ཀུན་སྤྱོད་ཀྱི་ར་བ་ལས་བརྒལ་བའི་གདོལ་སྤྱོད།

ཀུན་སྤྱོད་ཀྱི་ར་བ་ལས་བརྒལ་བའི་གདོལ་སྤྱོད།

-----བོད་སྐད་བཤད།

དེང་སང་གསར་དུ་འདི་ལྟ་བུའི་དོན་དག་ཅིག་བོད་ཀྱི་ས་ཆ་སོ་སོར་དར་གྱིན་ཡོད། འཁྲིག་སྤྱོད་ཀྱི་པར་རིས་དང་བརྙན་ཐུང་སོགས་གཙོ་བོར་བཟུང་སྟེ།མིའི་སྤྱོད་པ་དང་མི་མཐུན་ཞིང་ཁྲིམས་ལུགས་དང་རྒྱབ་འགལ་དུ་ཕྱིན་པ།ལས་རྒྱུ་འབྲས་རྒྱབ་ཏུ་དོར་བའི་བྱ་ངན་སྐྱུགས་བྲོ་བ་བོད་ཡུལ་གྱི་ལུང་སྡེ་སོ་སོ་ནས་འོང་གིན་ཡོད།དོན་དག་འདི་ཚོ་མི་མང་ཆེ་བ་ཞིག་གིས་མཚར་སྣང་བསྐྱེད་བྱ་དང་འདོད་པ་སློང་བྱེད།དུས་ཚོད་སྐྱེལ་བྱེད་ཅིག་ཏུ་བཟུང་སྟེ་བརྙན་ཐུང་འདི་ཚོ་རང་གིས་བལྟ་བ་དང་གཞན་དུ་སྐུར་བ་སོགས་བྱེད་ཀྱིན་ཡོད་པ་ནི་ཀླ་ཀློ་དང་གདོལ་སྤྱོད།ཁྲམ་པ།སྤྱོད་ངན་གྱི་ལས་ཀ་ཞིག་ཅིས་མ་ཡིན།

གཅིག འཁྲིག་སྤྱོད་བརྙན་ཐུང་དགག་བྱའི་ཚད་གནས་ཤིག་ཡོད་དགོས།

ཕོ་མོའི་བར་གྱི་འཁྲིག་སྤྱོད་ཀྱི་ཚོར་སྣང་སྙེག་པ་ནི་ཁྱིམ་པ་བ་ཞིག་ལ་མཚོན་ན་བཀྱེད་ཐབས་མེད་པ་དང་འདོར་ཐབས་བྲལ་བ་ཞིག་ཡིན་པ་མི་ཚང་མས་གསལ་བོ་ཤེས་ངེས།དེ་ཡིན་པས་ན་མི་གཙོ་ཆེ་བ་འཁྲིག་སྤྱོད་དང་འབྲེལ་བའི་བརྙན་ཐུང་དང་པར་རིས།དུས་དེབ།ཚགས་པར་སོགས་ལ་བལྟ་རྒྱུ་དེ་ལས་དགའ་ཕྱོགས་གཞན་དག་ལས་སེམས་འདུན་སྐྱེས།དྲང་མོར་བཤད་ན།དེ་ཡང་ནོར་འཁྲུལ་ཞིག་མ་རེད།འཁྲིག་སྤྱོད་བརྙན་ཐུང་ནི་ཕོ་མོ་ཕྱོགས་གཉིས་ནས་འཐད་པ་བྱས་ཞིང་ལས་དེ་ཁ་གསོ་ཐབས་ཤིག་ལ་བལྟས་ཏེ་པར་ནས་ཚོང་འགྲེམ་བྱ་བ་ནི་མི་སྒེར་གྱི་འཚོ་ཐབས་ཤིག་ཡིན་པས་ལེགས་དང་མི་ལེགས་འདི་རུ་མི་གླེང་།ཡིན་ནའང་།ང་ཚོས་ཤེས་དགོས་རྒྱུ་ནི་འཁྲིག་སྤྱོད་བརྙན་ཐུང་འདི་སུ་དག་གིས་བལྟ་འོས་དང་སུ་དག་གིས་བལྟ་མི་འོས་པའི་གནད་དོན་འདི་ཡིན།དེ་ཡང་ལོ་ཚོད་ཀྱི་ཐོག་ནས་བཤད་ན་ལོ་བཅོ་བརྒྱད་མན་གྱི་ན་གཞོན་གྱི་ཚོགས་ལ་གཏན་འགོག་བྱ་དགོས།དེ་ནས་ལས་ཀའི་ཐད་ནས་བཤད་ན་སློབ་མ་དང་གྲྭ་བ།ཅོ་མོ་སོགས་ཀྱི་རིགས་ལ་གཏན་འགོག་བྱ་དགོས།

