་གྱི་གཟིགས་སྐྱོང་ལོངས་སུ་སྤྱོད་པའི་འཚོ་བ་ཞིག་ཡིན་ལ།བྱིས་བློའི་ངང་ཚུལ་བཟུང་བ་ཡིན་ནའང་འདྲ།ཟང་ཟིང་འུར་འུར་བྱས་པ་ཡིན་ནའང་འདྲ།སྤྱི་ཚོགས་ཀྱིས་ཁོ་ཚོར་གུ་ཡངས་གཏོང་སྲིད་དེ་རང་གི་བྱ་སྤྱོད་ལ་འགན་འཁུར་དགོས་པར་ཁོ་ཚོར་དེ་འདྲའི་རེ་བ་ནན་མོ་འཛིན་གྱི་མེད།འོན་ཀྱང་ད་ལྟ་ཁོ་ཚོས་རང་གི་ཕྲག་པར་བརྟེན་ཏེ་རང་གི་འོས་འགན་རང་གིས་འཁུར་དགོས་པའི་དུས་ལ་བབས་ཡོད།རྒྱལ་ཁབ་ལ་ཉམས་ཉེན་བྱུང་བའི་ལོ་ཟླ་འདིར་ཁོ་ཚོའི་འོས་འགན་ཧ་ཅང་ལྕི་བས།ང་ཚོས་ཁོ་ཚོའི་འོས་འགན་ལེགས་འགྲུབ་བྱུང་བར་ཁ་གཡང་སྒྲོག་པ་དང་ཆབས་ཅིགམེ་ཏོག་ཆུང་རུང་ལྷ་རྫས་ཀྱི་ཚུལ་གྱིས་རང་གི་ཉམས་མྱོང་གཞི་རྩ་ཡིས་ཁོ་ཚོར་སྐད་ཆ་འགའ་བཤད་འདོད།

ཁྱོད་ཚོ་མཐར་ཕྱིན་རྗེས་སུ་འགྲོ་ཆོག་པའི་ལམ་བུ་འདི་དག་ལས་མེད་དེ།ཉུང་ཤོས་ཤིག་གིས་རྒྱལ་ཕྱི་ནང་གི་ཞིབ་འཇུག་ལས་ཁུངས་སུ་མུ་ནས་རིག་གཞུང་ཞིབ་འཇུག་གི་ལས་ཀ་གཉེར་ཆོག་ལ་རང་དང་འགབ་པའི་ལས་རིགས་གཉེར་ཡང་ཆོགདེ་མིན་དཔོན་སར་འདུག་པ་དང་ཚོགས་པ་འཛུགས་པ།གསར་བརྗེ་བྱེད་པའི་ལམ་འདི་གསུམ་ལས་ད་དུང་ཡོད་ན་ཡུལ་ནས་སྐྱིད་པོ་གཏོང་བའམ་ལས་ཤོར་ཡུལ་འདུག་གི་ལམ་དེ་རེད།

དེ་ལས་ལམ་ཕྱི་མ་འདེམས་མཁན་དག་ངན་རུལ་དུ་མི་འགྱུར་བའི་ངེས་པ་མེད་པས།ལར་དེ་ལ་རྒྱུ་རྐྱེན་དུ་མ་ཡོད་ཀྱང་མདོར་དྲིལ་ན་རིགས་གཉིས་ཏེ། རིགས་དང་པོ་ནི་སློབ་མའི་དུས་ཀྱི་ཤེས་འདོད་འཚོལ་འདོད་ཀྱི་སྙིང་སྟོབས་མེད་པར་ཆགས་སླ་བ་དེ་རེད། ཁྱོད་ཚོ་དངོས་ཡོད་སྤྱི་ཚོགས་སུ་སླེབས་རྗེས་སྦྱངས་པའི་ཤེས་བྱར་རིན་ཐང་མེད་པ་མིན་ཏེ།རང་གིས་སྦྱངས་པའི་ཤེས་བྱ་ཁྱོན་ནས་བཀོལ་ཡུལ་མེད་པར་འགྱུར་ངེས་ཤིང་།ཡང་ན་ཤེས་བྱ་རྩ་ནས་མཁོ་མེད་དུ་གཡུགས་ནའང་སྔར་བཞིན་རང་ཁ་རང་གསོ་བྱེད་ནུས་པ་དེ་རེད།འདི་འདྲའི་ཁོར་ཡུག་ཏུ་ཤེས་འདོད་འཚོལ་འདོད་ཀྱིས་ཕྱུག་པའི་མི་ཚོའི་སེམས་ཀྱང་འཁྱགས་སུ་སྦྱར་སྲིད་པས་སྙིང་སྟོབས་དེ་ལྟ་བུ་རིམ་གྱིས་མེད་པར་ཆགས་འགྲོ།དེའི་ཐོག་རིག་གཞུང་གི་ལས་ཀ་གཉེར་བ་ཡིན་ན་དཔེ་ཆ་དང་ཚོད་ལྟ་ཁང་།དགེ་གྲོགས་ཕན་ཚུན་བར་གྱི་བསམ་བློ་བརྗེ་རེས་སོགས་ཀྱི་མཐུན་རྐྱེན་ངེས་པར་དུ་ཚང་དགོས་པ་ལས་བར་སྐབས་ཙམ་གྱི་བརྩོན་པ་དང་རང་ཁ་རང་གསོ་ཙམ་ནུས་པའི་མི་ཞིག་གིས་ལས་སླ་མོས་རིག་གཞུང་གཉེར་ཐུབ་པ་མིན།རིག་གཞུང་བགྲོ་གླེང་མེད་པའི་ཁོར་ཡུག་ཏུ་ང་ཚོས་རིག་གཞུང་བསྐྱུར་ནའང་སུ་ཞིག་གིས་ང་ཚོར་ལེ་བདའ་བྱེད་དམ།

