དངོས་ཡོད་ཀྱི་ཨ་རག་གིས་མདུན་ལམ་གྱི་རྟ་ཕོ་བསྒྱེལ།

དངོས་ཡོད་ཀྱི་ཨ་རག་གིས་མདུན་ལམ་གྱི་རྟ་ཕོ་བསྒྱེལ།

བོད་སྐད་བཤད།

དེ་རིང་ཡང་བསྐྱར་རྩོམ་འབྲི་བསམ་པའི་བསམ་བློ་སྐྱེས་བ་ནི་ང་ལ་མཚོན་ན་ལས་བཟང་ཞིག་རེད།ངས་རྩོམ་འབྲི་བའི་ཐབས་ཤེས་ལ་བརྟེན་ནས་ལོ་འདི་ཚོར་ང་རང་དངོས་བརྒྱུད་ལས་བྱུང་བའི་བྱ་བ་མང་པོ་ཞིག་ལ་ཕྱོགས་སྡོམ་དང་།རང་ནུས་ཅི་ལྕོག་གིས་མི་གཞན་ལ་ཕན་པ་ཡོད་པའི་སྐད་ཆ་སྙིང་བོ་ཅན་དགྲོལ་ཆོག་པས།རང་གིས་ལོ་འདི་ཚོ་ལ་དཔེ་ཆ་ཀློག་པའི་སྲོལ་མ་དོར་བ་དེར་སྙིང་གཏིང་ནས་སྤྲོ་བ་བྱུང་།

སློབ་གྲྭ་ནས་མཐར་ཕྱིན་ཏེ་ལོ་གསུམ་ཙམ་མྱུར་གྱིས་འདས་སོང་བས།རང་ཉིད་ཀྱི་བསམ་བློ་མང་པོ་ཞིག་དང་བྱ་སྤྱོད་མང་པོ་ཞིག་ལའང་འཚོ་བའི་ཟ་ཟུར་ནས་ངང་ངམ་ཤུགས་ཀྱིས་འགྱུར་བ་ཕྱིན་གྱིན་འདུག ང་རང་ཉིད་སློབ་གྲྭ་ནས་མཐར་ཕྱིན་སྐབས་ཀྱི་དམ་ཚིག་ཀྱང་རྒྱུན་ལྡན་གྱི་བྱ་བ་ཙག་ཙིག་གིས་ཚབས་བྱས་ནས།རང་ཉིད་ཆེས་སྤྲོ་བའི་རྩོམ་འབྲི་དང་ཆེས་དུང་བའི་མི་རིགས་ཀྱང་ཆར་བའི་ཁྲོད་ཀྱི་སྨུག་པ་ནང་བཞིན།མདུན་ཕྱོགས་ཀྱི་དམུགས་ཡུལ་ཡང་རབ་རུབ་ཀྱི་ཡོལ་བས་བཀབ་ནས་དངོས་ནས་མི་སེམས་ཕམ་པའི་གནས་སུ་ལྷུང་གིན་ཡོད།

ནམ་རྒྱུན་དུ་ཚར་བ་མེད་པའི་འཚོ་བའི་ནང་ནས་མགོ་བོ་ཅུང་ཙམ་དགྱེ་ནས་བསམ་བློ་ཅུང་ཙམ་གཏོང་དུས།ད་གཟོད་འཚོ་བའི་གནོན་ཤུགས་ཀྱི་འོག་ནས་རང་ཁ་གསོ་ཐབས་ཙམ་བྱེད་ཀྱིན་ཡོད་པ་ལས་མི་རིགས་ཟེར་བའི་ཐ་སྙད་འདིའང་ཀླད་སེམས་ནས་རྒྱང་དུ་བོར་ཟིན་པ་རྟོགས་འོང་།བདེན་ཐག་ཆོད་པའི་དོན་དག་འདི་ཤེས་པས།ངས་རང་ཉིད་ཀྱི་ཀླད་སེམས་ལ་གསར་བཅོས་ཐེངས་གཅིག་མི་བྱེད་ག་མེད་བྱུང་།ང་སློབ་གྲྭའི་གླིང་ནས་སྤྱི་ཚོགས་ལ་གོམ་པ་དང་པོ་སྤོ་དུས།དྲིན་ཆེ་བའི་ཁྱིམ་ཚང་དང་རྒྱབ་འགལ་བྱས་ཏེ་ཕ་ཡུལ་དང་ཁ་ཐག་རིང་བའི་ཕྱག་ཕྲེང་རྫོང་བདམས་ཏེ་ས་ཆ་དེ་རུ་བོད་ཡིག་ལ་མཐོང་ཆེན་བྱས་པའི་ལས་བྱ་བསམ་པ་ཡིན།དེ་ནི་རང་སེམས་དག་མ་དང་བདེན་པའི་ཐག་ཆོད་ཅིག་ཡིན་པས།རང་ཉིད་ལ་ལས་བདའ་དང་འགྱོད་པ་བྱས་མ་མྱོང་།ཡིན་ནའང་།དངོས་ཡོད་ནི་མིའི་བསམ་བློ་ལས་བརྒལ་བའི་གྲི་རྣོན་པོ་ཞིག་དང་འདྲ་བར།ང་རང་ཕྱག་ཕྲེང་རྫོང་ནས་ཨེ་དགའ་ཨེ་སྡུག་མེད་པ་དང་ཤི་མིན་གསོན་མིན་གྱི་གནས་ཚུལ་ཁྲོད་དུ་ཞུགས་པས།མི་གཅིག་གི་ནུས་པ་ནི་ཤིན་ཏུ་ཉག་ཕྲ་བ་དང་ཉམ་ཆུང་ཡིན་པ་རྟོགས་བྱུང་།དེའི་སྐབས་སུ་ང་རང་མགོ་ཁྲིད་ཅིག་ཡིན་ན་བསམ་པའི་བསམ་བློ་ཡང་དྲགས་ཀྱིས་སྐྱེས་མྱོང་།གལ་ཏེ་མགོ་ཁྲིད་ཅིག་ཡིན་ན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་མཐུན་པའི་སྒོ་ནས་བོད་ཡུལ་དུ་བོད་ཡིག་མཐོང་ཆེན་བྱ་རུ་བཞག་ན།མི་ཕལ་བ་བརྒྱ་ཡི་སྐད་ཅོར་ལས་ནུས་པ་ཡོད་ངེས།འོན་ཀྱང་།གཅིག་ན་ལྷག་བསམ་ཅན་གྱི་མི་ནི་མགོ་ཁྲིད་དུ་བུད་དུས་འགྱུར་ཟིན་པའམ་།ཡང་ན།མགོ་ཁྲིད་ཀྱི་གོ་གནས་ནི་དཔོན་ལམ་གྱི་འབྲེལ་བ་བརྒྱུད་དེ་རྙེད་པ་ལས།རང་ནུས་ཀྱི་ནུས་པ་དང་ལྷག་བསམ་ལ་འབྲེལ་བ་ཆེན་པོ་མེད་རྐྱེན།དེ་ནི་རྙོག་འཛིང་གི་བསམ་བློ་ལས་འགྱུ་བ་ཙམ་ལས་དངོས་ཡོད་དུ་ཅི་ལྟར་འབབ།