རྒྱུ་མཚན་ཅིའི་ཕྱིར་ལོ་བཅོ་བརྒྱད་མན་གྱི་ན་གཞོན་གྱི་ཚོགས་ལ་འགོག་དགོས་ཤེ་ན། དེ་སྔོན་དོན་དག་འདི་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་མང་པོ་འབྱུང་བཞིན་ཡོད།དཔེར་ན།འཁྲིག་སྤྱོད་ཀྱི་བརྙན་ཐུང་ལ་བལྟས་པ་ཚད་བརྒལ་བྱུང་སྟེ་རང་སྟེང་གི་འདོད་པ་འཕེལ་ནས་ཚབས་ཆུང་ན་སྨད་ཚོང་མ་བཙལ་དུ་འགྲོ་བ་དང་།ཚབས་ཆེ་ན་བཙན་གཡེམ་གྱི་ཁྲིམས་འགལ་བྱ་བ་སྒྲུབ་ཀྱིན་ཡོད།དེ་ནས་སློབ་མ་དང་གྲྭ་བ།ཅོ་མོ་སོགས་ལ་ཅིའི་ཕྱིར་འགོག་དགོས་ཤེ་ན།སློབ་མ་ལ་ལས་འཁྲིག་སྤྱོད་ཀྱི་བརྙན་ཐུང་མི་ཆེན་གྱི་ཁ་པར་ལས་མཐོང་བ་དང་།ཡང་ན་མི་ཆེན་དང་མཉམ་དུ་བལྟ་བ།ཡང་ན་མི་ཆེན་གྱིས་འཁྲིག་སྤྱོད་བྱེད་ཀྱིན་པ་མཐོང་བ་དང་།དེ་དང་འབྲེལ་བའི་ཆགས་གཏམ་སྨྲ་བ་སོགས་ཐོས་ཏེ་བྱ་བ་ཚབས་ཆེན་འབྱུང་བཞིན་ཡོད།དཔེར་ན།ཉེ་བའི་ལོ་འདི་ཚོར་སློབ་ཆུང་གི་སློབ་མ་ཡིན་རུང་དགའ་ས་སྒྲིག་པ་དང་མཉམ་དུ་ཉལ་བ་སོགས་བྱེད་ཅིང་།སློབ་འབྲིང་དང་མཐོ་འབྲིང་དུ་བརྒལ་དུས་འཁྲིག་སྤྱོད་ཀྱི་ལས་ཀར་གཞོལ།དེའི་རྒྱུ་མཚན་གྱིས་རྒྱུ་ལ་འབྲས་ཞེས་པ་བཞིན་སློབ་གྲྭ་ནས་མངལ་ཆགས་ཏེ།སེམས་ཅུང་ཙམ་ལེགས་པའི་གྲས་ཡིན་ན་ཕ་མ་དང་གཉེན་ཉེའི་རྒོལ་རྡུང་ལ་མི་སྐྲག་སྟེ་བྱིས་པ་བཙས་ཀྱིན་ཡོད།འོན་ཀྱང་།ལས་རྒྱུ་འབྲས་མི་བརྩི་བའམ་བྱིས་པ་ཡོད་པར་མི་འདོད་པའི་སློབ་མ་ཚོས་སྨན་ཁང་དུ་སོང་སྟེ་སྙིང་རྗེ་མེད་པར་ཕྲུ་གུ་མངལ་ནས་གསོད་ཀྱིན་ཡོད།བྱ་སྤྱོད་འདི་ལ་ལྟོས་དང་།སྐར་མ་འགའི་བདེ་ཚོར་ལ་སེམས་མོས་སྐྱེས་ཏེ་མངལ་ནས་ཕྲུ་གུའམ་ཚེ་སྲོག་ཅིག་མེད་པར་བཟོ་བ་ནི་བློ་ལྡན་གྱི་མི་ཞིག་ཡིན་ན་ཇི་ལྟར་སེམས། ཐ་མར་གྲྭ་ཅོ་ལ་འགོག་དགོས་པའི་རྒྱུ་མཚན་ཉུང་ཙམ་བཤད།ང་ཚོར་ལག་འཕྲིན་ཡོད་པ་ནས་བཟུང་།སྐུད་མེད་དྲྭ་དང་འཁྱེར་འཕྲིན་གྱི་ཨང་རྩིས་སོགས་སྤྱད་དེ་བརྙན་ཐུང་དང་འདྲ་པར་ཅི་རིགས་ལ་བལྟ་ཆོག དེ་ཆོག་པས་གྲྭ་ཅོའི་ཚོགས་ལའང་འཁྲིག་སྤྱོད་ཀྱི་བརྙན་ཐུང་ཕན་ཚུར་སྐུར་རེས་བྱེད་པའི་ལས་ཀ་ཞིག་དར་གྱིན་ཡོད།སྤྱིར་བཤད་ན་ལག་འཕྲིན་འདི་བཀོལ་ཤེས་ན་སློབ་སྦྱོང་བྱ་སའི་སྟེགས་བུ་ལེགས་པོ་ཞིག་ཡིན་མོད།བཀོལ་མ་ཤེས་ན་དུས་ཚོད་འཕྲོ་བརླག སྒོར་མོ་འཕྲོ་བརླག མི་ཚེ་འཕྲོ་བརླག་གི་རྒྱུ་རུ་འགྲོ དེའི་ཕྱིར་ན།ལག་འཕྲིན་འདི་བཀོལ་ས་ནོར་ནས།ལག་འཕྲིན་འདིའི་རྐྱེན་གྱིས་བཟའ་འཐོར་བྱུང་གྲངས་དེ་ལག་འཕྲིན་འདི་མ་ཡོད་པའི་སྔུན་གྱི་བརྒྱ་ཆ་ལྔ་བཅུ་ཙམ་འཕེལ་ཡོད་པ་ནང་བཞིན།གྲྭ་ལོག་ཅོ་ལོག་ཀྱང་དེ་སྔོན་ལག་འཕྲིན་མེད་པའི་དུས་ཚོད་ལས་ལྡབ་འགྱུར་གྱིས་མང་།འདིའི་ནང་གི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་འཁྲིག་སྤྱོད་སྐོར་གྱི་བརྙན་ཐུང་གྲྭ་ཅོ་ཕན་ཚུན་ལ་བསྐུར་བས་ཡིན། དེའི་ཕྱིར།སློབ་མ་དང་ན་གཞོན་ལ་མི་ཆེན་གྱི་ལྟ་སྐྱོང་འོག་ནས་འཁྲིག་སྤྱོད་དང་འབྲེལ་བའི་བྱ་བ་ཅི་རིགས་གནས་སྐབས་འབྲེལ་བ་མེད་པ་བཟོ་དགོས།དེ་མིན་གྲྭ་ཅོ་ལོ་ཉི་ཤུ་བརྒལ་ཟིན་པ་ཡིན་ན་རང་ཉིད་རང་གི་ལྟ་སྐྱོང་འོག་ཏུ་གནས་དགོས་རྐྱེན།འཁྲིག་སྤྱོད་དང་འབྲེལ་བའི་བརྙན་ཐུང་སོགས་ལ་རང་ཤུགས་ཀྱིས་རྒྱང་བཀྱེད་བྱ་དགོས།