རིགས་གཉིས་པ་ནི་སློབ་མའི་དུས་ནས་བསྙེགས་པའི་མི་ཚེའི་བརྩོན་ལེན་མེད་པར་ཆགས་པ་དེ་རེད།ན་གཞོན་ཚོ་སྙིང་རྗེ་མེད་པའི་སྤྱི་ཚོགས་སུ་ཐོག་མར་ཞུགས་དུས་རང་ཉིད་ཀྱི་ཕུགས་བསམ་དང་དངོས་ཡོད་གཉིས་བར་ཐག་རིང་བའི་ཚོར་བ་འབྱུང་སླ་ཞིང་ཡིད་ཆད་དང་སྐྱོ་སྣང་ཀྱང་འབྱུང་སླ་བས།ལོ་མང་པོར་བསྙེགས་པའི་མི་ཚེའི་ཕུགས་བསམ་དང་བཅོས་བསྒྱུར་གྱི་བསམ་བློ།བརྩོན་ལེན་གྱི་སྙིང་སྟོབས་སོགས་མཚམས་འདིར་རིན་ཐང་མེད་པར་བཏང་འགྲོ།ཉམས་ཆུང་བའི་སྒེར་མི་རེ་རེ་སྤྱི་ཚོགས་ཀྱི་འཇིངས་སུ་ཞུགས་པ་ནི་མེ་ཤུགས་དྲགས་པའི་ཟངས་ཆེན་དུ་དུས་ཡུན་རིང་བའི་བཙོ་སྦྱངས་མི་ནུས་པར་ཞུ་འགྲོ་བའི་ལྕགས་རིགས་ལྟ་བུ་སྟེ།རླབས་ཆེ་བའི་ཕུགས་བསམ་དེ་ཡང་མི་འགོར་བར་ཁྱོན་ནས་རྨེག་མེད་དུ་གཏོང་སྲིད།སྤྱི་ཚོགས་བཅོས་བསྒྱུར་གྱི་རྨི་ལམ་སྦྲུམ་ཏེ་ཡོང་ནའང་ཁྲབ་དོར་མཚོན་བསྐྱུར་གྱིས་ཕྱིར་བཤོལ་བྱེད་པའམ་ཡང་ན་ཕ་རོལ་པའི་བཟུང་དམག་ཏུ་མི་འགྱུར་བའི་ངེས་པ་མེད་ལ།ཁྱོད་རང་བཙོན་དུང་དུ་བཅུག་ཏེ་གཞོན་ནུའི་སྐབས་ཀྱི་ཕུགས་བསམ་མང་པོར་ཕྱིར་དྲན་བྱེད་དུས།ཕལ་ཆེར་རང་ཉིད་ནོར་ཏེ་གོལ་ལམ་དུ་ཞུགས་སོང་སྙམ་མོ།།དེ་ནས་བཟུང་ཁྱོད་ཀྱིས་བློ་འགྱོད་མེད་པར་མི་ཚེའི་ཕུགས་བསམ་གྱི་བརྩོན་ལེན་བློས་བཏང་ཏེ་གཡང་མོ་ལུག་ལྟ་བུའི་སྤྱི་ཚོགས་ཀྱི་འབངས་མི་བཅའ་བར་བྱེད།གལ་ཏེ་གོང་སྨྲས་རིགས་འདི་གཉིས་ལྟ་བུའི་ངན་རུལ་འགོག་དགོས་ན།གཅིག་ནས་ང་ཚོས་ཤེས་རིག་འཚོལ་བའི་འདོད་པ་རྒྱུན་འཁྱོངས་དང་གཉིས་ནས་ང་ཚོས་མི་ཚེའི་ཕུགས་བསམ་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་བྱ་དགོས་སོ།།

དེས་ན་ཐབས་ལམ་ལེགས་པོ་གང་ཞིག་ཡོད་ཅེ་ན།ངས་རང་གི་ལྟ་རྟོག་དང་ཉམས་མྱོང་ལས་གཤམ་གྱི་ཐབས་འདི་གསུམ་ཚོད་ལྟ་ཞིག་བྱས་ཀྱང་མི་ཆོག་པ་མེད་སྙམ།

