ཧྤང་ལུན་དང་ཁོང་གི《དཀྱེལ་ཡངས》ཞེས་པ།

gdfgjhiadg

ནུབ་གླིང་ལོ་རྒྱུས་ལ་ཆ་རྒྱུས་ཆེན་པོ་མེད་པ་དང་། ཁོང་གི་ཀུ་རེ་རྣམ་པའི་འབྲི་ཐབས་ལ་བྱང་ཆ་མེད་ཚེ།དཔེ་ཆ་འདི་དང་ཐོག་ཀློག་དུས་ཤིན་ཏུ་གོ་དཀའ་མོར་འདུག  འོན་ཀྱང་དཔེ་ཆ་འདི་ཉིད་ཀློག་པའི་ལྷན་ཐབས་ཀྱི་དཔེ་ཆ་ཞིག་སྟེ། དེབ་མིང་ལ<《དཀྱེལ་ཡངས》ཀློག་པ>ཞེས་པར་བལྟས་ཚེ་དཔེ་ཆ་འདིའི་གོ་དོན་ཅུང་བདེ་བླགས་སུ་ལོན་ཐུབ།

ཧྤང་ལུན་ལགས་ནི། སྤྱི་ལོ1882ལོར་ཧོ་ལན་རྒྱལ་ཁབ་དུ་སྐྱེས་ཤིང་། སྔ་གཞུག་ཏུ་ཨ་རི་དང་འཇར་མན་སོགས་ནས་ལོ་རྒྱུས་རིག་པའི་འབུམ་རམས་པའི་བསླབ་གནས་བླངས། 1944ལོར་ཨ་རིར་སྐུ་འདས་ལ་དགུང་ལོ62ཡིན། ཁོ་རང་སྐུ་འཚོ་དུས་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་ཀ་བྱུང་ལ། སྐུ་འདས་པའི་ལོ་དེ་ནི་ཏག་ཏག་ཡོ་རོབ་གླིང་གི་མནའ་འབྲེལ་དམག་དཔུང་གིས་ཕྱོགས་ཡོངས་ནས་ཕར་རྒོལ་བྱེད་པའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་དུས་མཇུག་ཏུ་འཁེལ་ཡོད།

སྤྱི་ལོ1913ལོ་ནས་བཟུང་། ཁོང་གིས་ཚེ་སྨད་བར་དུ་བསྡོམས་པས་བརྩམས་ཆོས་པོད་བཞི་བཅུ་ལྷག་བརྩམས་གྲུབ་གནང་ཡོད་ལ། དེ་དག་ལས་གྲགས་ཆེ་བ་ནི《འགྲོ་མིའི་ལོ་རྒྱུས》(1921)ཞེས་པ་དང་། 《དཀྱེལ་ཡངས》(1925)《འགྲོ་མིའི་ཁྱིམ་གཞིས》(1932)《འགྲོ་མིའི་སྒྱུ་རྩལ》(1937)སོགས་ཡིན། ཁོང་གི་བརྩམས་ཆོས་འདི་དག་གིས་ཤེས་བྱ་དང་དཔྱོད་ཤེས་གཙོར་བཟུང་ནས་རིག་གནས་དང་སྒྱུ་རྩལ། ཚན་རིག་གི་ས་བོན་འགྲོ་མིའི་ཤེས་རྨོངས་ཀྱི་གྲོག་རོང་དུ་བཏབ་ཅིང་། ལྟག་ཆུ་ཆད་པའི་རྫིང་བུ་ལ་དྭངས་གཙང་གི་ཆུ་མིག་གསར་དུ་དྲངས།