དེ་ཡང་གནད་དུ་བཟུང་ནས་འདིར་བརྗོད་རྒྱུ་ནི།ཕ་མ་རྣམས་ཀྱིས་ལས་ཀ་འདི་ལ་མཐོང་ཆེན་བཟོ་དགོས།ཕ་མའི་ལག་འཕྲིན་དང་གཏམ་སྤྱོད་སོགས་ནས་འཁྲིག་སྤྱོད་དང་འདོད་ཆགས་ཀྱི་བྱ་སྤྱོད་རང་གི་ཕྲུ་གུའི་མདུན་ནས་ངེས་པར་དུ་སྤངས་དགོས།ལྷག་པར་དུ་འབྲོག་པའི་ཡུལ་དུ་དར་བའི་ལོ་ཆུང་དུས་ནས་མཚན་ཉུལ་དུ་འགྲོ་བ་དང་།འདོད་སྨྱོ་ཡི་གཏམ་སྨྲ་བ་སོགས་ལ་ཕ་མ་རྣམས་ཀྱིས་འགན་ལེགས་པོ་ཁུར་དགོས། ཕ་མ་ལ་ལས་བུ་ཕྲུག་གི་སྔུན་ནས་འདོད་གཏམ་སྨྲ་བ་དང་།འཁྲིག་སྤྱོད་ཀྱི་གློག་བརྙན་སོགས་ལ་བལྟས་ཏེ།སྒེར་གྱི་ཚོར་འདུན་སྐོང་ཆེད།བུ་ཕྲུག་གི་མདུན་ལམ་ལ་བསམ་བློ་མི་གཏོང་བ་ནི་རང་བློ་ཅན་དང་།ཕྱོགས་ཞེན་ཅན།གདུག་རྩུབ་ཅན་གྱི་བྱ་སྤྱོད་ཡིན་པ་སྨྲོས་སུ་མེད།