ཐབས་དང་པོར་སྐད་ཆ་འདི་མ་གཏོགས་མེད་དེ།  ནམ་ཡིན་ཡང་ཞིབ་འཇུག་གི་རིན་ཐང་བདོག་པའི་གནད་དོན་རེ་གཉིས་འཚོལ་དགོས་པར་སེམས།གནད་དོན་ནི་ཤེས་རིག་འཚོལ་བའི་མེས་པོ་སྟེ།གནའ་ནས་ད་བར་ཤེས་རིག་གི་བྱུང་བ་དང་གསོག་ཉར་ནི་གནད་དོན་ལས་བཀོལ་སྤྱོད་ཐད་ཀྱི་དཀའ་གནད་དང་གཞུང་ལུགས་སྟེང་གི་དོགས་གནས་ལ་གསེད་བཀྲོལ་བྱས་པ་ལས་གྲུབ་པ་ཡིན།ཇི་སྐད་དུ།ཤེས་རིག་གི་ཆེད་དུ་ཤེས་རིག་འཚོལ་བ་ཡིན་ཟེར་བ་ནི་དོན་དམ་པར་མཚར་སྣང་གིས་གནད་དོན་ག་གེ་མོར་གསེད་བཀྲོལ་བྱེད་པར་བརྩོན་ལེན་བྱས་པ་ཞིག་ཡིན།

ང་ཚོ་སློབ་གྲྭ་དང་བྲལ་བ་ནི་རིག་གཞུང་གཉེར་བའི་ཁོར་ཡུག་དང་ཁ་བྲལ་བ་རེད།གལ་ཏེ་གསེད་བཀྲོལ་གྱི་རིན་ཐང་བདོག་པའི་གནད་དོན་རེ་གཉིས་སེམས་སུ་མེད་ཚེ་ཤེས་རིག་འཚོལ་འདོད་ཀྱི་སྤྲོ་བ་ཁྱོན་ནས་མེད་པར་འགྱུར་སྲིད།འོན་ཀྱང་རང་ཉིད་སྤྲོ་བ་ཡོད་པའི་གནད་དོན་ཞིག་གིས་ཁྱོད་རང་ནམ་རྒྱུན་བྲེད་ཤ་ལངས་སུ་འཇུག་ཅིང་དེ་ཐག་གཅོད་པར་ངར་སློང་བའི་དུས་ནི།བུ་མོ་ཞིག་ལ་དགའ་ནས་སེམས་སུ་བྲེལ་འཚུབ་བྱུང་བ་དང་འདྲ་སྟེ།བསྡད་ན་འདུག་བཟོད་མེད་ལ་གཉིད་ན་གཉིད་ཀྱང་མི་བྲོ་བ།དུས་ཚོད་མེད་མོད་བུ་མོ་དེར་འགྲོགས་རོགས་བྱེད་པའམ་དངུལ་སྒོར་གྲོན་ཆུང་གིས་བུ་མོ་དེར་ལེགས་སྐྱེས་ཉོ་བ་ལྟ་བུ་དང་།རང་ལ་དཔེ་ཆ་མེད་ཚེ་རང་ཁྱིམ་གྱི་ཅ་ལག་བཙོང་ནས་དཔེ་ཆ་ཉོ་བའམ་ཚོད་ལྟའི་སྒྲིག་ཆས་དབེན་ན་གོན་པ་གཏའ་མར་བཞག་ཏེ་སྒྲིག་ཆས་ཉོ་བ་ལྟ་བུ།ཡང་ན་དགེ་གྲོགས་མ་རྙེད་ཚེ་ལམ་ཐག་རིང་པོ་བརྒྱུད་དེ་དགེ་གྲོགས་འཚོལ་བ་ལྟ་བུ་རེད།དེ་བས་དཀའ་གནད་དང་དོགས་གནས་ཡོད་པའི་གནད་དོན་དེས་ཁྱོད་ཀྱི་ཀླད་པ་བཙན་གྱིས་བེད་སྤྱོད་གཏོང་དུ་འཇུག་དུས་རང་འགུལ་གྱིས་ཤེས་རིག་འཚོལ་འདོད་ཀྱི་སྤྲོ་བ་དེ་མུར་ལྷུར་ལེན་པ་སྟེ།དོན་གྱིས་དབེན་པའི་ཤེས་བྱ་ཡིན་ནའང་དེའི་ཁྲོད་ནས་རིམ་གྱིས་རང་ལ་དབང་བའི་དཔེ་ཁང་ཆུང་ཆུང་ཅིག་གམ་ཡང་ན་ཚོད་ལྟ་ཁང་ཆུང་ཆུང་ཅིག་བསྐྲུན་ངེས།དེར་བརྟེན་ངས་བཤད་འདོད་པ་ནི་ཐོག་མར་གནད་དོན་འཚོལ་དགོས་པ་དེ་རེད་ལ།རིན་ཐང་བདོག་པའི་གནད་དོན་རེ་གཉིས་སེམས་སུ་མེད་ཚེ་ཁྱོད་ཀྱི་ཤེས་རིག་གི་འཚོ་བའི་ཚེ་ཚད་རྫོགས་པའི་དུས་ཡིན་ཏེ།གནའ་མིའི་བཤད་རྒྱུན་དུ།མི་སེར་གྱིས་ཀྲིག་ལྦན་ལྦང་ལྟ་བུའི་མཁྱེན་དཔྱོད་ཀྱི་རྒྱལ་པོ་བྱོན་ཅིང་བསྐལ་བ་བཟང་པོ་བྱུང་བར་རེ་ལ།སྐྱེས་བུ་དམ་པོས་ནི་རང་ཉིད་དངོས་ནས་བརྩོན་ལེན་གྱིས་བསྐལ་བ་བཟང་པོ་བྱུང་བར་རེ་ཟེར།ཀ་ལི་ལེའོ་དང་ཉི་ཏོན་གཉིས་ཀྱིས་དཔེ་ཆ་དང་སྒྲིག་ཆས་ག་ཚོད་ཉར་ཚགས་བྱས་ཡོད་པར་ཚོད་དཔག་ཅིག་བགྱིས་དང་།གཙོ་བོ་ཁོ་ཚོའི་སེམས་སུ་གནད་དོན་མང་པོ་གསོག་ཡོད་པ་ཙམ་རེད་ལ།གནད་དོན་རྙེད་ཚེ་ཁོ་ཚོས་ད་གཟོད་རང་འགུལ་གྱིས་སྒྲིག་ཆས་གསར་བཟོ་ཡིས་རང་གི་གནད་དོན་ཐག་བཅད་སོང་བ་རེད།གནད་དོན་འཚོལ་ལ་མི་དགའ་བའི་མི་རྣམས་ནི་དཔེ་མཛོད་ཁང་དུ་མཆིས་ཀྱང་དཔེ་ཆར་བལྟ་མི་ཤེས་ཤིང་།ཚོད་ལྟའི་ཁང་དུ་བཅུག་ཀྱང་ཅི་ཡང་གསར་རྙེད་བྱེད་མི་ནུས་སོ།།

