ཨ་མདོ་རྔ་བའི༼འབར་ཞུན༽ཚགས་པར་དང་ཁྲམ་རྟགས་དོན་རྐྱེན་གྱི་གསར་འགྱུར་ཆེད་བཀོད།

གསར་འགྱུར་འདོན་སྤེལ་མཁན། སྙུགས་བཅུད་ལེན།

ཤེས་ཡོན་པ་དང་ཁྲམ་རྟགས་དོན་རྐྱེན།

བདེན་པའི་དཔུང་རོགས།

ཅོ་ལེབ་ཟླ་བ།

སྤྱི་ཟླ་གཉིས་པའི་ནང་དུ་ཨ་མདོ་རྔ་བ་རུ་གཏུམ་གཅོད་ཁྲག་བཞུར་གྱི་དོན་རྐྱེན་ཡ་ང་བ་ཞིག་བྱུང་སོང་། གོ་ཐོས་ལྟར་ན་དེ་ནི་ཀ་ཤུལ་སྡེ་བ་སོགས་ཀྱི་རྒས་གཞོན་སྐོར་ཅིག་གིས་གྲི་དང་སྟ་རེ་ཐོགས་ཏེ་ན་གཞོན་སློབ་མ་ཞིག་ལ་འཇིགས་སྐུལ་དང་སྡུག་མོད་ཚ་ནན་བྱས་མཐར། མི་སྣ་བཅུ་ཕྲག་འགས་ཁ་རུབ་ལག་རུབ་བྱས་ཏེ་གསར་བུ་སློབ་མ་དེའི་ཐོད་པར་གྲི་མཚོན་གྱིས་ཁྲམ་རྟགས་ཤིག་འཐེན་པ་རེད། དེ་ལྟར་བྱེད་དོན་ནི་གསར་བུ་སློབ་མ་དེ༼ འབར་ཞུན༽ཞེས་པའི་ཚགས་ཤོག་ཅིག་གི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཡིན་པས་རེད་འདུག
ཁོ་བོས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ལྟར་ན། ཚགས་ཤོག་དེའི་རྩོམ་སྒྲིག་པ་དང་རྩོམ་པ་པོ་མི་བཞི་འདུག་ལ། ཁོ་ཚོ་ནི་སྤྱི་ཚོགས་ལ་འགན་འཁྲི་བླ་ལྷག་མངའ་བའི་ན་གཞོན་སློབ་མ་ལྕེ་གསུམ་པ་དངོས་མིང་ལ་རིན་ཆེན། སྒང་གཤེན་སྨྱུག་དངོས་མིང་ལ་དབང་ལྡན། ཏོག་ཡུང་། གཡུང་གོ་བཅས་རེད་འདུག ཁོ་ཚོས་ཤེས་རིག་གི་ལྡང་ཀ་རྩེན་སའི༼འབར་ཞུན༽ཞེས་པའི་ཚགས་ཤོག་ཆུང་ཆུང་ཞིག་གསར་སྤེལ་བྱས་ཏེ། ཕ་ཡུལ་གྱི་དགོན་སྡེ་དང་སྤྱི་ཚོགས་ལ་འགན་ཁུར་གྱི་འདུ་ཤེས་བླ་རུ་བླངས་ཤིང་། ད་ལྟའི་དགོན་སྡེ་དག་གིས་ལུགས་མེད་དང་། རུལ་སུངས། སྒེར་གཅོད་སོགས་སྤྱི་ཚོགས་ཀྱི་ཟུར་རེ་རེ་ན། སྐྱུག་བྲོ་བའི་དོན་དག་དག་མཐོང་དུས། ན་ཟུག་དྲག་པོ་ཞིག་གིས་མ་བཟོད་པར༼འབར་ཞུན༽ཞེས་པའི་ཚགས་ཤོག་ཏུ་ཅོག་ལོ་དགོན་དང་སྣང་ཞུགས་དགོན་གྱི་དྲང་བདེན་མིན་པའི་གནས་ཚུལ་དག་ལ་རང་གི་བསམ་ཚུལ་བཏོན་པ་རེད་འདུག
ཐོད་པར་གྲི་མཚོན་གྱིས་ཁྲམ་རྟགས་འཐེན་ས་དེ་ནི་གོང་གི་ན་གཞོན་བཞི་ཡི་གྲས་ཏེ་ལྕེ་གསུམ་པར་འབོད་པའི་གསར་བུ་སློབ་མ་དེ་ཡིན་འདུག མ་གཞི་ཁོ་ཚོས་བདེན་པ་ཞིག་དང་དགོན་པ་དང་སྤྱི་ཚོགས་ལ་འགན་ཁུར་བའི་གཏམ་དུ་འཁུམ་ན་ཡང་། རྨོངས་ཤིང་བརྟུལ་བའི་དམུ་བློ་བ་དག་ལ་ནི་གངས་རི་དཀར་པོར་ནད་མིག་གིས་བལྟས་ཤིང་སྔོན་པོར་སྣང་བའི་དོན་ལས་ཅི་ལ་ཡོད། སྤྱི་ཚོགས་འདི་ལྟར་ཡ་མ་བརླ་ཞིག་ཏུ་འཁུམ་པ་ནི་ཅི་ཡི་སླད་དུ་རེད། རྒྱལ་ཁྲིམས་ཀྱི་དོ་དམ་མེད་ལ་དྲང་བདེན་དང་གནས་ལུགས་ཀྱི་མཁའ་དབུགས་དབེན་ཞིང་། ཤེས་རྨོངས་ཀྱི་རྫོང་མཐུག་པས་ལན་འདུག
ཁོ་བོ་ལོ་དུ་མར་ལྟོག་སྐོམ་གྱི་ལས་མྱོང་སྟེ་ཕྱིར་སྤྱི་ཚོགས་སུ་གོམ་པ་འདེག་མ་ཐག་ཏུ། ཟ་འཐུང་གསོལ་སྟོན་གྱི་ལོངས་སྤྱོད་ཅིག་ལ་མ་འཁྲེང་པར་ངའི་ཕ་ཡུལ་གྱི་འགྱུར་ལྡོག་དང་འཕེལ་རྒྱས་ལ་ལྟ་འདོད་ཀྱི་འདུན་པ་འགོག་ཏུ་མེད། ཡིན་ནའང་། ངའི་ཕ་ཡུལ་དུ་ན་གཞོན་སེམས་ཤུགས་ཅན་དང་། སྤྱི་ཚོགས་ལ་འགན་འཁྲི་མངའ་བའི་སྐྱེས་བུ་སྐོར་ཞིག་ལྟོས་བཅས་ཀྱི་ཆ་ནས་ཇེ་མང་དུ་སོང་ཡོད་པ་དགའ་ཚོར་གྱི་གནས་ཤིག་ཅི་ལ་མིན། ཟུར་གཞན་ཞིག་ནས་ཆོས་སྲིད་ཟུང་སྡེབ་ཀྱི་བག་ཆགས་རྙིང་བ་རོ་ལངས་བརྒྱབ་སྟེ། བོད་སྤྱི་ཚོགས་ཀྱི་ལས་སྒོ་སྣ་ཚོགས་སུ་འདྲེ་ལག་བརྐྱངས་བའི་གནས་ཚུལ་འདིས་ཁོ་བོའི་ཕ་ཡུལ་གྱི་རེ་བ་ཆུ་ནང་ལ་གཡུག་སོང་། བླ་མ་དང་སྤྲུལ་སྐུ། དགོན་སྡེ་དང་དགོན་སྡེ། གྲུབ་མཐའ་དང་གྲུབ་མཐས་དབང་བསྒྱུར་རམ་དབང་རྩ་བསྟན་པའི་ཕྱིར། ཁོ་པ་ཅགགིས་ལས་ཀྱི་སྦྱོར་བ་འདྲ་མིན་བརྩམས་ཤིང་སྒེར་གཅོད་དབང་བསྒྱུར་གྱི་བསམ་བློ་མི་གཙང་གད་སྙིགས་ཀྱི་ཐ་རྡུལ་ཇི་བཞིན་ཕ་ཡུལ་གྱི་ངོ་གདོང་ལ་འཐིམས་ཤིང་འཐིམ་གྱིན་འདུག འདི་དག་མཐོང་ཐེངས་རེར་ཁོ་བོ་ཡུད་གཏིང་ནས་ཆད་ཅིང་བློ་ཕུགས་ནས་མུག འུ་ཚོས་ནམ་ནམ་ཞར་ཞར་དུ་གཞན་གྱི་སྒེར་གཅོད་དང་། བཙུར་གནོན་ལ་མཐའ་གཅིག་ཏུ་རྒོལ་བ་མ་ཡིན་ནམ། ཁ་ནང་ལ་བསྐོར་དུས་འདི་འདྲའི་གཏུམ་སྤྱོད་ཅིག་སྤེལ་དགོས་པ་གང་ལ་ཐུག གནད་ཀྱི་དོན་པོ་ནི་དོན་རྐྱེན་དེའི་གསར་བུ་ཧོལ་འགྲོས་ཅན་དང་མགོ་སྟོང་འགས་ལས་ཀྱི་སྦྱོར་བ་ཙམ་མ་ཡིན་པར། དེའི་ལྟག་རྒྱབ་ཏུ་མི་ཆེན་དང་དཔོན་ཆེན་དུ་འབོད་པ་གང་རུང་ཞིག་གིས་རྒྱབ་བརྟེན་མེད་པའང་ངེས་པ་མ་མཆིས། ཡང་གཅིག་བཤད་ན། འུ་ཚོའི་གནས་བབས་འདི་ལྟ་བུའི་དུས་ལ“ ནང་འགལ”འདྲ་མིན་བྱུང་བར་གཞན་དང་གཞན་འཛུམ་མོལ་ལེར“ གཞན་གྱི་རྒུད་པ་མཐོང་བ་ན།། རང་ཉིད་དགའ་བའི་རྒྱུ་རུ་མི་གྱུར”བའི་ངེས་པའང་ག་ལ་ཡོད།
རང་དབང་དང་དམངས་གཙོ། འདྲ་མཉམ་དང་བདེན་པ་ལ་ཁྱོད་པ་ཚོ་སྒེར་གཅོད་ཁྱུ་ཚོགས་ཀྱིས་ནམ་ཡང་དང་ལེན་བྱེད་པ་དངངས་སྐྲག་སྐྱེ། གལ་ཏེ་དེ་དག་དར་སོང་ན་ཁྱོད་པ་ཚོ་སྒེར་གཅོད་ཁྱུ་ཚོགས་ཀྱི་ཁེ་ཕན་མཐའ་དག་ལ་བརྡབ་གསིག་ཐེབས་པས་སོ།། དོན་རྐྱེན་འདི་ཡང་དེ་ག་ནང་བཞིན་ལས་མ་འདས་ཏེ། གལ་སྲིད་དགོན་པ་དམངས་གཙོ་ཅན་དང་འདྲ་མཉམ་ཅན། རང་དབང་ཅན་དུ་གྱུར་ན་དགོན་གྱི་བདག་པོ་གཙོས་པའི་ལས་སྣ་དབང་ཤེད་ཅན་ཚོའི་ཁེ་ཕན་ལ་བརྡབ་གསིག་ཐེབས་པའོ།། ཁོ་ཚོས་ཐབས་སྣ་མང་གིས་དད་ལྡན་གྱི་དམངས་རྣམས་རྨོངས་པ་ལས་རྨོངས་པར་གཏོང་བའོ།། དེ་ནི་དམངས་རྣམས་ཇི་ལྟར་རྨོངས་ན་ཁོ་པ་ཚོས་དེ་ལྟར་བཀོལ་བདེ་ལ། མཛུབ་མོ་གར་བསྟན་ཤར་ཡིན་པས་སོ།།
ཁོ་པ་ཚོས་སྨྲ་བརྗོད་རང་དབང་གི་ཞལ་ལྕེ་ཡོངས་སུ་གཅོད་འདོད་ནའང་། སྨྲ་བརྗོད་རང་དབང་ནི་ཆེས་མ་མཐའི་འགྲོ་མིའི་རང་དབང་གི་རྩ་བ་ཞིག་ཡིན་པས། ཇི་ལྟར་དགག་ན་དེ་ལྟར་ཡུན་གྱིས་ཉི་མ་ཤར་ཤར་དང་ཟླ་བ་ཚེས་ཚེས་སུ་འོང་བ་གདོན་མི་ཟའོ།། མདོར་དྲིལ་ན་གནམ་འོག་ན་རང་དབང་དང་དམངས་གཙོ། འདྲ་མཉམ་དང་གནས་ལུགས། བདེན་པ་དང་ཞི་བདེར་འབོད་པ་གཏོང་མཁན་རྣམས་ཀྱིས་གང་ཐུབ་ཐུབ་ཀྱིས་ལས་ཀ་ཏོག་ཙམ་རེ་གནང་དགོས་པ་དེའོ།། ཁོ་བོར་མཚོན་ན་བདག་དབང་དང་སྲིད་དབང་སུ་ཞིག་གི་ཡིན་པ་གཙོ་བོ་མ་ཡིན་པར། རང་དབང་དང་འདྲ་མཉམ། དམངས་གཙོ་དང་བདེན་པ་ལ་ལྡོག་བརྫིས་གཏོང་མཁན་གྱི་སྒེར་གཅོད་བཙན་པོ་ཕྱི་ནང་གང་ཡིན་ཀྱང་། ཁོ་བོས་མཐའ་གཅིག་ཏུ་རྒོལ་བ་རྒྱག་པའི་གནས་ཡིན་ནོ།།