གཉིས།དུད་འགྲོའི་སྤྱོད་པ།

དུད་འགྲོ་ནི་ངོ་ཚ་མི་ཤེས་ལ།རང་གི་མ་ཡིན་ཡང་གཡེམ་པར་བྱ།དེའི་རྒྱུ་མཚན་གྱིས་ང་ཚོས་མི་ཐ་ཤལ་ལ་ཁྱོད་དུད་འགྲོ་ཨེ་རེད་ཅེས་པའི་མཚང་མིང་འདོགས།འདི་གཅིག་བྱས་ན།མི་སུ་ཞིག་ཡིན་རུང་རང་ལ་རང་གི་ཐོབ་ཐང་ཞིག་ཡོད་པས་འདི་ལྟར་མཚང་མིང་བཏགས་ན་མི་འོས་མོད།ཡང་གཅིག་བྱས་ན།མི་རེ་ལ་ཡོད་པའི་རང་གི་ཐོབ་ཐང་དེ་མི་མ་ཡིན་པའི་བྱ་སྤྱོད་ལ་འཇུག་པའི་སྒོ་ཐེམ་ཡིན་མི་སྲིད་པས་ན།རང་གི་ཐོབ་ཐང་རང་གིས་རྒྱུ་འབྲས་བློ་མིག་ལ་བརྩི་བཀུར་བྱས་ཏེ་བདག་སྲུང་བྱ་དགོས།