ཐབས་ལམ་གཉིས་པར་ཡང་སྐད་ཆ་འདི་མ་གཏོགས་མེད་དེ་རང་གི་ལས་རིགས་ལས་གཞན་པའི་ལས་རིགས་ལའང་གཞོལ་བ་དེའོ།།སློབ་གྲྭ་དང་བྲལ་རྗེས་རང་གི་འཚོ་ཚིས་སྒྲུབ་བྱེད་ཀྱི་ལས་རིགས་ཤིག་མཁོ་བ་ཡིན་མོད།ལས་རིགས་དེ་སློབ་གྲྭར་སྦྱངས་པའི་ཆེད་ལས་དང་ཐོད་ཐུགས་པའི་ངེས་པ་མེད་ལ་རང་ཉིད་དགའ་བའི་ལས་རིགས་དེ་ཡིན་པའི་ངེས་པའང་མེད།ཡང་ན་རང་ཉིད་ཀྱིས་སྦྱངས་པ་དེ་དང་རང་གཤིས་གཉིས་བར་ཧེ་བག་ཡོད་ཀྱང་སྲིད་པས།འདི་ལྟ་བུའི་གནས་ཚུལ་འོག་བྱ་བ་ནི་ཆེས་སྡུག་ལས་ཤིག་ཏུ་འགྱུར་ལ་བྱ་བ་བསྒྲུབ་པའི་སྤྲོ་བའང་མེད་ཅིང་།རང་ཁ་གསོ་བའི་ཕྱིར་དུ་“རང་ཉིད་སྤྲོ་བ་ཡོད་ཁར་བསྒྲུབ་ནུས་པའི་”བྱ་བ་ཞིག་མིན་ཚེ་ཤེས་འདོད་འཚོལ་འདོད་ཀྱི་འཚོ་བའི་ཕུགས་བསམ་དེ་ཡང་རྒྱུན་འཁྱོངས་དཀའ་བར་འདུགདེ་བས་ཐབས་ལེགས་ཤོས་ཤིག་ཡོད་པ་ནི་རང་གི་ཆེད་ལས་ལས་གཞན་རང་ཉིད་སྤྲོ་བ་ཡོད་པའི་བྱེད་སྒོ་དང་ལས་རིགས་ཤིག་ལ་འཇུས་དགོས་པའོ།།

