ཡིད་ལྷུང་ལྷ་མཚོའི་དྲ་ངོས་གསར་བ་དངོས་སུ་ཤར་གཏོང་བྱས་ཡོད།

8B804911-6BC4-44D6-9B0C-6A36B68FB802

གུས་པར་འོས་པའི་ཀློག་པ་པོ་ལགས།

ངེད་དྲ་བ་ནི་ལས་ཞོར་དུ་གཉེར་བའི་དམངས་ཁྲོད་ཀྱི་དྲ་ཚིགས་ཤིག་ཡིན་ལ། སྤྱི་ལོ2012ལོའི་ཟླ5ཚེས12ཉིན་དངོས་སུ་ཤར་གཏོང་བྱས་ཏེ་དུས་ད་ལྟའི་བར་བགྲང་བྱ་གསུམ་ཙམ་འགོར་ཡོད། དེའི་རིང་དུ་ངེད་དྲ་བས་སློབ་ཆེན་པའི་བརྩམས་ཆོས་གཙོ་བྱས་པའི་བརྩམས་ཆོས་སྣ་ཚོགས་བརྒྱད་བརྒྱ་བཞི་ཅུ་ལྷག་ཀློག་པ་པོ་ཀུན་གྱི་སྤྱན་སྔར་གཏམས་ཤིང་། སྤྱི་ཚོགས་ཀྱི་ལས་གནས་སོ་སོ་ན་ཡོད་པའི་རྩོམ་པ་པོ་སྐོར་ཞིག་གི་བརྩམས་ཆོས་ཀྱང་ནང་འདྲེན་ཚུལ་གྱིས་བཀོད་ཡོད།

བརྩམས་ཆོས་ཀྱི་གྲངས་འབོར་ཐད་གཞན་པའི་དྲ་ཚིགས་ལྟར་ངོམ་དུ་རི་བ་ཞིག་མིན་ནའང་། འདིའི་ལྟག་རྒྱབ་ཏུ་ངེད་དྲ་བའི་འགན་འཛིན་པའི་ལུས་ཤུགས་ངལ་རྩོལ་གྱི་རྔུལ་ཆུ་དང་སྒོས་སུ་དྲ་བ་འདིར་རྩོམ་ལུས་སྣ་ཚོགས་ཀྱི་བགོ་སྐལ་སྦྱིན་པའི་གཞོན་སྐྱེས་རྩོམ་པ་པོ་མང་པོས་ཀླད་ཤུགས་ངལ་རྩོལ་གྱི་རྔུལ་ཆུ་གཏོར་ཡོད་པ་ཅིས་ཀྱང་གླེང་ཆོག་ཆོག་ཡིན།

སྤྱི་ཚོགས་ཀྱི་གོམ་ཁ་འཕེལ་ཕྱོགས་དང་བསྟུན་ནས། ངེད་དྲ་བས་སྔོན་གྱི་དྲ་བ་རྙིང་བའི་སྒྲོམ་གཞི་རིམ་སྤར་དང་དྲ་ངོས་གསར་བཟོ་ཡིས་དུས་ད་ལྟ་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད་ཅིང་། ད་དུང་བྱེ་བྲག་གི་གནད་དོན་རེ་འགའ་འདུག་ཀྱང་ཉིན་འདི་གར་བཟོ་བཅོས་བྱེད་མུས་ཡིན། ལོ་ངོ་གསུམ་ལྷག་རིང་གི་ཉམས་མྱོང་ཕྱོགས་སྡོམ་བརྒྱུད་ངེད་དྲ་བས་སྔོན་གྱི་ལེ་ཚན་སྐོར་ཞིག་འགྱུར་བ་བཏང་ཡོད་པ་སྟེ། དཔེར་ན་རྩོམ་པ་པོའི་ཡིག་ཚགས་ལྟ་བུའི་ལེ་ཚན་གསར་བ་རེ་གཉིས་ཁ་སྣོན་བྱས་ནས་དེའི་འབྲེལ་གྱི་རྩོམ་ཡིག་ཅི་ཡོད་འགོད་འཆར་ཡོད་ལ། པར་ངོས་རྙིང་བའི་ངོས་ཀྱི་རྐང་འཛིན་པ་ལྟ་བུའི་ལེ་ཚན་བསྐྱར་བཟློས་སུ་སོང་བ་དག་འཕྲི་ནས་ལེ་ཚན་གཞན་དང་ཟླ་སྒྲིལ་བཏང་ཡོད་པ་དེ་ཡིན། གཞན་རྩོམ་ཡིག་སྤེལ་བའི་ནང་དོན་དང་བསྡུར་ནས་ལེ་ཚན་འགའ་རེ་ད་དུང་མུ་ནས་འཕྲི་སྣོན་བྱེད་ཀྱི་ཡིན་པར་མ་ཟད། དྲ་བ་འདིར་ལྟོས་བཅས་ཀྱིས་མཁའ་དབུགས་ཡངས་མོ་ཞིག་ཆགས་པའི་ཕྱིར་དུ་ཆེད་ཞུའི་གཞོན་སྐྱེས་རྩོམ་དགའ་སྐོར་ཞིག་ཀྱང་གདན་འདྲེན་གྱིས་དྲ་བའི་གཏན་འཇགས་ཀྱི་ཟིན་བྲིས་པ་རུ་བཞག་དང་འཇོག་རྩིས་ཡོད།