དེང་སང་ཐག་ཞོར་འབྲང་དྲུད་ཅེས་པ་བཞིན།མི་རིགས་གཞན་འཕེལ་རྒྱས་སོང་བ་དང་བསྟུན་ནས་བོད་མི་རིགས་ཀྱང་ཅུང་ཙམ་འཕེལ་རྒྱས་ལ་འགྲོ་བཞིན་ཡོད།དེ་ཡིན་པས་ན།ཟས་གོས་ལ་དཀའ་ལས་ཆེན་པོ་བྱ་མི་དགོས་པ་དང་། མི་གཙོ་ཆེ་བ་ལ་ཁོམ་པ་ཡང་ཡོད།ལས་རྒྱུ་ཡང་མེད་ཡོང་དུས།བྱ་བ་ཅི་རིགས་ཀྱིས་ངལ་དུབ་སྐོང་བར་བྱེད།དཔེར་ན།བོད་མི་མང་པོ་ཞིག་གིས་སྒོ་ཟོག་འགའ་རེ་བཤས་རར་བཙུད་དགོས་ཀྱང་འཁོར་ནག་རེ་ཉོས་ཤིང་།ཀུ་ཤུ་ཁ་པར་རེ་ལག་ཏུ་བཟུང་སྟེ།ཁྱིམ་མཚེས་དང་ཁྱིམ་མཚེས་བར་ལ་ཕན་ཚུན་རྒྱུ།མནའ་བཅད་དང་མནའ་བཅད་བར་ལ་སྤྲོ་དགའ་བསྡུ།དེ་ལྟར།འོང་སྒོ་སེན་ལྡོག་ཙམ་འབྱུང་ས་ཡོད་པར་སེམས་པ་གཏད་དེ་དུས་ཚོད་ཆུ་བཞིན་སྐྱེལ་གྱིན་ཡོད།

མི་ཟེར་བ་དེ་ལས་རྒྱུ་མེད་འོང་དུས།བསམ་སྤྱོད་ཀྱི་སྙིགས་གཤིས་ཀྱང་རིམ་བཞིན་ཕྱི་རུ་བརྡོལ་འོང་།དེ་ཡང་ཟུར་ཙམ་འདི་རུ་བཀོད་ན།རྒྱལ་ཁབ་ཀྱི་ཁྲིམས་དང་མི་མཐུན་ཞིང་མིའི་རིགས་ཀྱི་ཀུན་སྤྱོད་དང་མི་མཐུན་པའི་བྱ་བ་སྟེ།མི་གཞན་ཕན་ཚུན་དུང་ནས་འཁྲིག་སྤྱོད་བྱ་དུས་དང་།བཟའ་ཚང་བར་འཁྲིག་སྤྱོད་བྱེད་པ།ཡང་ན་བུད་མེད་ཀྱིས་རང་ལུས་འཁྲུ་དུས།གཅིན་སྐྱག་གཏོང་དུས།སྒྲེན་པོར་མལ་དུ་ཉལ་དུས་སོགས་མི་ལ་ལས་ལྐོག་ནས་གློག་བརྙན་ལ་པར་ཞིང་དྲྭ་ཐོག་ཏུ་སྤེལ་གྱིན།ཕན་ཚུན་ལ་དགའ་ཁ་སློང་བྱེད་འཕྱ་སྨོད་དང་རྩེད་མཚར་ཅི་རིགས་ཀྱི་ལམ་ནས་ཁྱབ་བསྒྲགས་བྱེད་ཀྱིན་ཡོད།དེའི་ནང་གི་འགའ་རེས་ནི་དེ་ལས་ཚད་བརྒལ་གྱི་བྱ་སྤྱོད་དེ།མི་གཞན་གྱི་ཡིད་ཆེས་རྒྱབ་ཏུ་དོར་ཞིང་།ཐོབ་ཐང་ལ་རྡོག་བརྫིས་བྱས་ཏེ།བུ་མོ་གཞན་དང་འཁྲིག་སྤྱོད་བྱ་དུས།རང་ངོ་འཆར་དུ་མ་བཅུག་པར།ལྐོག་གམ་མངོན་ཅི་རིགས་ནས་འཁྲིག་སྤྱོད་ཀྱི་གོ་རིམ་པར་བ་སོགས་ནི་ལྒང་བ་བོད་པ་ཞིག་ལ་ཡོད་མི་འོས་པའི་བྱ་སྤྱོད་ཅིག་མ་ཡིན་ནམ། ཅིའི་ཕྱིར་ངོ་ཚ་ཟེར་བ་ཞིག་དང་ལས་རྒྱུ་འབྲས།བྱམས་སྙིང་རྗེ་ཟེར་བ་ཞིག་མེད་པ་རེད།