མི་ཞིག་ལ་རང་གི་ལས་རིགས་ལས་གཞན་ཆེད་ལས་མ་ཡིན་པའི་ལས་རིགས་ཤིག་ཡོད་དགོས་ཏེ།འདི་ལ་ལས་ཞོར་བྱེད་སྒོ་ཞེས་ཀྱང་བྱ།ཏག་ཏག་ལས་ཞོར་བྱེད་སྒོ་འདི་རང་གི་ཆེད་ལས་ལས་ཀྱང་གལ་ཆེ་བ་ཞིག་ཡིན།རྒྱུ་མཚན་མི་ཞིག་གི་གྲུབ་འབྲས་ག་འདྲ་ཡིན་པ་དེ་ཁོས་ལས་ཞོར་དུས་ཚོད་ཇི་ལྟར་བེད་སྤྱོད་པ་ལས་ཤེས་པས་ཡིན་ཏེ།ཁོས་ལས་ཞོར་དུས་ཚོད་བེད་སྤྱད་དེ་ཤོ་བརྒྱབ་པར་ཁོ་རང་ཤོ་རྒྱགས་མཁན་ཞིག་ཏུ་འགྱུར་བ་དང་།ཁོས་ལས་ཞོར་དུས་ཚོད་བེད་སྤྱད་དེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དུས་ཁོ་རང་སྤྱི་ཚོགས་བཅོས་བསྒྱུར་མཁན་ཞིག་ཏུ་འགྱུར་བའམ།ཡང་ན་ལས་ཞོར་དུས་ཚོད་བེད་སྤྱད་དེ་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཚེ་ཁོ་རང་ལོ་རྒྱུས་སྨྲ་བ་པོ་ཞིག་ཏུ་འགྱུར་ཡང་ངེས།དེ་བས་ལས་ཞོར་དུས་ཚོད་ཀྱིས་ཁྱོད་ཀྱི་མི་ཚེ་གཏན་ལ་འབེབས་ཀྱི་ཡོད།དུས་རབས་བཅུ་དགུ་བའི་དབྱིན་ཇིའི་མཚན་ཉིད་རིག་པ་གཉིས་ཀྱིས་ཚེ་གང་བོར་ཤར་ཧིན་རྡུའི་ཀུང་ཟིའི་དྲུང་ཡིག་ཆེན་མོའི་ལས་ཀ་གཉེར་ཅིང་།ལས་ཞོར་དུས་ཚོད་བེད་སྤྱད་པ་ལས་མཚན་ཉིད་རིག་པ་དང་དཔལ་འབྱོར་རིག་པ།ཆབ་སྲིད་བསམ་བློ་ལོ་རྒྱུས་སོགས་ཀྱི་སྟེང་ཁོ་གཉིས་ཀྱིས་གོ་གནས་གལ་ཆེན་བཟུང་ཡོད།དེ་ལས་སི་པན་སིད་ནི་ཚད་ལེན་ཨར་ལས་བཟོ་བཀོད་པ་ཞིག་ཡིན་ལ་ཁོས་ལས་ཞོར་དུས་ཚོད་བེད་སྤྱོད་བྱས་པར་དུས་རབས་སྔོན་མའི་མཇུག་གི་འཛམ་གླིང་ཁྱོན་གྱི་བསམ་བློ་བ་གྲགས་ཅན་ཞིག་ཏུ་གྱུར་བ་རེད།གནའ་ནས་ད་བར་མཁས་པ་གང་ཞིག་ཡིན་ཡང་རང་གི་ལས་ཞོར་དུས་ཚོད་བེད་མ་སྤྱད་པ་གཅིག་ཀྱང་མེད།ཆེད་ལས་རང་གི་གཤིས་ཀ་དང་བསྟུན་ཁེག་པོ་ཡོད་ལ་ང་ཚོས་རང་གི་འཚོ་བ་དེ་སྡུག་བསྔལ་ཅན་དང་ངན་རུལ་ཅན་དུ་མི་འགྱུར་བའི་ཕྱིར་དུ་ཕྱོགས་སྣེ་མང་ལ་འཇུག་དགོས།

འདི་ལྟ་བུའི་ལས་རིགས་གཞན་ཞིག་གཉེར་བྱར་མཆིས་ན་ཁྱོད་ཀྱིས་ཙོག་ཙེ་ཆུ་ཚོད་དྲུག་ཙམ་ལ་ཕྱིས་ཀྱང་སུན་སྣང་མེད།རྒྱུ་མཚན་ཁྱོད་ཀྱིས་ཤེས་ཏེ་ཆུ་ཚོད་དྲུག་ལ་ཙོག་ཙེ་ཕྱིས་རྗེས་ཁྱོད་ཉིད་རང་ཁྱིམ་དུ་ལོག་ནས་རྫས་འགྱུར་ཚོད་ལྟ་བྱེད་པའམ་བརྩམས་སྒྲུང་ཟློས་གར་འབྲི་བ།ཡང་ན་མུ་ནས་རིག་དངོས་རྟོག་དཔྱོད་གནང་བའམ་སྤྱི་ཚོགས་བཅོས་བསྒྱུར་གྱི་བྱ་བཞག་སྒྲུབ་ཆོག་པས་རེད།ཁྱོད་ལ་འདི་ལྟ་བུའི་སེམས་ཁམས་དང་མཐུན་པའི་ཞོར་ལས་ཡོད་ན་ད་གཟོད་འཚོ་བ་ཆིག་རྐྱང་དང་བསམ་བློ་སྟོང་བ་མིན་ནོ།།
ཐབས་གསུམ་པར་ཡང་སྐད་ཆ་ ཚིག་གཅིག་མ་གཏོགས་མེད་དེ།རང་ལ་རང་རྟོན་ཅུང་ཙམ་ཡོད་དགོས་པ་དེ་རེད།ང་ཚོ་གནས་ བབ་ཞན་པའི་དུས་རབས་སུ་སྐྱེས་པས་མིག་གི་མཐོང་ཚད་དང་རྣ་བའི་ཐོས་ཚད་གང་གིས་མི་ སེམས་སྐྱོ་རུ་མི་འཇུག་གམ།སྒོས་སུ་ལོ་འདི་གར་མཐར་ཕྱིན་པའི་ཁྱོད་ཚོས་རང་གི་ རྒྱལ་ཁབ་དང་མི་རིགས་འདི་འདྲའི་ཉམ་ཐག་གི་གནས་སུ་ལྷུང་ཅིང་འཛམ་གླིང་ནི་རྒྱལ་ ཁབ་སྟོབས་ལྡན་ཚོས་ཁ་ལོ་བསྒྱུར་བཞིན་ཡོད་པ་མཐོང་དུས།མཐའ་ཡས་པའི་མཁའ་དབྱིངས་ སུ་ཅི་ལྟར་ཅེར་མོད་རེ་བའི་འོད་ཟེར་ཕྲ་མོ་ཙམ་ཡང་མཐོང་མ་བྱུང་བས།ཇི་ལྟར་ནང་ སེམས་ལྷོད་ལ་འབབ་པ་དང་ཕུགས་བསམ་ལ་ཡིད་ཆེས་མུ་ནས་བྱེད་དམ་སྙམ་ངེས།རེད་མོད་ ངས་བཤད་འདོད་པ་ནི།ཏག་ཏག་དུས་བབས་འདི་འདྲར་ང་ཚོས་རང་ལ་རྟོན་པའི་ཡིད་ཆེས་ང་ ཚོ་རང་གིས་སྐྱོང་དགོས་ཤིང་རང་ལ་ཡིད་ཆེས་ཡོད་ན་ད་གཟོད་ང་ཚོར་རེ་བ་ཡོད་ཅེས་པ་ དེ་ཡིན།