དེང་སང་བོད་ཀྱི་མགོ་ཁྲིད་ཁྲོད་དུ་བོད་ལ་བསམ་པ་ཕྱོགས་མཁན་ག་ཚོད་ཡོད།ཡང་ན་བོད་ཀྱི་རིག་གནས་ལ་བསམ་པ་ཕྱོགས་མཁན་ག་ཚོད་ཡོད།ངའི་སེམས་ལ་ང་ཚོའི་མགོ་ཁྲིད་ནི་རང་སྔུན་མི་མཐོང་བའི་རྒྱང་མཐོང་འཛིན་མཁན་དག་དག་རེད།ཡང་ན་ཁང་མགོར་སྐེས་མ་བཙུགས་ཏེ་གནམ་དུ་ཐག་པ་རྐྱོང་མཁན་ཤ་སྟག་རེད།ང་འདི་ལྟ་བུའི་མགོ་ཁྲིད་ཡོད་པར་ཡིད་སེམས་གཏིང་ནས་ཕམ་བྱུང་།རེད་དེ་ངས་སྐད་ཆ་འདི་བཤད་དུས་བོད་ལ་བསམ་པ་དཀར་བའི་མགོ་ཁྲིད་ཚོར་གཡོལ་ནས་བཤད་པ་ཡིན།རྒྱུ་མཚན་ཁོ་ཚོ་ཡོད་པ་ནི་ང་ཚོའི་གཟི་བརྗིད་ཡིན་པས་དེ་ལ་ཚིག་རྡུང་བྱ་ག་ལ་རུང་།ངས་བསམ་ན་མགོ་ཁྲིད་མང་པོ་ཞིག་གིས་འདི་རང་དང་འབྲེལ་བ་མེད་པ་དང་ཆབ་སྲིད་ཀྱི་རྙོག་འཛིང་ཞུགས་འདུག་པར་དོགས་ཏེ་མི་གླེང་བ་དང་གླེང་བར་མི་འདོད་པ།གླེང་མི་ཕོད་པ་ཡིན་ངེས།ཡང་ལན་རེར་ང་ལ་དོགས་པ་ཡོད་དེ།རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལྟར་ལག་བསྟར་བྱ་བའི་མགོ་ཁྲིད་དག་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གོ་ལོག་བྱས་ཏེ་བོད་ཀྱི་རིག་གནས་ཁྱབ་སྤེལ་གཏོང་བ་ལ་བཀག་འགོག་བྱེད་པ་ནི་རྩ་ཁྲིམས་ལ་གཏན་ནས་བལྟས་མ་མྱོང་པས་ཨེ་ཡིན།རྒྱལ་ཁབ་ཀྱི་སྤྱི་དམངས་སུ་འཐུས་པའི་ང་ནི་རྒྱལ་ཁབ་ལ་དུང་བ་ཡོད།རྒྱལ་ཁབ་ཀྱི་རྩ་ཁྲིམས་ལའང་དགའ་བ་ཡོད།ཡིན་ནའང་།རྒྱལ་ཁབ་ཀྱི་སྤྱི་དམངས་སུ་ཡོད་པའི་སྨྲ་བརྗོད་རང་དབང་གིས་ལོག་གཏམ་མི་བཤད།སྨྱོ་གཏམ་མི་སྨྲ།དཀྲུགས་གཏམ་མི་སྤེལ་བའི་རྩ་བའི་ཐོག་ནས་དྲང་གཏམ་བཤད།བདེན་གཏམ་སྨྲ།རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་ལ་ཕན་པའི་སྙིང་གཏམ་བརྗོད།དེའི་ཕྱིར་ན།མགོ་ཁྲིད་ཅིག་ཡིན་ན་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་གཙོ་བོར་བཟུང་སྟེ་ལས་བགྱི་དགོས།དེའི་སྐབས་སུ་ང་རང་དགེ་རྒན་གྱི་ལས་ཀ་དེ་བཞག་ནས་གཞུང་ཞབས་པར་རྒྱུགས་སྤྲོད་པའི་བསམ་བློ་སྐྱེས་བྱུང་།ཡིན་ཡང་ང་རང་ལོ་ན་ཆུང་བས་བསམ་བློ་བརྟན་པོ་ཞིག་མིན་ན་སྤྲེའུའི་བྲོ་ཁ་སྙེག་པའི་ལས་ལྟར་མཇུག་མཐར་ཅིའང་བྱ་མ་ནུས་ཏེ་ལག་སྟོང་དུ་འགྱུར་བའི་ཉེན་ཁ་ཡོད་པས་གནས་སྐབས་སུ་ལྷོད་པོར་བཞག་པ་ཡིན།

རླབས་ཆེན་གྱི་མིས་གསུང་བ་ལྟར།རླབས་ཆེན་གྱི་བྱ་བ་ཞིག་སྒྲུབ་དགོས་ན་ངེས་པར་དུ་ཡུན་རིང་གི་འབད་བརྩོན་དང་ལྷོད་མེད་ཀྱི་འདུ་ཤེས་བརྟན་པོ་ཞིག་མཁོ་ཟེར་བའི་གཏམ་ནི་དངོས་ནས་ལག་ལེན་གྱིས་གྲུབ་པའི་གདམས་ངག་ཅིག་རེད།ང་རང་ཕྱི་རུ་འོང་ནས་ལོ་གསུམ་ལས་མ་སོང་མོད།ལན་རེར་ཐང་ཆད་པ་དང་ལན་རེར་སུན་སྣང་སྐྱེས་ཏེ་རང་གི་ཁ་ཕྱོགས་དང་དུས་ཚོད།དམུགས་ཡུལ་ཡང་མག་མོག་ཏུ་འགྱུར་གྱིན་འདུག དེའི་སྐབས་སུ།ངས་ད་གཟོད་གནས་ལུགས་ཤིག་རྟོགས་བྱུང་།དེ་ནི་སློབ་གྲྭ་ནས་རིགས་ཞེན་གྱི་མེ་ལྕེ་འབར་བའི་ན་གཞོན་ཁྱུ་གཅིག་སྤྱི་ཚོགས་སུ་བགྲོད་དུས་མེ་ལྕེ་ཆུ་ཡིས་བསད་པ་ནང་བཞིན་གྲག་འགུལ་མེད་པར་ཡལ་འགྲོ་བའི་རྒྱུ་མཚན་ནི།འཚོ་བ་ཟེར་བའི་ཁུར་བོ་ལྗིད་པོ་དེ་དང་དམིགས་ཡུལ་ཟེར་བའི་རྒྱང་ཐག་རིང་བོ་དེ།ད་རུང་གྲུབ་འབྲས་ཟེར་བའི་ཐེ་ཚོམ་གྱིས་ལྷད་པའི་ཨེ་ཡོད་ཨེ་སྣང་མི་གོ་བའི་དོན་དག་འདི་ཚོས་མི་ཡི་འདུ་ཤེས་བཅོམས་ནས་མི་ཡི་རིགས་ཞེན་དོར་བའམ་བོར་འགྲོ་བ་རེད།