མི་རིགས་གཞན་པའི་འཁྲིག་སྤྱོད་ཀྱི་བརྙན་ཐུང་མཐོང་དུས།དེ་བྱ་བ་ལེགས་པོའམ་བྱ་བ་སྒྲུབ་རུང་བ་ཞིག་ལ་བསམ་ནས་ཇི་མ་ཇི་བཞིན་ལད་མོ་བྱེད་བཞིན་བརྙན་དུ་པར་དགོས་པ་ཅིའི་ཕྱིར། འཁྲིག་སྤྱོད་ཀྱི་བརྙན་ཐུང་འདི་ཆེད་ལས་ཀྱི་རྣམ་པ་ཞིག་དང་ཁྲིམས་འགལ་གྱི་རྣམ་པ་ཞིག ངོ་ཚ་ཁྲེལ་མེད་ཀྱི་རྣམ་པ་གསུམ་ཡོད་པ་ལས།ང་ཚོས་རྗེས་མ་གཉིས་དེ་སྒྲུབ་ཀྱིན་ཡོད།འདི་ངོ་མས་བཤད་ན་བླུན་རྟགས་དང་སྨྱོ་རྟགས་རེད། མི་གཞན་ལ་བསམ་བློ་གཏོང་མི་ཤེས།རང་ལའང་མི་གཏོང་བའི་མི་འདི་ཚོས་བོད་མི་རིགས་རྩ་བ་ནས་བརླག་གིན་འདུག བྱ་བ་ཅི་འདྲ་ཞིག་ཡིན་རུང་དེ་ལ་ཚད་ཅིག་ཡོད་དགོས་པ་རེད། ཚད་ཀྱང་འཛིན་མི་ཤེས་ན་རང་ཉིད་བརླགས་པའི་རྒྱུ་རུ་འགྲོ་བ་རེད།

ད་རུང་འདི་རུ་སྐད་ཆ་ཞིག་ཡོད་པ་ནི། བུ་མོ་མང་པོས་རང་ཉིད་ཀྱི་བརྙན་ཐུང་གང་སར་སྤེལ་གྱིན་པ་གོ་རྗེས།རང་སྲོག་གཅོད་མཁན་དང་ས་མཐར་ཉུལ་མཁན།སྨྱོན་པར་གྱུར་མཁན།ངོ་ཚ་བའི་དབང་གིས་ཁང་སྒོ་རུ་མི་འབུད་པ།མི་གཞན་དང་འབྲེལ་འདྲེས་སོགས་མི་བྱེད་པ་གཅིག་རྗེས་གཉུས་མཐུད་འབྱུང་བཞིན་པས། བརྙན་ཐུང་པར་མཁན་དེ་ཚོ་དང་སྤེལ་མཁན་དེ་ཚོ་ཚང་མ་མི་གསོད་ཀྱི་ལག་དམར་དུ་གྱུར་བ་རེད། ངས་བསམ་ན། འདི་ནི་ང་ཚོ་ཁོམ་དྲགས་པས་རེད།འདི་ནི་ང་ཚོས་མདུན་ལམ་ཉོག་ཟིན་པས་རེད།འཁྲིག་སྤྱོད་ལ་མི་དགའ་བ་ཕོ་མོ་སུ་ཡིན་ཡང་དཀོན་པོ་ཡིན་སྲིད།ཡིན་ཡང་།ངས་བསམ་ན་ཕོ་མོ་སུ་ཡིན་རུང་གཅེར་བར་འཁྲིག་སྤྱོད་ཀྱི་གོ་རིམ་གཞན་གྱིས་མཐོང་བར་བཀག་འགོག་ཚད་མེད་དང་ངོ་ཚ་ཆེན་པོར་བརྩི་ངེས།དེ་ན་རང་ལུས་ལ་དཔེར་ལོངས་ཞེས་པའང་དོན་འདི་དག་ལ་གོ་བས།ངོ་ཚ་དང་བྲལ་ཞིང་ཀླ་ཀློ་ལས་ཀླ་ཀློ་ཡིན་པའི་བྱ་བ་འདི་རིགས་གཏན་འགོག་བྱ་དགོས།