གནའ་མིས་བཤད་ན།རང་རྟོན་ཡོད་ཚེ་ལྷུན་པོ་སྤར་ནུས་ཞེས་དང་བརྩོན་འགྲུས་ཡོད་ན་ ལྕགས་དབྱུག་བརྡར་ཏེ་ཁབ་དུ་གཏོང་ཐུབ་ཟེར།ཁྱོད་རང་ཡིད་མི་ཆེས་སམ།སྔོན་ཆད་ནྰ་ ཕོ་ལུན་གྱི་དམག་གིས་ཕོའུ་ལོ་ཧྲིར་ཕར་རྒོལ་གྱིས་ཕའོ་ལུན་བཙན་བཟུང་བྱེད་རིང་། མིང་ལ་ཧྥེ་ཞི་ཐི་ཞེས་པའི་དགེ་རྒན་ཆེན་མོ་ཞིག་གིས་སློབ་ཁྲིད་སྟེང་རྒྱུན་དུ་ རྒྱལ་དམངས་ལ་རང་རྟོན་ཡོད་དགོས་ཚུལ་དང་ཁོ་ཚོའི་མི་རིགས་ནི་འཛམ་གླིང་ཁྱོན་ མའི་བླ་མེད་ཀྱི་འགན་འཁྲི་གཞོལ་ཡོད་པའི་མི་རིགས་ཤིག་ཡིན་པར་ཡིད་ཆེས་བྱེད་ དགོས་ཤིང་།མཐར་ཐུག་མི་རིགས་འདི་ཡང་བསྐྱར་ཡར་ལངས་བྱེད་སྲིད་པར་གླེང་།ཧྥེ་ཞི་ ཐི་སྐུ་གཤེགས་དུས་ནམ་ཞིག་ལ་འཇར་མན་བཙན་རྒྱལ་གཅིག་གྱུར་བྱེད་པར་སུའི་སེམས་ སུའང་ཤར་མ་མྱོང་ཅིང་།ལོ་ལྔ་བཅུ་ཡང་མ་འགོར་བའི་ཡར་སྔོན་གཅིག་གྱུར་གྱི་འཇར་ མན་རྒྱལ་ཁབ་ཅིག་དངོས་སུ་མངོན་དུ་གྱུར།

རྒྱལ་ཁབ་ཅིག་གི་འབྱོར་བའི་བཟང་ངན་དང་དར་རྒུད་དེ་སྟེས་དབང་ཅིག་གཏན་ནས་མིན་ ཏེ་དེ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ལས་འདའ་ཐུབ་མེད་པས།ད་ལྟ་ང་ཚོས་མྱང་བའི་ སྡུག་བསྔལ་དང་ངོ་ཚ་འདི་འདས་པའི་སྔོན་ལ་བསགས་པའི་སྡུག་པའི་ལས་ཀྱི་འབྲས་བུ་ ངན་པ་དེ་རེད།ང་ཚོས་མ་འོངས་པར་དགེ་བའི་འབྲས་བུ་སྨིན་དུ་འཇུག་དགོས་ན་དུས་ད་ ལྟ་ནས་ས་བོན་ལེགས་པོ་ཞིག་འདེབས་པར་བརྩོན་པ་གནང་དགོས་ཏེ།འབྲུ་མཛོད་བཀང་རེག་ ཏུ་སོན་རྡོག་གཅིག་རེ་གཅིག་རེ་འདེབས་དགོས།འདི་ནི་ད་ལྟ་ང་ཚོར་ངེས་པར་དུ་མཁོ་ བའི་རང་རྟོན་དེ་ཡིན་པས་སོ།།དེ་རིང་གི་ཕམ་ཁ་ནི་འདས་སོང་གི་ལེ་ལོར་ཐུག་པར་ང་ ཚོར་ཡིད་ཆེས་དགོས་ཤིང་།དེ་རིང་གི་བརྩོན་པ་ནི་མ་འོངས་པའི་འབྲས་བུ་ཡིན་པར་ཡང་ ང་ཚོ་ཡིད་ཆེས་དགོས།