ལོ་རྒྱུས་ཀྱི་མཁས་པ་དང་རྩོམ་མཁན་མང་པོས་མི་རིགས་ཀྱི་སྲོག་རྩ་ནི་སྐད་དང་ཡི་གེ་ཡིན་པ་གཞུང་ལུགས་དང་འཆད་ཁྲིད་མང་པོར་གསུང་ཡོད་པས་མི་མང་པོས་ཀྱང་དེ་ནི་བདེན་པར་འདོད་དེ་ཤེད་ཤུགས་ཡོད་རྒུ་སྐད་ཡིག་ཁྱབ་སྤེལ་བྱེད་པར་འདོན་གྱིན་ཡོད།ཡིན་ནའང་།ངས་བསམ་ན་ལོ་རྒྱུས་ཀྱིས་མི་རིགས་ལ་ར་སྤྲོད་བྱས་པ་ནི་སྐད་ཡིག་ཙམ་མ་ཡིན་པར།ཆེས་གཙོ་བོ་ནི་མི་རིགས་ལ་དགའ་བའི་སེམས་རེད།སྐྱིད་སྡུག་མི་རིགས་དང་འབྲེལ་ཐུབ་ཞིང་འཕེལ་འགྲིབ་མི་རིགས་དང་གཤིབ་ཐུབ་པ།ལེགས་ཉེས་མི་རིགས་དང་ཁུར་ཐུབ་མཁན་གྱི་སེམས་ནི་ད་གཟོད་མི་རིགས་ཀྱི་སྲོག་རྩ་རེད།ངས་འདི་ལ་མི་རིགས་ཀྱི་སེམས་ཞེས་བརྗོད་ཀྱིན་ཡོད།མི་རིགས་ཤིག་ཡར་ལ་འགྲོ་དགོས་ན་ཐོག་མར་མི་རིགས་ལ་དུང་བའི་སེམས་དགོས།དཔེར་བཞག་ན་རང་ཉིད་ཡར་རྒྱས་སུ་འགྲོ་དགོས་ན་ཐོག་མར་རང་ཉིད་ཡར་རྒྱས་སུ་འགྲོ་དགོས་བསམ་པའི་སེམས་དང་ཁ་ཕྱོགས་དེ་ཡོད་དགོས།དེའི་ཕྱིར་ན།མི་ཞིག་ལ་མི་རིགས་ཀྱི་སེམས་མེད་པ་ནི་མི་རིགས་དེ་ལ་མཚོན་ན་ཡིད་ཕམ་པ་དང་རང་སྒེར་ལ་མཚོན་ན་ངོ་ཚ་བའི་དོན་དག་ཅིག་རེད།རྒྱུ་མཚན་མང་པོ་ཞིག་གི་དབང་གིས་རང་མི་རིགས་ལ་དུང་བའི་ན་གཞོན་མང་པོ་ཞིག་ལོ་ཟླའི་འཁོར་སྐྱོད་ཀྱི་ཁྲོད་ནས་ཁུ་སིམ་མེར་ཡལ་གྱིན་ཡོད་པ་ནི་བོད་མི་རིགས་ཀྱི་གནད་དོན་ཤིན་ཏུ་རྙོག་འཛིང་དང་རྒྱ་ཆེ་བས་མདུན་ལམ་མཐོང་དཀའ་བ་སོགས་ཀྱིས་ཡིན།དེ་ནི་མི་རིགས་ཀྱི་སེམས་ཅེ་ཉུང་དུ་འགྲོ་བཞིན་པ་དང་མཉམ་དུ་བོད་མི་རིགས་ཀྱི་མདུན་ལམ་ཡང་ཅེ་རུབ་ཏུ་འགྲོ་བཞིན་པའི་མཚོན་རྟགས་ཤིག་ཡིན་པས།ང་ཚོས་རང་གི་གནད་དོན་གང་དུ་ཡོད་པ་གསལ་བོར་འཚོལ་དགོས།འདི་ལྟ་བུའི་སྐད་ཆ་བཤད་མཁན་གྱི་བསམ་དཀར་ཅན་མང་པོ་བྱུང་མྱོང་མོད།གཅིག་བཤད་ན་ང་ཚོའི་ཁ་ཕྱོགས་མ་འགྲིག་པ་དང་།ཡང་ན་ཐབས་ཤེས་མ་འགྲིག་པ།ཡང་གཅིག་བཤད་ན་མི་རིགས་ཧྲིལ་བོ་ལམ་གོལ་དུ་བགྲོད་པ་ཡུན་རིང་སོང་བས་དོན་དངོས་ཀྱི་གནས་ཚུལ་ལ་གདོང་གཏད་མི་བསམ་པ་དང་མི་ནུས་པ་ཡིན་ངེས།འདི་ལ་རང་མཁས་རང་འཇོན་དང་མིག་འབྱེད་བཞིན་དུ་མེ་དོང་དུ་མཆོངས་བའི་དཔེ་ངན་ཟེར།ཡིན་ཡང་།དོན་དངོས་ནི་དོན་དངོས་ཡིན་པས་དེ་ལ་རྒྱབ་གཏད་བྱས་ན་དེ་ལས་རྒྱབ་ཏུ་དོར་བའི་རྗེས་ལུས་དང་ཕམ་ཁ་ཁུར་བ་ལས་གྲུབ་འབྲས་ཅིའང་མི་འབྱུང་།འཚོ་བ་ནི་ལག་ལེན་གྱི་རྒྱུགས་ཡིག་ཆེན་པོ་ཞིག་དང་འདྲ་བར།དེ་འབྲི་ཤེས་ན་ཁྱེད་རང་འཚོ་བའི་སྲོལ་གཏོད་པ་པོ་དང་ལམ་འབྱེད་པ་པོ་ཡིན་ངེས།རེད་དེ་འབྲི་མ་ཤེས་ན་ཁྱེད་རང་འཚོ་བའི་ལད་མོ་བྱེད་མཁན་དང་འཚོ་བའི་ཚེ་གཡོག་བྱེད་མཁན་དུ་འགྱུར་བས།རྒྱུན་ལྡན་ལྟ་བུའི་འཚོ་བའི་ཁྲོད་ནས་ནམ་ཡང་བག་ལྷོད་དང་རྨོངས་གཉིད་མི་བྱ་རྒྱུ་ནི་འཚོ་བའི་འདམ་རྫུབ་ཏུ་མི་ཟུག་པའི་ཐབས་ཤེས་ཤིག་རེད།དེ་ལས་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་ལས་ཕྲན་བུ་རེ་ཡིན་རུང་བསྒྲུབ་བསམ་མཁན་རེ་ཡོད་ན་འཚོ་བའི་ཁྲོད་དུ་འདུ་ཤེས་བརྟན་པོ་ཡོད་དགོས།འདུ་ཤེས་ནི་བྱ་བ་གང་རུང་འཛུགས་པའི་སྲོག་ཤིང་ཡིན་པ་ཉམས་མྱོང་གིས་ང་ལ་གནང་བའི་བདེན་པས་གྲུབ་པའི་དོན་དག་ཅིག་ཡིན།