འབར་ཞུན་ཚགས་པར་ལ་སྤྲངས་པའི་འཕྲིན།

མགར་མི།

གུས་པར་འོས་པའི༼འབར་ཞུན༽ཚགས་པར་གྱི་རྩོམ་སྒྲིག་པ་དང་རྩོམ་པ་པོ་རྣམ་པ་ལགས། ཉེ་ལམ་ཁྱེད་ཅག་གི་མགོ་ཐོག་ལ་འོང་བའི་ཐ་ཆད་ཀྱི་ལས་དེ་གོ་མ་ཐག་ཞེ་གཏིང་ནས་ཨ་ཁ་བསམ་བྱུང་། དམུ་རྒོད་པ་དག་ལ་ཡི་ཆད་ཀྱིས་སྙིང་མི་བདེ་བར་རེ་ཞིག་ལྷག དུས་ཀྱི་འགྱུར་བ་ལྡོག་ཏུ་མེད་པའི་ཆོས་ཉིད་ཀྱི་གདོང་པར་གྲིས་བསྣུན་ཏེ། གྲི་ཁ་ནས་སྒེར་བསྡམས་དང་དད་པ་གླེང་བའི་ལས་འདི་ཁ་བའི་ཡུལ་གྲུ་ལ་གནའ་སྔ་མོ་ནས་གནམ་སྔོན་པོར་སྤྲིན་ནག་གིས་སྒྲིབ་པ་བཞིན་ཤིན་ཏུ་རབ་ཏུ་མི་སྡུག་པར་གནས་ཡོད་ཨང་། བདེན་པ་ལ་འཇུག་པའི་ཕོ་རབ་དེ་ཚོར། གྲི་དམ་ལ་འཆིང་སྟེ་ངར་རྫིག་བསྟོན་མཁས་པའི་རང་མྱི་ཐ་མལ་བ་དེ་དག་གི་རྩེད་ཆས་སུ་གྱུར་བ་བསམ་མ་ཆད་པར་གནས་པ་འདིས་ང་ཚོར་ག་རེ་ཞིག་ལབ་སོང་ལ། མ་འོངས་པའང་གནས་སྲིད་པར་བསམ་ན། ང་ཚོས་གནས་ལུགས་ཀྱི་གོ་ཁྲབ་བསྐོན་ཏེ་འཐབ་པར་རྩོམ་དགོས་པས། བདེན་པ་ཡི་དོན་དུ་མདའ་མདུང་གང་གིས་བསྣུན་ཏེ་སར་འགྱེལ་ཡང་ཞེ་རྩེད་ནས་མི་དགའ་བ་ག་ལ་མཆིས། གཏན་ནས་མ་མཆིས་སོ།། དེ་ན་ཁོ་བོས་ལས་ཀྱི་འཇིགས་པ་འདི་ཉིད་ཕ་ཡུལ་དུ་བྱུང་བ་ཐོས་ཐོག དཔལ་ཡོན་དང་ལྡན་པའི་བསམ་བློ་ལ་རེ་ཞིང་སྙེག་པ། བརྩོན་ཞིང་རྩོད་པའི་ཚེ་འདིར་ནང་གི་སྒེར་གཅོད་ལ་རང་ནུས་ཀྱིས་རྩོམ་ཞིག་འབྲི་འདུན་ཆེ་ཡང་། བར་སྐབས་སུ་ས་མཐར་ཡོད་པས་འཕྲིན་ཐུང་འདི་བདེན་པ་དང་གནས་ལུགས་ཀྱི་ཕྱིར་རྒྱང་རིང་ནས་ཕུལ།