ནང་བའི་གཞུང་དུ་རྒྱུ་ཅི་བསགས་ཀྱང་འབྲས་བུ་ཆུད་ཟས་སུ་མི་འགྲོ་བའི་སྐད་ཆ་ཞིག་ ཡོད་པ་བཞིན་ང་ཚོས་བརྩོན་པ་བྱས་པའི་རྒྱུ་ལ་འབྲས་བུ་ནི་ནམ་ཡང་སྟོང་ཟད་དུ་ འགྲོ་བ་མ་རེད།དེ་བས་ང་ཚོས་མ་མཐོང་བ་དང་མ་དྲན་པའམ།ཡང་ན་ཁ་ཕྱོགས་མ་རྙེད་པའི་ དུས་སུ།ཁྱོད་ཀྱིས་ལྟོས་དང་ཁྱོད་ཀྱིས་བཏབ་པའི་ས་བོན་ལ་སྔར་ནས་རྩ་བ་རྒྱས་ཤིང་ ལོ་མ་འབུས་ཏེ་འབྲས་བུ་ཐོགས་འདུག་ཨང་།ཁྱོད་རང་ཡིད་མི་ཆེས་སམ།ཧྥ་རན་སེ་རྒྱལ་ ཁབ་དེ་ཕོའུ་ལོ་ཧྲིས་ཕམ་པར་བརྒྱབ་རྗེས་ཞིང་ཆེན་གཉིས་སུ་བཅད་དེ་ཧྥ་ལང་ཁྲི་ལྔ་ བཅུའི་གྱོང་གུན་ཚབ་དུ་བཅུག་ཅིང་།དུས་དེར་ལས་ལ་བརྩོན་པའི་ཚན་རིག་པ་རྦ་སི་ རྡུ་ཡིས་རང་གི་རྫས་འགྱུར་ཚོད་ལྟ་ཁང་དུ་སྔར་བཞིན་རྫས་འགྱུར་ཚོད་ལྟ་དང་ཕྲ་ རྒྱུ་ཚོད་ལྟ་བྱེད་མུས་མཆིས་ལ།ཁོ་ནི་རང་གི་རྒྱལ་ཁབ་ལ་ཤིན་ཏུ་དགའ་བས་ཚན་རིག་ གིས་རྒྱལ་ཁབ་སྐྱོབ་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་དེ།ཁོས་མི་ཚེ་གང་བོར་ཞིབ་ འཇུག་བྱས་མཐར་ཚན་རིག་གི་གནད་དོན་གསུམ་བདེན་དཔང་བྱས་པ་སྟེ།གཅིག་ནི་བསྐྱུར་ ལངས་པ་དེ་ཕྲ་རྒྱུའི་སྐྱེས་འཕེལ་ལས་བྱུང་བའི་བདེན་དཔང་རྙེད་པ་དང་།གཉིས་ནི་ སྐྱེས་དངོས་ལུས་ཕུང་ཁྲོད་ཀྱི་ཕྲ་རྒྱུ་སྐྱེས་འཕེལ་ལས་འགོས་ནད་གྲུབ་པའི་བདེན་ དཔང་རྙེད་པ།གསུམ་ནི་འགོས་ནད་གྲུབ་བྱེད་ཀྱི་ཕྲ་རྒྱུ་དེ་དམིགས་བསལ་གྱི་གསོ་ སྐྱོང་འོག་དུག་གི་བྱེད་ནུས་ཆུང་དུ་བཏང་རྗེས་འགོག་སྨན་བྱེད་ཆོག་པའི་བདེན་ དཔང་རྙེད་པ་རེད།