ང་རང་ཡོད་སའི་ཁོར་ཡུག་གི་མི་རྣམས་ནི་རང་སྒེར་གྱི་འཚོ་བ་དག་དག་ལ་མགོ་འཁོར་ནས་འཚོ་བ་སྐྱེལ་མཁན་ཤ་སྟག་ཡིན་པས།ལན་རེར་ངའང་དེ་ལྟ་བུའི་འཚོ་བ་ལ་ཞུགས་འདོད་པའི་སེམས་བྱུང་ཤུགས་ཀྱིས་སྐྱེས་འོང་།གཅིག་བཤད་ན་ཡ་མཚན་ཡང་ཡིན་ཏེ།སྤྱི་ཚོགས་ནི་སྙུགས་སྤྱོད་དང་སྙུགས་གཤིས་སྦྱོང་སའི་ལས་གྲྭ་ཞིག་དང་མཚུངས་པར་མི་རྣམས་རང་ཤུགས་ཀྱིས་ལྷན་དུ་རྫོངས་ཀྱིན་འདུག ལས་གྲྭ་དེ་རུ་ཁོམ་པ་ཡོད་མཁན་དང་བྱ་བ་མེད་ཅིང་དམིགས་ཡུལ་མེད་པའི་མི་ནི་རྒྱལ་པོ་ལྟར་བག་ཡངས་ལ་རོལ་ནས་ངན་ངོན་གྱི་བྱ་བ་ཅི་རིགས་བགྱི་བཞིན་ཡོད།མི་ལ་ལས་དུ་བ་འཐེན་པ་དང་ཆང་བཏུང་བ་སོགས་ནི་ཐ་ཤལ་གྱི་ལས་ཀ་རུ་བརྩི་མོད།ང་བཤད་ཚུལ་དེ་ལ་འཐད་པ་མེད།དུ་བ་འཐེན་པ་དང་ཆང་བཏུང་བ་ནི་རང་གི་དགའ་མོས་དང་འཚོ་བའི་དབང་གིས་མི་སྒེར་ལ་གོམ་ལོབ་བྱུང་བ་ཡིན་མོད།མི་རང་གི་ཡོད་ཚད་ཀྱི་རྟེན་བཅོལ་དང་ཡོད་ཚད་ཀྱི་དམིགས་ཡུལ་དེ་ལ་སོགས་ལ་གཏད་ན་དེ་ནི་ད་གཟོད་ཐ་ཤལ་གྱི་མི་དང་ཐ་ཤལ་གྱི་སྤྱོད་པའི་རིགས་སུ་གཏོགས།འཚོ་བ་ནི་སྣ་མང་ཡིན་པས་དེ་ལ་འོས་འཚམ་གྱིས་འཇུག་དགོས་པ་ལས་ནང་དུ་ཟུག་པ་ཟབ་དྲགས་ན་རང་ངོ་འཆུག་པའི་ཉེན་ཁ་ཡོད།

ང་ནི་སློབ་མར་ཡི་གེ་སློབ་པའི་སློབ་གྲྭའི་གླིང་ཞིག་དང་།རྒྱ་མི་གཅིག་གིས་ཀྱང་མ་ལྷད་པའི་བོད་ཀྱི་དགེ་རྒན་དག་དག་ཡིན་ཞིང་བོད་སྐད་བཤད་ཤེས་མཁན་རྐྱང་རྐྱང་ཡིན་པའི་ཕྱེང་ཕྲག་རྫོང་གི་སྡེ་བ་ཞིག་ཏུ་ཡོད།ངའི་ལས་གྲོགས་ཚོ་ནི་བལྟས་ཚོད་ལ་ལོ་ཆུང་ན་གཞོན་གྱི་སློབ་གསོའི་སྡེ་ཁག་དང་རྒྱལ་ཁབ་ཀྱི་ཡར་རྒྱས་ལ་ཕན་པའི་རྗེས་རབས་པ་སྐྱོང་བའི་རླབས་ཆེན་གྱི་བཟོ་སྐྲུན་པ་ལ་བརྩི་ཆོག་མོད།དོན་དངོས་སུ་མི་རེ་ལ་རང་གི་འཚོ་ཐབས་རེ་དང་བྱ་བ་རེ་ཡོད་པའི་རྒྱུ་མཚན་གྱིས་ཁོ་ཚོའི་སློབ་གསོའི་ལས་ཀ་ནི་སློབ་དེབ་ཁྲིད་དེ་རྫོགས་སུ་འཇུག་རྒྱུ་དང་སློབ་མའི་རྒྱུགས་སྐར་མཐོར་འདེགས་ཀྱི་ཆེད་དུ་ཅི་ནུས་ཀྱིས་བསྐྱར་སྦྱོང་བྱ་རྒྱུ་དེ་ཡིན།སྤྱིར་བཤད་ན།མིའི་རྒྱབ་ནས་མི་ཞིག་གི་མི་འདང་ཚུལ་གླེང་བ་ནི་ཀུན་སྤྱོད་མེད་པ་དང་འགན་མི་ཁུར་བའི་བྱ་སྤྱོད་ཅིག་ཡིན་མོད།དམིགས་བསལ་གྱི་བྱ་བ་ལ་གཏད་དེ་ལས་ཀ་དེར་རིན་ཐང་ཡོད་མེད་དང་མི་ལ་ཕན་པ་ཡོད་མེད་ཀྱི་ངང་ནས་མི་གཤིས་ལ་བཙན་འཛུལ་མི་བྱ་བར་དཔྱད་པ་བྱེད་པ་ནི་གནས་ལུགས་དང་མཐུན་ཞིང་རང་གཞན་གཉིས་ཀའི་འཕེལ་རྒྱས་ལ་ཕན་པའི་བྱ་བ་ཞིག་ཡིན་པར་འདོད།དེའི་རྐྱེན་གྱིས་ང་རང་རྩ་ཚིག་དེ་ལས་མ་བརྒལ་ནས་དོན་དག་ཅི་རིགས་ལ་རང་ནུས་ཀྱིས་བསམ་ཚུལ་བརྗོད་པར་གྲ་སྒྲིག་ཡོད།

དགེ་རྒན་ཚོའི་བསམ་བློ་དང་བྱ་སྤྱོད་ལ་ཚད་དང་ལྡན་པའི་སྒོ་ནས་དཔྱད་བརྗོད་ཅིག་བྱས་ན། དང་པོ་དགེ་རྒན་ཞིག་ཡིན་ན་སེམས་སུ་ཐོག་མར་སློབ་མའི་བྱ་སྤྱོད་དང་སློབ་མའི་དགའ་སྡུག སློབ་མའི་འཚོ་བའི་ཁྲོད་ཀྱི་རྣམ་པ་སྣ་ཚོགས་ཀྱི་ཡིད་འགྱུར་སོགས་གཙོ་བོར་བཟུང་སྟེ། སློབ་མའི་གཤིས་ཀ་ལ་བརྩི་མཐོང་བྱས་ཏེ་སློབ་མའི་དོན་དག་ཨང་དང་པོར་འཛིན་ཐུབ་པ་བྱ་དགོས།གཉིས་པ།སློབ་མར་སློབ་དེབ་ཀྱི་འོས་བབ་ནང་དོན་ཙམ་ཁྲིད་པས་མི་ཚད་མི་གཤིས་ཀྱི་ཐོག་མའི་ཆགས་སྟངས་ལ་བརྩི་མཐོང་བྱས་ཏེ།སློབ་མའི་མི་ཚེ་ཡི་ཐོག་མཐའ་བར་གསུམ་དུ་བྱུང་བའི་དོན་དག་ལ་གདོང་གཏད་ཐུབ་པའི་བསམ་པའི་སློབ་གསོ་རྒྱུན་ལྡན་གྱི་སློབ་ཁྲིད་དང་བསྲེས་ཏེ་སྤེལ་ཐུབ་པ་བྱ་དགོས།གསུམ་པ།སློབ་མའི་སེམས་གཏིང་དུ་རྒྱལ་ཁབ་དང་མི་རིགས་ལ་དུང་བ་ལྡན་ཞིང་དེའི་ཆེད་དུ་རང་གི་ནུས་ཤུགས་བཏོན་ནས་ཞབས་ཞུ་བསྒྲུབ་ཐུབ་པའི་རིགས་ཞེན་གྱི་ས་བོན་རྨོ་འདེབས་བྱ་དགོས་པ་སོགས་ནི་མ་མཐར་དགེ་རྒན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཡིན་མོད།ངའི་ཁོར་ཡུག་ནི་རྒྱགས་སྐར་འགྲན་རྩོད་དང་རྒྱུགས་སྐར་གཙོ་བོ།རྒྱུགས་སྐར་དམིགས་ཡུལ།མདོར་ན་རྒྱུགས་སྐར་ལ་བརྟེན་ནས་སློབ་མའི་ལེགས་བཙོག་དགར་བ།སློབ་མའི་མདུན་ལམ་ཡོད་མེད་འབྱེད་པ།ད་རུང་སྐར་མ་མཐོ་དམན་གྱིས་སློབ་མར་འཕྱ་སྨོད་དང་རང་སྡུག་སྐྱེས་སུ་བཞག་སྟེ།སློབ་གསོའི་ཁ་ཕྱོགས་ཡོད་ཚད་རྒྱུགས་སྐར་ལ་གཏད་པའི་རྒྱུགས་རྨོངས་ཀྱི་ཚོགས་པ་དང་།ལས་ཀ་ཡོད་ཚད་རྣམ་པ་ཙམ་དུ་བཟོ་ཞིང་།ཆང་བཏུང་ལྷན་འཛོམས་ཀྱི་སྤྲོ་ཚོགས་ལ་དུང་བ་ཆེ་ལ་གཙོ་བོར་འཛིན་པའི་ལས་ཀ་ནི་ངའི་ཁོར་ཡུག་ཙམ་དུ་ཡོད་པས་ག་ལ་ཚད།བོད་ཡུལ་ཧྲིལ་བོར་ནད་ཡམས་བཞིན་རྒྱུན་འབྱམས་སུ་ཁྱབ་ཀྱིན་ཡོད།ལན་རེར་ང་ལ་སུན་སྣང་གི་ཚོར་བའང་སྐྱེས་ཡོང་།