ཉི་མ་ལྷ་ས་ནས།༢༠༡༤/༢/༢༧

གཞོན་ནུ་ཁྱེད་ཚོ་ལོ་རྒྱུས་ཀྱི་རྡོ་རིང་རེད།

ཨ་མདོ་བློ་གྲོས།

དེ་རིང་བདག་དབུས་ཉི་མ་ལྷ་ས་ན་ཡོད། བདག་ལ་གློ་བུར་དུ་གནས་ཚུལ་ཞིག་འབྱོར་སོང་བ་ནི་རང་ཡུལ་ནས་དོན་དག་ཆེན་མོ་ཞིག་བྱུང་ཡོད་པ་གོ་ཐོས་བྱུང་སྐབས་སེམས་ཚོར་མ་བདེ་བའི་ཕྱིར་དུ་འཕྲིན་ཡིག་ཞིག་གི་ཚབ་དུ་གཏམ་ཐུང་བ་ཞིག་གི་གླེང་སློང་བ་ཡིན། བདག་གི་གོ་ཐོས་ལྟར་ན་བོད་ཨ་མདོ་རྔ་བ་རྔ་སྨད་ཨ་ཁམས་ནས་ཡིན་པའི་གཞོན་སྐྱེས་ཤེས་ཡོན་ལ་དུང་བ་བཞིའི་འབར་ཞུན་ཚགས་པར་ཟེར་བ་ཞིག་སྤེལ་ནས་གནས་ཚུལ་བྱུང་བ་འདི་ལྟར་རོ།། གཞོན་སྐྱེས་དག་གི་མཚན། ཏོག་གཡུང། སྒང་གཤེན་སྨྱུག གཡུང་གོ ལྕེ་གསུམ་པ བརྩམས་ཆོས་སྤེལ་བའི་མཚན་བྱང་། ༼རང་དགོན་ལ་ཕུལ་བའི་སྙིང་གཏམ་གསེར་གྱི་ཐུག་པ། དོན་ངོ་མའི་བསྟན་བཤིག་སུ་ཡིན་ནམ། ཅོག་ལོ་གཙོས་སྣང་ཞིག་ཚང་ལ་དད་མོས་ཁེ་དབང་རྩོད་པ། དགོན་པའི་ལམ་ལུགས་ནས་ཡོངས་ཁྱབ་རིན་ཐང་ལ་ལྟ་བ། ༽ནང་དོན་མདོར་བསྡུས། རྩོམ་ཡིག་འདི་དག་དགོན་པའི་ལམ་ལུགས་དང་འབྲེལ་ནས་སྐྱེས་བུ་སྒེར་གྱི་ཐོབ་ཐང་གཙོ་བོ་བཟུང་ནས་དགག་སྒྲུབ་རྩོམ་ཡིག་བཞིའི་གྲུབ་པ་ཞིག་ཡིན། ཆག་སྒོ་བྱུང་བའི་རྐྱེན་རིམ། རྩོམ་ཡིག་དེ་དག་འཇིག་རྟེན་ན་སྤེལ་མ་ཐག་མྱི་ཁ་ཤས་དངངས་ཚབས་ ཆེན་པོ་སྐྱེས་ནས། དོན་དག་དེ་དངོས་ཤུགས་རྒྱུད་གསུམ་ནས་ཚགས་པར་དེ་ཕྱིར་བསྡུས་ནས་མེ་ལ་བསྲེག ད་དུང་མི་ཡུལ་ན་ཚགས་པར་དྲུག་ཙམ་ཤོར་ཡོད་པ་དེ་ལོ་རྒྱུས་བདེན་དཔང་དུ་ཆགས་ཡོད། གཉིས་པ་གཞོན་སྐྱེས་དེ་དག་ལ་མི་ཁ་ཤས་ཀྱིས་འཇིགས་སྐུལ་བ་དང་གནོན་ཤུགས་གང་མང་གིས་རང་ཁྱིམ་དང་གྱེས་ཏེ་རི་མགོར་བྲོས་བྱོལ་བྱས་པ་རེད་འདུག དེའི་ནང་ནས་སྐུ་ཞབས་ལྕེ་གསུམ་པ་ཚང་གི་ཁྱིམ་དུ་གྲི་མཚོན་ཐོགས་པའི་མི་ཁ་ཤས་རྒྱུགས་ནས་གདོང་ལ་གྲི་ཡིས་རི་མོ་སོགས་བྲིས་ཡོད། གནས་ཚུལ་དེ་དག་ཐོས་མ་ཐག་ཏུ་བདག་གི་སེམས་ངོར་རོ་མའི་སྒེར་གཅོད་ལོ་རྒྱུས་དང་ཉེ་སྔོན་བོད་ཀྱི་སྐྱེས་ཆེན་དམ་པ་དགེ་འདུན་ཆོས་འཕེལ་དང་ལུང་ཤར་བ་ཚེ་རིང་རྡོ་རྗེ། ད་དུང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཀྱི་སྐྱེས་ཆེན་གསེར་རིའི་འཕྲེང་འདྲ་བ་དག་གི་ལོ་རྒྱུས་ལས་སྐུ་ཚེ་སྨད་ཀྱི་སྐྱོ་གར་དེ་དག་དྲན་སོས་ཏེ་བསམ་གཞིགས་ཨེན་ཙམ་མི་བྱེད་ཐབས་མེད་བྱུང་།མཐར་རང་ཡིད་དུ་འཁོར་བ་ནི་སྐྱོ་གདོང་ཤུགས་ཆེན་དང་བཅས་ཏེ་གོང་གི་སྐྱེས་ཆེན་དེ་དག་དང་གཞོན་སྐྱེས་ཁོང་ཅག་འཇིག་རྟེན་དུ་སྐྱེ་བའི་དུས་མ་འདྲ་བ་ཙམ་ལས། དོན་དུ་སྒེར་གཅོད་པ་དག་གི་ལུས་ངག་ཡིད་གསུམ་དུ། དུས་ཚོད་དང་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ཀྱིས་འགྱུར་བ་ཐེབས་མ་ཐུབ་པ་ཡིད་རེ་ཕངས་ལ་བློ་རེ་འགྱོད་དོ།།