གནད་དོན་འདི་གསུམ་ཕྱི་ངོས་ནས་རྒྱལ་སྐྱོབ་བྱ་བཞག་དང་འབྲེལ་བ་ཆེར་མེད་པ་འདྲ་ མོད།འོན་ཀྱང་གནད་དོན་དང་པོ་དེས་སྐྱུར་ཆུ་དང་ཆང་བསྙལ་བའི་ཐབས་ལམ་གསར་བ་ཕྱེས་ པས་རྒྱལ་ཡོངས་ཀྱི་ཆང་དང་སྐྱུར་འཚོང་ལས་རིགས་ཀྱི་གྱོང་གུད་ཇེ་དམའ་རུ་བཏང་ བའི་བདེན་དཔང་བྱས་ཤིང་།གནད་དོན་གཉིས་པ་དེས་དར་གོས་ལས་རིགས་དང་ཕྱུགས་ལས་སུ་ ནད་འགོག་བྱེད་ཐབས་གསར་བ་བཏོན་ལ་འཛམ་གླིང་གི་གཤེགས་བཅོས་ལས་རིགས་སུ་དུག་སེལ་ གྱི་བྱེད་ཐབས་བཏོན་པས་ནད་པའི་ཤི་ཚད་ཇེ་དམའ་རུ་བཏང་བའི་བདེན་དཔང་བྱས་པ་དང་། གནད་དོན་གསུམ་པ་དེས་ཕྱུགས་ཀྱི་མཚེར་བའི་གཉན་ཚད་བཅོས་པའི་འགོག་སྨན་གསར་ཏུ་ བཏོན་པ་ལས་ལོ་རེར་ཧྥ་རན་སེའི་རོང་པར་ཧྥ་ལང་ཁྲི་སྟོང་གཉིས་ཀྱི་གྱོང་གུན་ ཐེབས་ཚད་མེད་པར་བཟོས་ཤིང་།ཁྱི་སྨྱོན་གྱིས་རྨུགས་པའི་ནད་དུག་བཅོས་ཐབས་གསར་ རྙེད་ཀྱིས་མི་ཁྲི་སྟོང་མང་པོ་སྲོག་ཉེན་ལས་ཐར་བར་བྱས་པའི་བདེན་དཔང་གནང་ཡོད་ པ་རེད།དེའི་ཕྱིར་དབྱིན་ཇིའི་ཚན་རིག་པ་ཧི་ཞོའུ་ལེ་ཡིས་རྦ་སི་རྡུའི་བྱས་རྗེས་ ལ་བསྟོད་བསྔགས་བྱེད་དོན།“ཧྥ་རན་སེས་འཇར་མན་ལ་ཧྥ་ལང་ཁྲི་ལྔ་བཅུའི་སྐྱིན་ཚབ་ འཇལ་དགོས་ཀྱང་།སྐུ་ཞབས་རྦ་སི་རྡུའི་ཁོ་ནའི་ཚན་རིག་གི་གྲུབ་འབྲས་ཀྱིས་སྐྱིན་ ཚབ་འཇལ་ནུས་”ཟེར།རྦ་སི་རྡུ་ཡིས་ཚན་རིག་ལ་ཡིད་ཆེས་བརྟན་པོ་བཅིངས་ཡོད་པས་རང་ གི་རྒྱལ་ཁབ་ཆེས་དཀའ་སྡུག་གིས་གནས་སྒང་ཡང་ཁོས་སྔར་མུས་བཞིན་རང་གི་ཕྲ་མཐོང་ ཆེ་ཤེལ་དང་ཚོད་ལྟ་ཁང་ལོགས་སུ་གཡུགས་ཡོད་པ་མ་རེད།དེ་བཞིན་ཁོས་ཀྱང་ཕྲ་མཐོང་ ཆེ་ཤེལ་གྱི་འོག་ནས་ཧྥ་ལང་ཁྲི་ལྔ་བཅུའི་སྐྱིན་ཚབ་འཇལ་ནུས་པའང་སེམས་སུ་དྲན་ མེད་མོད།ཏག་ཏག་ཁོས་མ་མཐོང་བའམ་དྲན་མེད་པའི་སྐབས་སུ་ཚན་རིག་གིས་རྒྱལ་ཁབ་ བསྐྱབས་པའི་བྱས་རྗེས་ངོ་མཚར་ཅན་བཞག་པ་རེད།

གྲོགས་པོ་ཚོ།ཁྱོད་རང་ཆེས་ཡི་མུག་ཅིང་སེམས་སྐྱོ་བའི་དུས་ལ་ཁྱོད་ཀྱིས་ངེས་པར་ དུ་རང་སེམས་ལ་ལྕག་གིས་སྐུལ་ཏེ་རང་རྟོན་བརྟན་པོ་འཛུགས་དགོས་པ་དང་།གནམ་འོག་ འདི་ན་བརྩོན་པའི་འབྲས་བུ་སྟོང་ཟད་དུ་འགྱུར་ཚུལ་གཞར་ཡང་མེད་པར་ཡིད་ཆེས་དགོས་ སོ།།

ཞེས་ཧུའུ་ཧྲིའི་གསུང་རྩོམ་གཅེས་བསྡུས་ལས་བཤུས་ཏེ་བསྒྱུར་བ་དགེའོ།།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།6

དཔྱད་མཆན:

评论已关闭,往期评论:

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. སྒོ་ཡོན།
    སྒོ་ཡོན།སྤེལ་དུས་ནི།  

    དྲྭ་དེབ་ཁག་ཏུ་བཞུགས་པའི་ཨ་རིན་ལགས་ཀྱི་འགྱུར་རྩོམ་ཁག་ལ་ཁོམ་སྐབས་སུ་བལྟས་དང་ལྟ་བཞིན་བལྟ་བའོ།།

抱歉,评论已关闭!