ནམ་རྒྱུན་དུ་ཆང་བཏུང་བ་དང་སུ་སྔུན་དུ་བཟི་མིན་ལ་འགྲན་ཡ་བྱས་པའི་སྲོལ་ཀ་ཞིག་ནི་ན་གཞོན་པའི་དགེ་རྒན་དང་ལས་ཀ་གཞན་གྱི་ཁོར་ཡུག་ཏུ་དར་གྱིན་འདུག འདི་ནི་བསྡུར་རྒྱུ་ནོར་བ་དང་རང་འགན་འཆོར་བའི་ལས་ཀ་ཞིག་ཡིན་མོད།སུས་འདི་ལ་དམིགས་བསལ་གྱི་བསྒྱུར་བཅོས་དང་ལམ་སྟོན་གནང་བ་ནི་རི་བོ་ལས་ལྕི་བའི་ལས་ཀ་ཞིག་དང་གཞན་གྱིས་སྨྱོན་པ་རུ་བརྩི་བའི་ལས་ཀ་ཞིག་རེད།ངས་བསམ་ན་རྒྱུགས་སྤྲོད་ཀྱི་ལམ་ལུགས་འདིས་ནི་འདི་ལྟ་བུའི་སྲོལ་རྒྱུན་ཞིག་ཆགས་པར་རོགས་རམ་དམ་པོ་བྱེད་ཀྱིན་འདུག རྒྱུ་མཚན་ག་རེ་ཞེ་ན།རྒྱུགས་འཕྲོད་མི་འཕྲོད་ཀྱི་གནད་དོན་ནི་ནུས་པ་ལ་རག་ལས་པ་ལས་སེམས་བཟང་མིན་ལ་ནི་འབྲེལ་བ་སྤུ་ཙམ་ཡང་མེད།དགེ་རྒན་གྱི་རྒྱུགས་གཞིའི་ཁྲོད་ནས་སེམས་ཡག་བཙོག་དང་ལྷག་བསམ་ཡོད་མེད་བརྟག་པའི་ནུས་པ་མེད་པ་ནི་ཧ་ཅང་ཡིད་ཕམ་པའི་དོན་དག་ཅིག་རེད།དེ་ནི་བོད་གངས་ཅན་གྱི་ལྗོངས་ལ་ཡར་འགྲོ་དང་དོན་དང་མཐུན་པའི་འཕེལ་རྒྱས་མེད་པའི་གནད་འགག་གཙོ་བོ་ཞིག་ཡིན་ངེས།སློབ་གྲྭའི་གླིང་ནས་སློབ་གསོ་ཡི་ནུས་པ་ཞིག་མ་བཏོན་ན་བོད་ཀྱི་སྤྱི་ཚོགས་ནི་རེ་བ་མེད་པའི་སྡོང་རྒན་གཅེར་བུ་ཞིག་ལ་འགྱུར་གྱིན་ཡོད།ཆུ་ཕྲན་ཞིག་ཡིན་ན་ཆུ་མགོ་ནས་སྐམ་ན་ཆུ་རྔ་ནས་མེད་པར་འགྲོ་ལ།སྡོང་བོ་ཞིག་ཡིན་ན་སྡོང་རྩ་ནས་དྲང་མོར་མ་སྨིན་ན་སྡོང་མགོ་ཡང་འཁྱོག་པོར་སྐྱེས་འོང་།དེ་དང་ནང་བཞིན་དུ་སློབ་གྲྭའི་སློབ་གསོ་ནི་བོད་ཀྱི་སྲོག་རྩ་ཡིན་པས་དངོས་ནས་དྲང་གནས་གལ་ཆེན་པོར་མ་བཟུང་ན་ཕ་ཤི་ཁྱིམ་སྟོང་དུ་འགྲོ་བར་ཁ་ཐག་མི་རིང་ངོ།།

མ་གཞི་སློབ་གྲྭའི་གླིང་ནིི་རིག་གནས་སྦྱོང་སའི་གནས་ལེམས་པོ་ཞིག་ཡིན་མོད།ཉེ་བའི་ལོ་འདི་ཚོར་མི་རིགས་ཀྱི་འདུ་ཤེས་མེད་པ་དང་དགེ་རྒན་གྱི་འོས་འགན་མེད་པའི་ལས་བྱེད་པ་མང་པོ་སློབ་གྲྭའི་གླིང་དུ་འཚོ་བཞིན་ཡོད་པས།དུས་རྒྱུན་གྱི་ལབ་གླེང་ཙམ་ལས་ཀྱང་ཁོ་ཚོའི་སེམས་སུ་བྱིས་པའིི་སློབ་གསོ་འདི་ཡོད་མེད་ཀྱི་གནད་དོན་ལྷིང་ངེར་འབུད་པས།དུས་རྒྱུན་གྱི་ཚོགས་འདུའི་ཐོག་ཏུ་སློབ་མ་གཙོ་ཟེར་བའི་གཏམ་བཤད་ཁྲོད་ནས་བརྒྱ་ཆའི་ཕྱེད་ཀ་ནི་ཕྱི་ནང་འཆོལ་བའི་གཏམ་དུ་འཐུས།རྒྱུ་མཚན་དུས་རྒྱུན་གྱི་ཁོ་ཚོའི་བྱ་སྤྱོད་ཀྱིས་བྱ་བ་འདི་ལ་བཟུང་བའི་བསམ་པ་མངོན་གྱིན་ཡོད་པས་མི་སུས་ཀྱང་གསལ་བོར་ལོས་གོ དེ་ཡིན་པས་ན་ད་ལྟ་ང་ཚོའི་ལས་ཀ་གཙོ་ཆེ་བ་ནི་རྣམ་པ་རིང་ལུགས་དང་མགོ་སྐོར་རིང་ལུགས་ཀྱིས་ལྷད་པའི་བྱ་བ་ཡིན་རྐྱེན།ང་ལ་དབང་མེད་དུ་དེ་ལ་རྒོལ་བ་བྱ་དགོས་པའི་འདུ་ཤེས་ཤུགས་ཀྱིས་སྐྱེས་འོང་།