རྔ་བའི་ཤེས་ཡོན་པ་དང་མཚོན་གྱི་ཁྲམ་རྟགས།

འབར་ཞུན་ཚགས་པར་དང་ལམ་གྱི་དཔུང་རོགས།

སྙུག་བཅུད་ལེན།

ཤེས་ཡོན་པ་གསོད་པ་ནི་མིའི་རིགས་ཀྱི་ཚེ་སྲོག་ཡོད་དོ་ཅོག་གི་ལག་དམར་དུ་གྱུར་ཡོད་པ་རེད་ལ།
རང་ཅག་ནི་ཤེས་ཡོན་པ་གསོད་མཁན་ཨང་དང་པོ་ཞིག་ཏུ་གྱུར་འདུག་པ་རེད།
ཁ་བྱང་གི་རྒྱབ་ཀྱི་དོན་དང་འབྲེལ་བའི་གཏམ།

གླེང་གཞི།

གནའ་བོའི་ཀེ་རི་སི་ནས་འགོ་འབུས་ཏེ་མིའི་རིགས་ཀྱི་ཞི་བདེ་དང་འདྲ་མཉམ་མ་ཡིན་པའི་འབག་བཙོག་གི་ཞིང་ས་ཆེན་མོའི་ཁྲོད་དུ་དམངས་གཙོའི་ལམ་ལུགས་ཀྱི་རྩི་ཤིང་སྣ་ཚོགས་སྨིན་པ་ནས། དེའི་རླབས་རྒྱུན་གྱི་ཁུག་པ་དག་ཡོ་རོབ་ཀྱི་རིག་རྩལ་བསྐྱར་དར་དང་དེའི་གཞུག་གི་འཛམ་གླིང་སྟེང་བསྟུད་མར་བྱུང་བའི། བློ་འབྱེད་ལས་འགུལ་དང་མི་བུའི་ཐོབ་ཐང་གི་བསྒྲགས་གཏམ་སོགས་ཀྱི་བྱ་འགུལ་མང་པོ་ཞིག་ལ་བརྒྱུས་ནས། འདྲ་མཉམ་དང་དྲང་བདེན་མ་ཡིན་པ་དག་བདེ་ལ་བཀོད་ནས་ཐོན་པ་རེད་ལ། དེ་དག་ནི་མིའི་རིགས་ཀྱི་ཀླད་ཤུགས་ངལ་རྩོལ་ཁོ་ནར་བརྟེན་ཞིང་དཀའ་ལས་གྲངས་མེད་མྱང་མཁན་གྱི་ཤེས་ཡོན་པའི་སྡེ་ཡིས་སྣ་དྲངས་ནས་བྱུང་བ་ཡིན་པ་དེ་སུ་ཡིས་ཀྱང་གཡོལ་མི་ནུས་སོ།། དེ་དང་འབྲེལ་འཛམ་གླིང་གི་མི་རིགས་མང་ཙམ་ཞིག་གི་ཁྲོད་ཤེས་ཡོན་པའི་བསམ་བློ་དང་སྐད་ཆ་དག་ཀློག་པོའམ་དེའི་འབྲེལ་ཡོད་མང་དག་ཅིག་གི་བློ་ཁོག་ཏུ་མ་ཤོང་པར་དམར་གསོད་བྱས་སོང་བ་བགྲང་གིས་མི་ལངས། དེ་བཞིན་དུ་རང་ཅག་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་དུའང་། ལུང་ཤར་དང་དགེ་ཆོས་རང་གྲོལ་སོགས་ཀྱིས་མཚོན་པའི་ཤེས་ཡོན་པའི་སྡེ་ཡི་བརྒྱུད་ལམ་དག་གིས་ཀྱང་ར་སྤྲོད་ཆེན་པོ་བྱས་ཡོད་པ་རེད་ལ། འདི་ལྟར་ཤེས་ཡོན་པའི་སྙིང་སྟོབས་དང་དམངས་ཀྱི་རྨོངས་བརྟུལ་གྱི་བར་ཐག་ལས་བསྐྲུན་པའི་ལོ་རྒྱུས་ཀྱི་སྐྱོ་གར་དག་གིས། མི་རིགས་དང་རྒྱལ་ཁབ་གང་དག་གི་མ་རྩ་ཆེན་པོ་རྣམས་གཏོར་བཅོམ་བྱས་སོང་བ་དེ་བདེན་དུ་གྲུབ། དེ་ནི་ཏག་ཏག་ཤེས་ཡོན་པ་དེ་དག་གི་བར་ཐག་ཧ་ཅང་ཉེ་བའི་རྨོངས་འཐོམ་པ་དག་གིས་བསྐྲུན་པའི་ལོ་རྒྱུས་ཀྱི་སྐྱོ་གར་རེད་ལ། དེ་ནི་ཆ་མ་སྙོམས་པའི་རིག་གནས་ཤིག་གིས་བསྐྱེད་པའི་ཤེས་ཡོན་པ་དང་དམངས་ཀྱི་བར་ཐག་ཏུ་བསྐྲུན་པའི་ལོ་རྒྱུས་ཀྱི་སྐྱོ་གར་རེད།
སྐབས་དོན།