ཧྤང་ལུན་ལགས་ནི་གནས་གཅིག་ཏུ་མི་སྡོད་པར་ཕྱོགས་ཡར་མར་ལ་ལྟད་མོར་འགྲོ་མཁན་ཞིག་ཡིན་པས། ཁོང་གི་ཞབས་རྗེས་ཡོ་རོབ་གླིང་གི་གང་སར་བཀོད་ཡོད་ཅིང་། ད་དུང་མཚོ་གྲུར་བསྡད་ནས་དེ་ལས་གཞན་པའི་ཡུལ་ཁམས་ལའང་འགྲོ་མྱོང་། དེར་བརྟེན་ཁོང་གི་མཁྱེན་རྒྱ་ཤིན་ཏུ་ཡངས་ལ་དགོངས་པའི་ཆ་ནས་ཀྱང་འཛམ་གླིང་རང་བཞིན་གྱི་ངོ་བོ་ལྡན་པས། ལོ་རྒྱུས་གསེད་བཀྲོལ་གནང་སྐབས་ས་གནས་དང་ཆོས་ལུགས། ཚོགས་པ། རིགས་རྒྱུད་བཅས་ཀྱི་གུ་དོག་པ་དང་ཕྱོགས་རིས་ཀྱི་ལྟ་ཚུལ་ལས་འགོང་ནས་འགྲོ་མིས་ལོ་རྒྱུས་ལ་བལྟ་ཐུབ་ཀྱི་ཡོད་ཅིང་། ཐ་ན་ཁོང་གིས་རང་གི་མི་རིགས་ཀྱི་ཆེད་དུ་ལོ་རྒྱུས་རྫུན་བཟོ་དང་འུད་བསྟོད། གཞན་རིགས་མཐོང་ཆུང་བྱེད་པའི་ཨ་ཙ་རའི་གླེན་རྟགས་ལའང་མཐའ་གཅིག་ཏུ་དགག་གཞག་གནང་ཡོད།

ཁོང་ནི་འགྱུར་བ་མེད་པའི་མི་ཚུལ་རིང་ལུགས་པ་ཞིག་ཀྱང་སྟེ། མི་ཚུལ་རིང་ལུགས་ནི་རིག་རྩལ་བསྐྱར་དར་སྐབས་ཀྱི་བསམ་བློའི་སྲོག་ཤིང་ཡིན་ལ། དེས་ནི་མིའི་མི་གཤིས་དང་མི་ཡི་རིན་ཐང་གོང་བཀུར་གྱིས་ཡིན་འཇོག་བྱས་ནས། མི་ཚེ་འདིའི་སྤྲོ་དགའ་ལོངས་སུ་སྤྱོད་པ་དང་། མི་གཤིས་བཅིངས་འགྲོལ་བྱེད་པ། རང་དབང་འདྲ་མཉམ་ཡོང་བ། མིའི་མངོན་སུམ་གྱི་མྱོང་བ་དང་དཔྱོད་ཤེས་ཀྱི་རྟོགས་པ་གཙུག་ཏུ་བཀུར་བ་དེ་ཡིན་ཞིང་། མདོ་དྲིལ་ན་མིའི་རིན་ཐང་ལ་བརྩི་འཇོག་བྱེད་དགོས་པའོ།། བསམ་བློ་འདི་ནི་གནའ་བོའི་ཀེ་རི་སེ་ནས་བྱུང་བ་ཡིན་ལ། ཧྤན་ལུན་ལགས་ཀྱིས་ཀྱང་འདི་ལྟ་བུའི་དགོངས་པ་དམིགས་སུ་བཟུང་ཞིང་། དུས་སྐབས་དེའི་བསམ་བློ་བ་ཡེ་ལ་སི་མོ་ལགས་ནི་ཁོང་གི་མིག་དཔེ་ལྟ་ས་ཡིན།