དེ་ན་ད་ལྟ་ཕྱིར་འཁོར་ནས་སྡེ་བ་འདིའི་དམངས་ཚོགས་ཀྱི་སྐོར་གླེང་ཙམ་བྱ། ང་རང་ལོ་འདི་ཤས་ལ་བསྡད་པའི་མྱོང་ཚོར་ནིི་གནས་འདིའི་ཡུལ་མི་རྣམས་ནི་དགེ་རྒན་ལ་བརྩི་བཀུར་ཆེ་ཞིང་།ཁོ་ཚོར་རིག་གནས་མེད་མོད་སློབ་མ་ཅི་ནུས་ཀྱིས་སློབ་གྲྭར་སྐྱེལ།རིག་གནས་སྦྱོང་བར་རྒྱབ་སྐྱོར་གནང་།འོན་ཀྱང་།ངས་བརྗོད་ཀྱིན་པའི་རྒྱབ་སྐྱོར་ནི་ཁྱིམ་བདག་གིས་སློབ་མ་སློབ་གྲྭ་ལས་མ་འཐེན་པ་ཙམ་ལས།སློབ་མར་ལྟ་སྐུལ་གྱི་ཐོག་ནས་ཁྱིམ་བདག་གི་བྱ་སྤྱོད་ཤིན་ཏུ་ཞན།དེ་ལ་ཡང་རྒྱུ་མཚན་ཡོད་དེ།ཕ་མ་དག་ནི་ཞིང་འབྲོག་གི་ལས་ལ་གཞོལ་དགོས་པས་རྒྱུན་དུ་དེ་འདྲའི་ཁོམ་པ་མེད་པ་དང་།ཡོད་རུང་བྱིས་པའི་སྦྱངས་འབྲས་ཡག་མིན་ནི་དགེ་རྒན་གྱི་འོས་འགན་དུ་འཕེན་ཞིང་བྱིས་པ་ཁྱིམ་ནས་བསྟན་བཤུགས་ཀྱི་ལས་ཀ་མ་བསྒྲུབ་ན་ཕ་མའི་ལས་འགན་རྫོགས་པར་བརྩི།རྒན་རྒོན་རྣམས་ནི་ཆོས་སྒྲུབ་པར་བྲེལ་དགོས་པ་དང་ཁྱིམ་ཚང་གི་བྱ་བ་ཙག་ཙིག་སྒྲུབ་པས་བྱིས་པའི་འགྲོ་འདུག་ཉལ་གསུམ་ལ་སེམས་ཁུར་བྱས་པ་ལས་སློབ་སྦྱོང་ལ་དོ་ཁུར་བྱ་ཡང་མི་ཤེས་ལ་བྱ་ཡང་མི་འདོད།རྒྱུ་རྐྱེན་འདིའི་དབང་གིས་བྱིས་པ་སློབ་གྲྭར་བསྐྱལ་བ་ནས་བཟུང་ཡོད་ཚད་དགེ་རྒན་གྱི་སྟེང་དུ་འདེད་ལུགས་ནི་ཁྱིམ་བདག་གི་སྒྱུད་ལུག་དང་རྨོངས་རྟུལ་མངོན་པའི་རྟགས་མཚན་ཞིག་རེད་ལ།བྱིས་པའི་མདུན་ལམ་སྐར་བརྒྱ་ནས་དྲུག་ཅུར་ལྷུང་བའི་ལྟས་ངན་ཞིག་ཀྱང་རེད།མི་མང་པོས་བྱིས་པར་རང་སེམས་ཡོད་ན་དགེ་རྒན་དང་ཁྱིམ་བདག་གི་སེམས་ཁུར་ནི་དོན་མེད་ཙམ་ཡིན་པར་བརྗོད།ཡིན་ཡང་།ང་ཚོ་ལ་འདི་ལྟ་བུའི་རང་སེམས་ཡོད་མཁན་གྱི་བྱིས་པ་ག་ཚོད་ཡོད།ང་ཚོས་སྐར་གཅིག་ཙམ་གྱི་རེ་བ་ལ་བརྟེན་ནས་བྱིས་པ་ཞིག་གི་མི་ཚེ་གལ་ཏེ་ལ་བསྒྱུར་བ་དང་།ང་ཚོས་ངལ་བ་ཕྲན་བུ་བགྱི་བའི་ལེ་ལོ་རིམ་དུ་བསྙལ་ནས་མི་རིགས་ཤིག་གི་མདུན་ལམ་རུལ་དུ་འཇུག་པ་ནི་མི་ལོ་ག་ཚོད་ལ་བསམ་བློ་བཏང་ཡང་།ཕམ་ཁ་དང་རུལ་སུངས།ངོ་ཚ།ཐ་ཤལ།སྐྱག་རྫུན།ནུས་མེད་ལ་བརྩི་བ་ལས་རྒྱལ་ཁ་ལ་ནམ་ཡང་བརྩི་མི་སྲིད།