71CA838A-5C38-4726-8FD0-A15E9C0CD3FA

ད་ལྟའི་དྲ་བ་འདིར་སྔོན་དང་མི་འདྲ་བར་ཁྱད་ཆོས་གཞན་ཞིག་བདོག་པ་ནི། དྲ་ངོས་གསར་བ་འདི་གློག་ཀླད་དང་། ipad iphoneགསུམ་གྱི་ནང་དུ་སོ་སོའི་འཆར་ཤེལ་དབྱིབས་ལྟར་ཡག་པོར་འཆར་ཐུབ་ཅིང་། ཟིན་བྲིས་པ་ཚོས་གློག་ཀླད་ལས་གཞན་ཁ་པར་དངipadནང་ནས་ཀྱང་ཐད་ཀར་རྩོམ་ཡིག་དང་པར་རིས་སྣ་ཚོགས་རང་མོས་ལྟར་སྤེལ་ཐུབ།

ད་དུང་ཆེད་དུ་ཞུ་རྒྱུ་ཞིག་ལ། སྔོན་གྱི་དྲ་བའི་རྩོམ་ཡིག་དག་དྲ་ངོས་གསར་བར་སྤར་དུས་རྩོམ་ཡིག་སྔོན་མའི་ཀློག་གྲངས་དང་དཔྱད་མཆན་གྱི་ཚོགས་ཇི་བཞིན་འགོད་ཐབས་བྲལ་བས་དྲ་ངོས་གསར་བ་རུ་དེ་དག་ཡང་བསྐྱར་མགོ་རྩོམ་དགོས་ལ། གཉིས་ནས་ངེད་ཅག་གི་ལག་རྩལ་སོགས་ཀྱི་དབང་གིས་སྔོན་གྱི་རྩོམ་ཡིག་བརྒྱུད་སྤོར་བྱེད་དུས་བོར་བརླག་ཀྱང་ཐེབས་ཡོད་པར་སྲིད་ན། དེར་དམིགས་ནས་ངེད་ཅག་གིས་ཟླ5བའི་ཚེས1ཉིན་ནས་ཟླ5པའི་ཚེས15ཉིན་བར་སྔོན་གྱི་དྲ་ཚིགས་སོར་འཇོག་བྱ་རྒྱུ་ཡིན་པ་དང་། དེའི་རིང་སྐུ་ཉིད་ཀྱིས་འོ་བརྒྱལ་ལ་མ་འཛེམ་པར་རང་གི་བརྩམས་ཆོས་དག་དུས་ལྟར་ཉར་ཚགས་བྱེད་པར་ཤིན་ཏུ་གལ་ཏེ། ཉིན་བཅོ་ལྔའི་རྗེས་ངེད་ཅག་གིས་དྲ་ཚིགས་རྙིང་བའི་སྒོ་གཏན་རྒྱུ་ཡིན་པས་དེའི་དོན་ཡིད་ལ་དགོངས་འཇགས་འཚལ།

 

 

དྲ་གནས། www.lhatso.com

རྩོམ་ཡིག་བསྐུར་ས། lhatso2009@gmail.com

 

ཞེས་ཡིད་ལྷུང་ལྷ་མཚོ་དྲ་བའི་འགན་འཛིན་པས་གུས་ཕུལ།
2015ལོའི་ཟླ5ཚེས13ཉིན་བསྐྱར་དུ་སྤེལ།

བསྟོད།7

抱歉,评论已关闭!