ཉེ་རབས་ཀྱི་གསར་ལམ་ཁག་དང་ཇ་ཁ་ཆང་ཁ་གང་གི་ཁྲོད་ནས་ཀྱང་ཨ་མདོ་རྔ་བ་ནི་དཔའ་ངར་ལྡན་ཞིང་བསམ་བློའི་ཕྱུག་པའི་དམིགས་བསལ་གྱི་ཡུལ་ལུང་ཞིག་ཏུ་ངོས་འཛིན་པར་གནས་ལ། ཨ་མདོ་རྔ་བའི་སྐྱེས་བུ་སྐོར་ཞིག་གི་ལྷག་བསམ་དང་ཆོད་སེམས་ཀྱིས་བསླངས་པའི་རྐང་རྗེས་གང་ཞིག་གིས། ཏག་ཏག་བོད་ཟེར་བ་འདི་འཛམ་གླིང་སྟེང་ངོ་ཤེས་སུ་བསྒྱུར་སོང་བ་རེད། འོན་ཏེ། དེ་ལས་ལྡོག་པའི་རྔ་བའི་གླེན་རྨོངས་པ་དང་སེམས་རྒྱ་དོག་པའི་ཐབས་སྡུག་སྐོར་ཞིག་གིས་ཉེ་བའི་ལོ་འདི་འགའི་རིང་། རང་ཉིད་ཀྱི་ཁེ་ཕན་འབའ་ཞིག་གི་དོན་དུ་རྔ་བའི་ཤེས་ཡོན་པ་དག་མཐའ་སྤྲོད་བཏང་བ་བགྲང་གིས་མི་ལངས་ཞིང་། མངོན་ལྐོག་གང་རུང་ནས་ཤེས་ཡོན་པ་དག་དམར་གསོད་ཀྱི་སྦྱོར་བ་ཆེས་ཆེར་སྤེལ་བ་རེད་ལ། ད་དུང་རྔ་བའི་ཤེས་ཡོན་པའི་སྡེས་བསྐྲུན་པའི་དཔེ་དེབ་དང་བགྲོ་གླེང་བྱ་འགུལ་སོགས་བགྲང་གིས་མི་ལངས་བ་ཞིག་ཚད་མཐོན་པོས་བཀག་འགོག་བྱས་པ་དང་། དེ་དག་གི་སྡུག་ཡོས་འོག་ནས་རྔ་བའི་བོད་ཡིག་དཔེ་ཁང་དག་ཀྱང་ནང་མི་རང་གིས་མེད་བརླག་དང་གཏོར་བཅོམ་གྱི་སྦྱོར་བ་ཆེས་ཆེར་སྤེལ་བ་དེ་ཧ་ཅང་ཡིད་སྐྱོ་བའི་ལས་ལམ་ཞིག་ཡིན། དེ་བཞིན་དུ་ཐེངས་འདིར་ཡང་རྔ་བའི་ན་གཞོན་སློབ་སྦྱོང་བ་བཞི( ལྕེ་གསུམ་པ། སྒང་གཤེན་སྨྱུག ཏོག་གཡུང་། གཡུང་གོ། )ཡིས༼འབར་ཞུན༽ཞེས་པའི་ཚགས་ཤོག་ཅིག་གི་འབྲེལ་ལམ་བརྒྱུད་ནས། རང་ས་རང་ཡུལ་གྱི་ཡུལ་མི་སྤུན་ཟླ་དང་ཕུ་ནུ་མིང་སྲིང་ཚོའི་འཚོ་བའི་རྒྱུན་ཐག་དང་ཧ་ཅང་འབྲེལ་ཆགས་པའི་དགོན་པ་གང་ཞིག་སྟེ“རྔ་བ་སྣང་ཞིག་དགོན” དང“རྔ་བ་ཅོག་ལོ་དགོན”གཉིས་ཀྱིས་མང་ཚོགས་དང་དགོན་པའི་བར་གྱི་་འདྲ་མཉམ་མ་ཡིན་པའི་སྦྱོར་ལམ་ཐད། ལྟ་ཚུལ་གང་ཞིག་རྩོམ་ཡིག་གི་ལམ་ནས་ལྷུག་བརྗོད་བྱས་པ་ལ། དགོན་པ་དེ་གཉིས་ཀྱི་མང་ཚོགས་སྐོར་ཞིག་གིས་རྩོམ་པོ་གང་དེ་རྡུང་རྡེག་ཚད་མེད་བྱས་ཤིང་། ཡ་ཐོད་དུ་གྲི་ཡིས་ཁྲམ་རྟགས་རྒྱབ་པ་སོགས་གདུག་རྩུབ་ཀྱི་དྲག་ལས་ཧང་སང་བ་བྱས་པས་མི་ཚད། ད་དུང་ཁྱེད་ཚོས་དགོན་པ་ལ་མགྱོག་མྱུར་གྱིས་ངོས་ལེན་ཡི་གེ་མ་བྲིས་ཚེ། ཁྱེད་ཅག་གི་ཁྱིམ་ཚང་དག་མེར་བསྒྲོན་རྒྱུ་ཡིན་རབས་དང་། ཁྱེད་ཅག་གི་ཤ་ཉེ་སྤུན་ཟླ་དག་གི་ཚེ་སྲོག་ལ་ཉེན་ཁ་བཟོ་རབས་སོགས་ཀྱི་འཇིགས་སྐུལ་གྱི་སྦྱོར་བ་ཆེས་ཆེར་སྤྲད་པ་རེད། འདི་ལྟར་རང་ཅག་གི་རྐང་ལམ་ནི་ཉམས་ང་ཡིད་སྐྱོ་བའི་གནས་བབས་འཇིགས་སུ་རུང་བའི་ཁྲོད་དུ། ཆེས་ཧང་སང་བའི་གནད་ཀྱི་རྩ་བ་ཞིག་ནི་རང་ཅག་གི་ཡུལ་མི་སྤུན་ཟླ་དག་ནི། ནང་མི་རང་གི་སྤུན་ཟླ་དག་གི་མགོར་ཐོན་དུས་ དཔའ་ངར་གྱི་སྤོབས་པ་གཟེངས་སུ་མཐོ་ཞིང་རྩུབ་དྲག་གི་ལག་རྩལ་ཆེས་ཆེར་མཐོ་བ་རེད། ཏག་ཏག་ད་ནི་ང་ཚོས་བསམ་བློ་ཞིག་ཞིབ་ཀྱིས་གཏོང་མི་རན་ནམ། འཇིག་ལ་ཉེ་བའི་འུ་ཚང་གི་སྤང་ཐང་སྐྱ་བོ་རུ་གསེར་མདོག་གིས་འཚེར་བའི་མེ་ཏོག་ཁ་ཁེར་ཞིག་ཡོད་པ་དག་ཀྱང་ད་དུང་འདི་ལྟར་ནང་མི་རང་གིས་གཏོར་བཅོམ་བྱས་སོང་བ་ཡིན་ན། ད་ནི་ང་ཚོས་སུ་དང་གང་དག་ལ་སྐྱབས་རེ་འཛིན་དགོས་པ་རེད། ཀྭ་ཡེ་བདག་གི་སྙིང་ཉེ་བའི་གངས་ཅན་སྤུན་ཟླ་ཚོ་ཡ། རྟོགས་ཨེ་སོང་ལགས།
རེད་དེ། ང་ཚོས་ཕར་གཞན་ལ་བལྟས་ཏེ་རང་སེམས་ལ་བསྐོར་བ་ཞིག་རྒྱབ་པ་ཡིན་ན། དཔེར་ན། ལོ་ངོ་ཉིས་སྟོང་ལྷག་གི་རིང་ཁ་འཐོར་དུ་གྱུར་ཀྱང་དཔའ་མ་ཞིམ་པར་ཧུར་བརྩོན་བྱས་འབྲས་སུ། ད་ལྟ་འཛམ་གླིང་སྟེང་མཚན་སྙན་གྱི་གྲགས་པ་ཤུགས་ཀྱིས་འབར་བའི་རང་དབང་རྒྱལ་ཁབ་ཏུ་གྱུར་པ“ཡ་ཧུ་ཏྰ་པ་མི་རིགས”ལ་མཚོན་ན། ཁོ་ཚོས་ཆེས་བརྩི་མཐོང་བྱེད་པ་ནི་ཤེས་ཡོན་ཅན་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་པ་རེད་ལ། དེ་འདྲའི་ལས་སྦྱོར་གྱི་མཇུག་འབྲས་ཀྱིས་ད་གཟོད་ཁོ་པ་ཚོ་དཔའ་མཛངས་གཉིས་ལྡན་གྱི་མི་རིགས་སྟོབས་ལྡན་ཞིག་ཏུ་གྱུར་སོང་བ་མ་ཡིན་ནམ། རང་ཅག་བོད་ནི་དེ་ལས་ལྡོག་སྟེ་ཤེས་ཡོན་པ་མཐའ་སྤྲོད་དང་མེད་བརླག་བྱེད་པ་ལ་དགའ་མཁན་ཞིག་ཏུ་གྱུར་སོང་བ་དེ་ཅི་ཞིག་མ་འགྲིག་པ་རེད་ལགས།
འདི་ལྟར་སེམས་ཚེགས་དང་ཕང་སེམས་ཀྱི་ན་ཟུག་དག་ཚོར་བ་རྒོད་པོས་ངང་ཡིག་ངོས་སུ་ཕབ་བཞིན་པའི་སྐབས་སུ། ཁོ་བོས་གྲོགས་བླུན་པོ་སྨྱུག་ཐོགས་ཀྱི་སྐད་ཆ་ཞིག་དྲན་ཡོང་སྟེ། “⑴བོད་ལ་ཡོད་པ་ནི་ས་རེད་ལ། མེད་པ་ནི་མྱི་རེད།”ཟེར་བ་བཞིན། ཏག་ཏག་བོད་ལ་ཡོད་པ་ནི་དགོན་པ་དང་གྲྭ་པ་ཡིན་པ་ལས། མེད་པ་ནི་ཤེས་ཡོན་ཅན་རེད་འདུག འདས་པའི་ལོ་རྒྱུས་ཁྲོད་ཕྱིར་རྟོག་ཅིག་བྱས་པ་ཡིན་ན། བོད་ཀྱི་མཁས་པ་ཡིན་ཟེར་བ་མཐའ་དག་ཆོས་ལུགས་རྒྱུན་འཛིན་གྱི་རང་རློམ་མཁན་ཤ་སྟག་ལས། དོན་གྱིས་ཤེས་ཡོན་ཅན་རྣལ་མ་ཞིག་ཁ་ཁེར་ཞིག་ལས་འཁྲུངས་མྱོང་མེད་པ་རེད། འོན་ཀྱང་། ཁ་ཁེར་ཞིག་ཡོད་མྱོང་བ་དག་ཀྱང་འུ་ཅག་རང་གིས་ངན་ལམ་དུ་བརྫངས་སོང་བ་རེད་ལ། དེའི་ནད་རོ་དེ་ད་ལྟ་ད་དུང་ཡང་ཤུགས་ཀྱིས་མཆེད་ཅིང་སྟོབས་ཀྱིས་འབར་བཞིན་ཡོད་པ་མ་རེད་དམ།