ན་གཞོན་འགའ་རེས་དགེ་འདུན་ཆོས་འཕེལ་གྱི་༼༼འདོད་པའི་བསྟན་བཅོས་༽༽འཁྱེར་ནས་བྱ་བ་འདི་རིགས་ལ་དཀར་ཁ་འཚོལ་གྱིན་འདུག མི་དེ་ཚོ་དངོས་ནས་ཤེས་མེད་རེད།ཀླད་སྟོང་རེད། དགེ་འདུན་ཆོས་འཕེལ་གྱི་བསྟན་བཅོས་དེ་ཇི་ལྟར་འཁྲིག་སྤྱོད་བྱས་ན་བདེ་བ་ཐོབ་སྲིད་ཅེས་པའི་ལམ་སྟོན་ཙམ་རེད་མ་གཏོགས།དེ་ཚད་ལས་བརྒལ་བའི་སྤྱོད་ངན་འདི་ལྟར་སྒྲུབས་ཞེས་པའི་ལག་དེབ་མ་རེད། མི་འདོད་པ་མེད་ས་འཛམ་བུ་གླིང་ན་དཀོན་པས།འདོད་པ་ཡོད་ན་ཁང་སྒོ་འདན་ནས་རང་ཁྱིམ་དུ་སྤྲོ་བ་མཛོད།དེ་མིན་འདོད་ངན་དུག་རོ་འདྲ་བ་དེ་བཟུང་ནས་བོད་མི་རིགས་ཀྱི་ལོ་ཆུང་དེ་ཚོ་མ་བརླག བོད་མི་རིགས་ཀྱི་རིག་གནས་དང་མི་རྒྱུད་ལ་བཙོག་མ་བསྲེས།ལྷག་པར་དུ་འཕྲིན་ཕྲན་དུ་འདོད་པའི་འཕྲིན་ཚོམ་ཕྱེ་མཁན་དེ་ཚོས་གཟབ་གཟབ་གནང་རོགས།གང་ཡིན་འདི་ཡིན་མེད་པར་པར་སྟངས་ཁྲིམས་འགལ་ཀྱི་ལག་འོག་ནས་བུད་པའི་བརྙན་ཐུང་དེ་ཚོ་མ་སྐུར། བཤད་སྟངས་ཤིག་ལ།ཉོ་མཁན་མེད་ན་གསོད་མཁན་ཡང་མེད་ཅེས་པ་ལྟར།བལྟ་མཁན་མེད་ན་སྐུར་མཁན་ཡང་མེད་པས།གཞན་གྱིས་ཆེད་ལས་ཀྱིས་པར་བ་མ་ཡིན་པའི་འཁྲིག་སྤྱོད་ཀྱི་བརྙན་ཐུང་དེ་ཚོ་དམྱལ་བའི་ཡུལ་དུ་བརྫངས་ཏེ་མེད་པར་བཟོ་དགོས་སོ།།

 

ཞེས་པ་འདི་དོན་དག་ཚབས་ཆེན་ཞིག་ཏུ་བསམ་སྟེ་བོད་སྐད་བཤད་ཀྱིས་རང་ཤག་ཏུ་མཚན་མོར་གྲུབ།

བསྟོད།7

དཔྱད་མཆན་སྤེལ།