ཧྤན་ལུན་གྱི་བརྩམས་ཆོས་འདིར། དཀྱེལ་ཡངས་ཇི་ལྟར་སྒོམ་དགོས་པའི“སློབ་སྟོན”གནང་མེད་པར། ལོ་རྒྱུས་གསེད་བཀྲོལ་གྱི་གོ་རིམ་ཁྲོད་འགྲོ་མིས་དཀྱེལ་ཡངས་ཇི་ལྟར་བོར་སོང་བའི་རྒྱུ་མཚན་བཤད་དེ། ཡང་ནས་ཡང་དུ་དཀྱེལ་ཡངས་གལ་ཆེ་བ་བསྟན་ཡོད།  དེས་ན་ཁོང་གིས་དཀྱེལ་ཡངས་མེད་དོན་ཕྱོགས་གསུམ་ན་སྤྱི་བསྡོམས་བྱས་འདུག་སྟེ། གཅིག་ནི་ཤེས་རྨོངས་ལས་བྱུང་བའི་དཀྱེལ་ཡངས་མེད་པ་དང་། གཉིས་ནི་སྒྱིད་ལུག་མཁྲེགས་འཛིན་ལས་བྱུང་བའི་དཀྱེལ་ཡངས་མེད་པ། གསུམ་ནི་སྒེར་སེམས་དང་ཕྲག་དོག་ལས་བྱུང་བའི་དཀྱེལ་ཡངས་མེད་པའོ།། དེ་དག་ལས་ཁོང་གིས་ཤེས་རྨོངས་ལས་བྱུང་བའི་དཀྱེལ་ཡངས་མེད་པ་ནི་ཆེས་འཇིགས་སུ་རུང་བ་ཞིག་ཏུ་ངོས་འཛིན་ལ། ཁོང་གིས་བཅོས་བསྒྱུར་བྱེད་པའི་རེ་བའང་ཤེས་རྨོངས་ཞེས་པ་འདིའི་སྟེང་ན་ཡོད།

དེ་བས། ཧྤང་ལུན་ལགས་ཀྱིས་དུས་རྒྱུན་སྨྲ་བ་ནི། སྐྱེ་བོ་སྒེར་གྱི་རིན་ཐང་ལ་བརྩི་འཇོག་བྱེད་དགོས་པ་དང་།  ཤེས་བྱ་དང་དཔྱོད་ཤེས་ཀྱིས་ཤེས་རྨོངས་ཀྱི་རྫོང་ཀོག་རྨང་ནས་བཤིག་དགོས་ཞེས་པ་དེ་ཡིན། འོན་ཀྱང་རང་དབང་དམངས་གཙོའི་རིན་ཐང་ལྟ་བ་གཙོ་རྒྱུགས་སུ་གྱུར་བའི་དུས་དེ་རིང་།  ཤེས་རྨོངས་ཀྱི“ཚེ་འཕེན”རྫོགས་སོང་བ་ཡིན་ནམ་ཞེ་ན། དེ་ཡང་ལར་ནས་མ་ཡིན་ཏེ། ཧྤང་ལུན་ལགས་ན་རེ། ཤེས་རྨོངས་ནི་བལྟོས་བཅས་ཤིག་ལས་ལྟོས་མེད་ཅིག་མིན་ནོ་ཞེས་སྨྲས་ཡོད། དེའི་དོན་ནི། ཤེས་རྨོངས་ནི་ནམ་ཡང་གནས་པ་སྟེ། མི་གར་འགྲོའི་གྲིབ་མ་ལྟར་དུས་རབས་ཀྱི་གོམ་ཁ་དང་བསྡོངས་ནས་འོང་ལ། གལ་ཏེ་འགྲོ་མིས་བསམ་བློ་གཏོང་བ་དང་སློབ་སྦྱོང་བྱེད་མཚམས་འཇོག་དུས། འགྲོ་མི་སྟེ་ཐ་ན་མཁས་པ་ཡིན་ཀྱང་ཤེས་རྨོངས་གྲོག་རོང་དུ་ལྷུང་ཉེན་ཡོད་པ་དེ་བསྟན།