བོད་ཡུལ་གྱི་ཆེས་དབང་ཤེད་མཐོན་པོ་དང་དམངས་ཀྱི་སེམས་ཁ་ཕྱོགས་གཅིག་ཏུ་བསྒྱུར་ཐུབ་མཁན་ནི་བླ་སྤྲུལ་མ་གཏོགས་དཀོན།ད་རུང་བོད་དམངས་ཚོགས་ཀྱི་རིན་ཐང་གི་ལྟ་བ་དང་ཚེ་གཅིག་གི་མདུན་ལམ་སྟོན་པའི་རིག་གཞུང་ནི་སངས་རྒྱས་ཆོས་མ་གཏོགས་དཀོན་པོར་འདུག དེ་ན་སངས་རྒྱས་ཀྱི་ཆོས་ནི་བླ་སྤྲུལ་ལ་བརྟེན་ནས་དམངས་ཚོགས་ལ་སྤེལ་དགོས་པས།བླ་སྤྲུལ་གྱིས་བོད་མི་དམངས་ལ་གཞན་ཕན་དང་ཚེ་ཕྱི་མར་ཕན་པའི་རིན་ཐང་གི་ལྟ་བ་ཁྱབ་སྤེལ་དུ་གཏོང་།ཡིན་ནའང་།རྒྱུན་དུ་རང་ལས་བརྒལ་བའི་ཆོས་ཇི་ལྟར་སྙེག་པ་དང་ཚེ་ཕྱི་མའི་འདོད་དོན་ཇི་ལྟར་འཚོལ་ཚུལ་དག་དག་ཁྲིད་ནས།ཚེ་འདི་ནི་ཚེ་ཕྱི་མའི་གྲིབ་མ་ཙམ་དུ་གྱུར་ནས་དངོས་ཡོད་ཀྱི་འཚོ་བ་ལ་རྒྱབ་འགལ་བྱེད་པ་ནི་བོད་གངས་ལྗོངས་ཀྱི་ལུང་པ་འདིར་ཕམ་ཁ་ཁུར་བའི་རྟགས་མཚན་དང་།བླ་སྤྲུལ་རྣམ་པའི་ཆོས་ཁྲིད་ལུགས་ལ་ཉེས་སྐྱོན་ཡོད་པར་ཐེ་ཚོམ་མེད།ཅིའི་ཕྱིར་ཞེ་ན།སངས་རྒྱས་ཆོས་འདི་ནང་སེམས་ཀྱི་ཚན་རིག་ཅིག་ཡིན་པར་གནའ་དེང་གི་མཁས་པ་མང་པོས་བཞེད་ཀྱིན་ཡོད།དེ་ན་འདི་ལྟ་བུའི་རིན་ཐང་ཅན་གྱི་རིག་གནས་ཤིག་ཅིའི་ཕྱིར་བོད་མི་རིགས་ཀྱི་ཀླད་སེམས་ལ་བཟི་ཁབ་ནང་བཞིན་དུ་འཐིམ་ནས་བོད་དམངས་ཚོགས་སྦྲིད་སྦྲིད་དུ་འདུག་པ་ནི་རིག་གནས་དེའི་སྐྱོན་མ་ཡིན་པར།རིག་གནས་ལ་བཟུང་བའི་ལྟ་ཚུལ་དེ་གཡོན་སོང་བས་རེད།དེ་རིང་འདི་ནས་རིག་གཞུང་ལ་ཆེད་དུ་དཔྱད་པའི་ནུས་པ་མེད་ལ།བྱ་ཡང་མི་འདོད།དེ་ནི་མཁས་པ་མང་པོས་ར་སྤྲོད་ཟིན་པས་ངས་འདི་ནི་གཡག་ཁལ་ཤིག་གིས་ལས་མི་ནུས།ཡིན་ནའང་།ངས་འདི་བརྗོད་པའི་རྒྱུ་མཚན་ནི་།བོད་མི་དམངས་ཀྱིས་ཆོས་བསྒྲུབ་ན་མི་ལེགས་པ་མ་རེད་མོད།ཆོས་ཀྱི་ཆེད་དུ་མི་ཇི་ལྟར་བཅའ་ལུགས་དང་མི་རིགས་ལ་ཇི་ལྟར་དགའ་བ་དོར་ན།དེ་ལས་གསལ་བོར་བཤད་ན།ཆོས་ཀྱི་རིན་ཐང་ཁ་འདོན་དང་སྐོར་བ་དག་དག་ལ་བཀལ་ནས་རིག་གཞུང་གི་ཉུང་བཅུད་ལ་གོ་བ་མ་བླངས་ན།དེ་ལས་ཀྱང་ཐད་ཀར་བརྗོད་ན།ལོ་ཆུང་དུས་སུ་འཁྱར་འཁྱོར་གྱི་ལས་ཀ་བསྒྲུབ་སྟེ་ལོ་རྒས་དུས་དགེ་བས་འགྱོད་བཤགས་བྱ་བསམ་མཁན་གྱི་མི་ཚང་མ་ནི་བོད་ལ་མཚོན་ན་མི་རིགས་བཤུགས་མཁན་དང་།རྒྱལ་ཁབ་ལ་མཚོན་ན་རང་བཀུར་མེད་པའི་གདོལ་ཚོགས།རང་སྒེར་ལ་མཚོན་ན་དོན་མེད་དུ་དུས་ཚོད་འཕྲོ་བརླག་བྱ་བའི་རྐྱལ་སྟོང་རེད།དེའི་ཕྱིར་ན།ང་ཚོས་ཆོས་བསྒྲུབ་ན་ཆོས་ཀྱི་སྙིང་བོ་འཚོལ་དགོས།མི་ཡིན་ན་མི་ཚེའི་རིན་ཐང་སྙེག་དགོས།བོད་ཡིན་ན་རིགས་ཀྱི་མགོ་རྔ་འཚོ་དགོས།དེ་ན།རིག་གནས་མེད་པ་དང་གནས་ལུགས་མི་གོ་བའི་ཕ་མ་དང་རྒན་རྒོན་རྣམས་ལ་བླ་སྤྲུལ་རྣམ་པས་ཆོས་ཇི་ལྟར་བསྒྲུབ་དགོས་པ་བསླབ་པའི་ཐོག་ལ།བྱིས་པ་ཇི་ལྟར་སྐྱོང་ཚུལ་དང་བྱིས་པ་ལེགས་པོར་སྐྱོང་རྒྱུ་ནི་མི་རབས་ཇི་ལྟར་མཐུད་སྐྱོང་གི་གནད་དོན་ཡིན་པ་ནན་ནན་ཏན་ཏན་དང་ཨ་ནས་ཡང་དུ་འཆད་དགོས་པར་འདུག

