བསམ་བློའི་རྡོ་རིང་ལ་འཇིག་ཉེན་མེད།

༼མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་དང་ས་གནས་མི་རིགས་ཀྱི་རྩིས་ཐང་སྲུང་སྐྱོབ༽ཞེས་བའི་བདེན་ཚིག་གི་བདག་པོ་ཁ་བ་སྙིང་ལྕགས་ལགས་མྱ་ངན་ལ་འདས་བའི་རྗེས་དྲན་གྱི་ཚུལ།
ཟླ་ཚང་དཔལ་མཁར་རྒྱལ།

བཞུད་པའི་བསམ་བློ་བ་ཞིག བཞུད་པའི་དྲང་བདེན་པ་ཞིག
ཁ་སང་གི་ལག་ལེན་ལ་དེ་རིང་གི་གླེང་ཕྱོགས་མེ་ལས་ཚ།
དེ་རིང་གི་གཤེགས་པ་ལ་སང་ཉིན་གྱི་བདེན་པའི་ལྷ་དར་བསྐྱོད།
སང་ཉིན་གྱི་རྒྱང་ལྟ་ལ་སང་ཉིན་གྱི་ལོ་རྒྱུས་དེ་བས་ཀྱང་འབར།
ཁྲག་གི་ཟིན་ཐོ་ལས་མི་རྙེད། བདེན་པའི་བཤུལ་ལམ་ལས་མི་མཐོང་ཡང་།
བསམ་བློའི་རྡོ་རིང་ལ་འཇིག་ཐབས་མེད།

གནའ་བོ་མི་གླེང་། སྙིགས་དུས་གླེང་།
མེས་པོ་མི་གླེང་། གཞོན་གསར་གླེང་།
ཁྱེད་དང་ཉེ་བར་བཅར་བའི་གྲོགས་པོའི་བཤད་ན།
རི་བོ་ཉིལ་ཡང་། དྲང་བདེན་གསེར་ནག་བཞིན་སྲུང་ཟེར།
ཁྱེད་དང་རིང་བོར་བསྟུན་པའི་ཁོ་ཚོའི་བཤད་ན།
ཆུ་བོ་སྐམ་ཡང་། སྒེར་གཤིས་བཛྲ་བཞིན་བརྟན་ཟེར།
དེ་བཞིན། ང་དང་ངའི་རིགས་ཀྱི་བདག་པོའི་མཐོང་ལམ་ན།
འཛུམ་ཞལ་གྱི་བདེན་པ་ཡལ་མེད་དུ་གནས་ཡོད།
མགྲིན་ལམ་ན། མི་རིགས་ཀྱི་ལས་དབང་འཆད་དུ་བརྡོལ་མྱོང་།
ཐ་ན། རྒན་རབས་པ་དང་བྱིས་པའི་ཐོས་ལམ་ནའང་།
གཞན་ཡང་། གནའ་བོའི་སྐྱེས་ཆེན་ཀྱི་མཛད་པ་བྱིས་སྒྲུང་ལ་དྲངས་ནས།
དུས་རབས་ཀྱི་བྱིས་པ་བླ་འགུག་གནང་སོང་། རྣམ་ཤེས་སྦྱིན་སོང་།
གཞོན་རབས་ཀྱི་དཔུང་ལ་དྲན་གསོ་བྱས་སོང་། རེ་ལྕག་བསྐུལ་བྱུང་།
མཁས་བཙུན་གྱི་རིགས་ལ་བློ་འབྱེད་ཕྱེ་སོང་། དཀྱེལ་ཡངས་བཏང་སོང་།
ངེས་དོན་གྱི་བུ། ཟླ་ཚང་གི་སྲས།

ཤར་ན་གླེང་ཞིང་ནུབ་ན་ངུས།
བྱང་ན་གདུང་ཞིང་ལྷོ་ན་དྲན།
བསམ་བློ་བ་ཞིག་བཞུད་སོང་། མི་རིགས་ཤིག་གི་རེ་བའི་སྐས་རིམ་ཞིག་ཆད་སོང་།
བདེན་ལུགས་པ་ཞིག་བཞུད་སོང་། འཛམ་གླིང་གི་ཉི་ཟླའི་འཁོར་སྐྱོད་ལ་འཚེ་སོང་།
བདེན་པ་སྐྱོང་བའི་མིའི་རྣམ་དཔྱོད་དང་རིན་ཐང་གི་ལྗིད་ཚད་ནི།
ཀླུའི་རྒྱལ་བོ་རི་རབ་ལས་ལྕི་ལ།
སའི་ས་གསུམ་སྙིང་བོ་ལས་གལ།

དེ་རིང་གི་འཕྲིན་ལམ་ན།
མྱ་ངན་གི་ཚིག རྦབ་རྡོ་འགྲིབ་པ་དང་འདྲ།
དེ་རིང་གི་བརྙན་ལམ་ན།
གདུང་འབོད་ཀྱི་གཟུགས། བྱེ་རླུང་འཚུབ་པ་དང་མཚུངས།
དེ་རིང་གི་ཐོས་ལམ་ན།
འོ་དོད་ཀྱི་ངག ཐན་སྐད་འབྱིན་དང་རིགས།


མཇུག་མཐའི་དཔའ་རྟུལ་གྱི་ཚེ་སྲོག་དམར་པོ།
ཉ་མོ་ཁྲི་སྟོང་གི་བསྡོངས་གྲོགས་མཛད།
སྐྱེ་ཁམས་སྲུང་སྐྱོབ་ཀྱི་དོན་དངོས་ལ།
ལོ་རྒྱུས་ཀྱི་དཔའ་བོ་བཞེངས།
གསོན་པ་བདེན་དོན་གྱི་རྡོ་རིང་ཡིན་ལ།
ཤི་བ་བདེན་དོན་གྱི་རྡོ་རིངའང་ཡིན།
ཤ་ཁྲག་གི་རྡོ་རིང་འཇིག་ཡང་། བསམ་བློའི་རྡོ་རིང་རྡིབ་རྒྱུ་མེད།

མི་ནི་ཤི་ལུགས་ལས་གསོན་ལུགས་གལ་ཆེ། ཡིན་ཡང་།
ཁྱེད་ཀྱི་ཐུང་ཐུང་གི་མི་ཚེ་ལ། གསོན་ལུགས་ལ་བདེན་དོན་གྱི་འོད་ཀྱིས་འཁྱིལ་ཡོད་ལ།
ཤི་ལུགས་ལ་ཞབས་རྗེས་ཀྱི་འགྲོ་དོན་དེ་བས་ཀྱང་མཛད་པས།
ཁྱེད་ཀྱི་རྗེས་དྲན་ནི་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་རྗེས་དྲན་ལས་ལྷག
ཁྱེད་ཀྱི་བདེན་པ་ནི་གསེར་ནག་སྟོང་ཕྲག་གི་ལྗིད་ཚད་ལས་ལྕི།

བསྟོད།10

དཔྱད་མཆན་སྤེལ།