འཇིག་རྟེན་གྱི་ཤེས་བྱ་ལ་མཐའ་མེད་པ་བདེན་དུ་ཆུག་ཀྱང་། བློའི་ཡུལ་དུ་བྱ་རུང་བའི་འགྲོ་མིའི་ཤེས་བྱ་ལའང་ཚད་ཡོད་པ་བདེན་པས། ནམ་ཡིན་ཀྱང་འགྲོ་མིའི་རྒྱུད་དུ་ཤེས་རྨོངས་ཀྱི་ཕྲ་ཕུང་ནི་གྲོག་ཚང་བརྡོལ་བ་ལྟར་འཚང་ཡོད་ལ། ནམ་ཡིན་ཀྱང་མི་རྟོགས་པའམ་མི་ཤེས་པའི་ཆོས་ནི་ངེས་པར་ཡོད་སྲིད། རྒྱུ་མཚན་དེའི་སྟབས་ཀྱིས་འགྲོ་མིས་ནམ་ཞར་ཤེས་བྱ་འཚོལ་དགོས་ཤིང་། ནམ་ཞར་དཔྱོད་ཤེས་རྒྱུད་སྒྲོག་བྱེད་དགོས་པ་ཡིན་པས། བློ་འབྱེད་ཅེས་པ་ནི་བྱེད་ནུས་ཉམས་སླ་བའི་ཅ་ལག་ལྟ་བུ་ཞིག་ཁྱོན་ནས་མིན་པར་སྨྲས་ཡོད།

དེ་ལས་གཞན། ཧྤང་ལུན་གྱིས་དཀྱེལ་ཡངས་མེད་པའི་ཆེས་ཆེ་བའི་སྟོབས་ཤུགས་ནི་གཞུང་ཕྱོགས་ཡིན་པར་བསྟན་ཡོད་དེ། དམངས་ལས་བྱུང་བའི་ཁྲིམས་ལུགས་ལ་གཞུང་ཕྱོགས་ཀྱིས་ལག་པ་འཆང་མི་རུང་ཞིང་། སྐྱེ་བོ་སྒེར་གྱི་ཁྲིམས་མཐུན་གྱི་ཁེ་དབང་ལའང་གཞུང་ཕྱོགས་ཀྱིས་རྡོག་བརྫིས་གཏོང་དུ་མེད། གལ་ཏེ་གཞུང་ཕྱོགས་ཀྱི་དབང་ཆ་ཅི་ཡོད་ལ་དམངས་ཀྱི་ལྟ་རྟོག་དང་གནང་བཀག་མེད་ཚེ། གཞུང་ཕྱོགས་ཀྱིས་ག་དུས་ཡིན་ཀྱང་ཁྲིམས་ལུགས་བཅོས་བསྒྱུར་བྱེད་ངེས་ལ། ག་དུས་ཡིན་ཀྱང་སྐྱེ་བོ་སྒེར་གྱི་ཁེ་དབང་ལ་ཅི་འདོད་འདོད་དུ་གནོད་འཚེ་གཏོང་ངེས། འདི་ལྟ་བུའི་གཞུང་ཕྱོགས་དེ་མཐར་མཇུག་སྒེར་གཅོད་ཀྱི་ངོ་བོར་འཕེལ་སྲིད་པ་དང་། དཀྱེལ་ཡངས་ཞེས་པའང་མངོན་འགྱུར་མེད་པའི་ཕུགས་བསམ་ཙམ་མོ།།  དེ་དང་ལྷན་དུ་དམངས་ལ་བདག་པའི་ཁྲིམས་ལུགས་ཀྱང་ཁོ་ཚོའི་ཁེ་ཕན་སྲུང་སྐྱོབ་བྱེད་ཆས་སུ་གྱུར་འགྲོ་བ་ལས། དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་ཡེ་ནས་བྱེད་མི་སྲིད་པ་དེ་ཡིན། དེ་ལྟར་དམངས་ཀྱི་གནང་བཀག་མེད་པའི་གཞུང་ཕྱོགས་ལ་དཀྱེལ་ཡངས་ཡེ་ནས་མེད་པས། གཞུང་སྒེར་གྱི་སྐྱེ་བོ་བྱེ་བྲག་པའི་བསམ་སྦྱོར་རྒྱན་རབ་ལེགས་རབ་ས་བཤད་རྡོ་བཤད་ཅི་ཙམ་བྱས་ཀྱང་། སྤྱི་ཚོགས་ལེགས་ལམ་དུ་དཀྲི་སྲིད་པ་ནི་སྟོང་བསམ་འབའ་ཞིག་ཡིན་ནོ།།

 

2014.6.3ཉིན་ཟིན་བྲིས་ཀྱི་ཚུལ་དུ།

 

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།7

抱歉,评论已关闭!