ང་ཚོས་གོམ་པ་དང་པོ་མ་སྤོས་གོང་ནས་བྲེལ་བ་ཆེན་པོའི་གོམ་པ་གཉིས་པ་སྙེག་པའི་བསམ་བློ་ནི་ཆེས་དམིགས་ཡུལ་མེད་པ་དང་ཆེས་མདུན་ལམ་མེད་པའི་བྱ་སྤྱོད་ཀྱི་རྒྱུ་རྐྱེན་རེད།ངས་མཐའ་གཅིག་ཏུ་བྱ་སྤྱོད་དེ་དག་ལ་རྒོལ་བ་བྱེད་ཀྱིན་ཡོད།སྙིང་གཏམ་དམར་བོ་ཞིག་བཤད་ན།ང་ཚོས་བློ་གཅིག་སེམས་གཅིག་གིས་གོམ་པ་རེ་རེ་སྤོས་ནས་དམིགས་ཡུལ་དུ་བསྐྱོད་དགོས།ཁ་དཔེ་ལ།ལག་སྟོང་དུ་གཡུལ་སར་ཞུགས་ན་མགོ་རིལ་རིལ་ལ་ཆག་སྐྱོན་འབྱུང་ལ།ལུས་ནར་ནར་ལ་རྨ་ཁ་འབྱུང་ཞེས་པ་ལྟར།མདོར་ན།བྱ་བ་ཆེན་པོ་སྒྲུབ་ན་ཡུན་གྱིས་བསྒྲུབ་དགོས།ངས་འདི་ལྟར་བཤད་པའི་རྒྱུ་མཚན་ནི།ང་ཚོའི་དགེ་རྒན་དང་ཁྱིམ་བདག་ཚང་མ་ལ་འཆར་གཞི་མེད་པའི་སྨྱོ་ཚུལ་ཞིག་དང་གྲ་སྒྲིག་མེད་པའི་སྨྱོ་ཚུལ་གཉིས་ཡོད།དང་པོ་ནི་རྒྱུན་དུ་བྱ་བ་ཞིག་ཉག་གེ་ཉོག་གེར་སྒྲུབ་ཀྱིན་འདུག་མོད།ལྷོད་ལ་བབས་དུས་ཅིའང་འགྲུབ་མེད་པ་ནི་འཚོ་བར་འཆར་གཞི་མེད་པའི་རྟགས་རེད།གཉིས་པ།བྱ་བ་ཞིག་ལ་འཆར་གཞི་ཞིག་མེད་སོང་ན་ཁྱི་སྨྱོན་མགོ་ལ་རྡོས་བརྒྱབ་པ་ནང་བཞིན་ཡིན་པས་བྱ་བ་ཅི་འདྲ་ཞིག་ཡིན་རུང་།གྲ་སྒྲིག་མེད་ཅིང་རྣམ་ཤེས་བློང་བློང་པོར་ཆང་གིས་བཟི་བ་ནང་བཞིན་དུ་འགྱུར།དེའི་རྒྱུ་མཚན་གྱིས་དེའི་ཐོག་ལ་སྨྱོ་འཚབ་ཧམ་འཚུབ་བྱས་ནས་འབྲས་བུ་ཆེན་པོ་ཞིག་ལ་རེ་སྙེག་བྱེད་པ་ནི་སྤྲེའུས་ཚོགས་ཀྱིས་ཆུ་ནང་གི་ཟླ་བ་སྐྱོབ་པའི་དཔེ་ལྟར་དུ་འགྱུར།དེ་བཞིན།བོད་སྤྱིའི་ངོས་ཐད་ནས་ཀྱང་གནས་ལུགས་འདི་ལ་བརྩི་བཀུར་གནང་དགོས།རྒྱལ་ཁབ་ཀྱིས་ང་ཚོར་དབུགས་འབྱིན་པའི་ཁུང་བུ་ཆུང་ཆུང་ཞིག་ལས་སྟེར་མེད་མེད་པའི་དབང་དུ་བཏང་ནའང་།ཐོག་མར་ང་ཚོས་སྒྲུབ་དགོས་པ་ནི་ཁུང་བུ་ཆུང་ཆུང་དེ་བེད་སྤྱད་དེ་མི་ཁྲི་ཁྲི་འབུམ་འབུམ་འཚོ་ཐབས་བྱ་རྒྱུ་དང་དེ་ནས་ཁུང་བུ་ཇེ་ཆེར་གཏོང་ཐབས་ཀྱི་ཡུན་རིང་གི་འབད་བརྩོན་བྱེད་དགོས་པ་ལས།འཆར་གཞི་མེད་པར་འུར་ཆ་ལངས་ཏེ་བོད་མི་ཁྲི་ཚོ་མང་བོའི་སྲོག་འཕེན་པ་ནི་ཆེས་རྨོངས་རྟུལ་གྱི་ལས་ཀ་ལས་རྒྱུ་དེ་མ་རེད།དེའི་ཕྱིར་ན།ཕྲན་ལ་རྒྱལ་ཁབ་དང་བོད་ལ་སེམས་པ་དཀར་བའི་མི་བུ་དང་དཔའ་བོ་རྣམ་པར་ཞུ་རྒྱུ་ཞིག་ཡོད་པ་ནི།གལ་ཏེ་ཞིག་གི་ཆེད་དུ་སྲོག་མ་འཕེན།དེ་ནི་འཕྲོ་བརླག་རེད།དེ་ནི་རྨོངས་ལས་རེད།རིགས་ཞེན་གྱི་སྒྲོན་མེ་གནས་གཅིག་ཏུ་སྦར་ནས་འོད་འགྱེད་པ་ལས་ཁོད་ཡངས་བའི་ལམ་ཆེན་དུ་བགྲོད་དེ་མིའི་ཚོགས་ལ་མདུན་ལམ་བསྟན་པས་ཕན་ཐོགས་སོ།།

འདི་ལྟར་འཕྲོར་ནས་འཕྲོར་སྐད་ཆ་མང་པོ་ཞིག་བཤད་ཡོང་དུས།ད་གཟོད་ཉག་ཕྲ་བའི་བསམ་བློའི་ཁོངས་གསེང་ནས་རང་ཉིད་ཀྱིས་འདས་པའི་དུས་ཚོད་ལ་འགན་མི་ཁུར་བའི་ངལ་དུབ་ཀྱིས་ཤན་པའི་འཚོ་བར་རྒྱང་བཀྱེད་བྱ་དགོས་པའི་སེམས་ཚོར་སྐྱེས་འོང་བ་དང་།རང་དང་འདྲ་བའི་ན་གཞོན་གྱི་ཚོགས་ཏེ།དང་པོ་རིགས་ཞེན་གྱི་མེ་ལྕེ་རྩྭ་སྐམ་འབར་བ་བཞིན་མེ་ལྕེ་དགོངས་ལ་མཆོངས་ཏེ་ཚེ་སྲོག་གི་གསོན་ཤུགས་མངོན།བར་ནས་བུད་ཤིང་རློན་པ་མེར་འབུད་པ་ནང་བཞིན་འབར་གྱིན་ཡོད་ལ་འབར་བ་ཞན་པའི་ཤི་མིན་གསོན་མིན་གྱི་ཚེ་སྲོག་སྐྱོང་།མཐའ་མར་རྡོ་ལ་མེ་ལྕེ་བསྐུད་རུང་འབར་བ་མེད་ཅིང་མཁྲེགས་ཞེན་རྒོད་པོས་རིགས་ཞེན་རྫོགས་ཀྱིན་པའི་ལོ་ཆུང་དང་དར་མའི་ཚོགས་ལ་དྲན་སྐུལ་གྱི་ཚུལ་དུ་ནན་ཏན་གྱིས་བརྗོད་པ་ཡིན།ང་ཚོ་ལ་དགྲ་བོ་འཇིགས་སུ་རུང་བ་ཞིག་ཡོད་པ་ནི་འཚོ་བ་དང་རང་ཉིད་རེད།ང་ཚོ་རྒྱལ་སའང་འདི་ཡིན་ལ་ཕམ་སའང་འདི་རེད།འདིས་ང་ཚོར་སྒོར་གཅིག་ལས་མེད་རུང་ཕྱུག་པོ་ཡིན་སྙམ་པའི་ཆོག་ཤེས་གནང་ལ།འདིས་ང་ཚོར་གྲི་རྣོན་པོས་མགྲིན་པ་གདུམ་བཞིན་ཡོད་རུང་མགྲིན་པས་གྲི་རྣོན་པོ་གདུམ་གྱིན་ཡོད་པའི་འཁྲུལ་སྣང་བསྐྲུན།འདིས་ང་ཚོར་གཞིས་ཁྱིམ་གོར་མོ་ཆུ་ནག་ཆེན་པོས་དྲིལ་གྱིན་ཡོད་མོད་ཤི་མིན་གསོན་མིན་ལས་ལ་བཅོལ་བའི་ཚུགས་མེད་སྡར་མ་གཉོམ་པོའི་སྙིང་རྩ་གསོས།དེ་ན་ང་ཚོ་ནི་ནམ་ཡང་འཚོ་བའི་བྲན་གཡོག་ཏུ་འགྱུར་གྱིན་ཡོད་པའི་ར་བ་ལས་ཕྱིར་བརྒལ་ཐུབ་དགོས།དེ་དགོས་ན་འདུ་ཤེས་བརྟན་པོ་དང་འཚོ་བ་ལ་གཏོང་གཏད་བྱ་བའི་སྙིང་སྟོབས་ཆེན་པོ་ཡོད་དགོས་སོ།།

༢༠༡༥ ༦ ༡༣ཉིན་བོད་སྐད་བཤད་གྱིས་རང་ཤག་ཏུ་གྲུབ།

 

བསྟོད།9

དཔྱད་མཆན་སྤེལ།