མ་གཞི་གོང་གི༼འབར་ཞུན༽ཚགས་པར་གྱི་རྒྱབ་ནས་མཆེད་པའི་ཡིད་སྐྱོ་བའི་གནད་དོན་དེས་ང་ཚོ་ལ་དྲི་རྟགས་ག་འདྲ་ཞིག་རྒྱབ་ཡོད་པར་བསམ་བློ་ཞིག་བཏང་བ་ཡིན་ན། གོང་གི་རྡུང་རྡེག་བྱེད་མཁན་གྱི་མི་དག་ལ་རིག་གནས་ཤེས་ཡོན་གྱི་ཚད་གཞི་ག་འདྲ་ཞིག་ཡོད་པ་རེད། དེ་ཚོའི་བསམ་བློའི་གོ་རྟོགས་ཀྱི་ཚད་གཞི་ག་འདྲ་ཞིག་ཡིན་པ་རེད། ད་དུང་རྩོམ་པོ་དེ་དག་གིས་དགོན་ཁག་གཉིས་ལ་ལྟ་ཚུལ་བཏོན་པའི་བྲིས་རྩོམ་གྱི་བརྗོད་བྱ་དེ་འགྲིག་དང་མ་འགྲིག་གི་དབྱེ་ནུས་ཀྱི་ཚད་གཞི་ཅི་ཙམ་ཞིག་ཡོད་པ་རེད། མེད་མོད། མ་གཞི་ནས་འུ་ཅག་བོད་ཀྱི་མང་ཚོགས་དག་རྨོངས་པ་ཡིན་པས། འདི་དག་ནི་དུངས་ཞེན་དང་ངོ་སོ་ཙམ་གྱི་དོན་དུ་ཧོལ་རྒྱུགས་ཀྱི་ཅལ་འགྲོག་བྱས་པ་ལས། དོན་གྱིས་ཁོ་ཚོར་རྩོམ་ཡིག་དག་དབྱེ་ཞིབ་ཀྱི་ནུས་པ་ཞིག་ཕར་བཞག འགྲོ་མིའི་རྩིས་ཐང་དང་ཐོབ་ཐང་ཙམ་ལའང་བརྩི་བཀུར་བྱེད་ནུས་མེད་ཕྱིར། བོད་ཀྱི་མང་ཚོགས་དག་ནི་དགོན་པའི་རྒྱུགས་ཁྱི་ཁོ་ནར་གྱུར་ཡོད་པ་རེད་ལ། ཁོ་ཚོས་ཁྱུ་སྤྱང་ངན་འབྲེལ་གྱིས་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་རྨ་ཁ་བཏོད་ཅིང་མཐའ་སྤྲོད་གཏོང་གིན་ཡོད་པ་མ་རེད་དམ། ལོ་ངོ་འདི་འགའི་རིང་དུ་རང་ཅག་ལ་ཅིག་ཡོད་པ་མཐའ་དག་གིས་རང་རང་ས་ནས་ཧུར་བརྩོན་ཆེན་པོས། རང་དབང་དམངས་གཙོ་ཡི་ས་བོན་དང་། རིན་ཐང་ལྟ་ཚུལ་གྱི་ཁ་དོག་ཡོད་ཚད་ནང་འདྲེན་གྱི་ལས་ལ་ཤུགས་ཆེན་རྒྱག་ཅིང་། རང་ཅག་གི་ཁོར་ཡུག་ཆེན་པོའི་ཁྲོད་དུ་ལྟ་བ་མཉམ་གནས་དང་བསམ་བློ་དཀྱེལ་ཡངས་ཀྱི་མཁའ་དབུགས་ཤིག་ལ་ཧུར་གྱིས་འབད་བརྩོན་བགྱིས་པ་ཡིན་ཞིང་། རང་རང་སོ་སོའི་འཚོ་བ་དང་བདེ་སྐྱིད་མཐའ་དག་རྒྱབ་ཏུ་བསྐྱུར་ཏེ་ཡོངས་ཁྱབ་རིན་ཐང་གི་སྒྲོམ་གཞི་བརྟན་པོ་ཞིག་ལ་ཚེ་སྲོག་ཀྱང་གཏའ་མར་བཞག་ཏེ་བརྩོན་ནའང་། འདི་ལྟ་བུའི་ལས་སྦྱོར་དག་གིས་ནི་ཏག་ཏག་ཡོད་ཚད་སྨག་མེད་དུ་བརླག་གིན་ཡོད་པ་མ་ཡིན་ནམ།
མཇུག་ཏུ་ཁོ་བོའི་རང་རྩོམ༼ ཞོགས་དུང་སྙིང་སྟོབས༽སུ་བཀོད་པའི་རྩོམ་ཡིག་ཅིག་གི་ཚན་པ་ཞིག་འདིར་བཀོད་དེ་མཇུག་བསྡུ་བར་བྱའོ།།
⑴འུ་ཚང་ལ་ཡོད་མྱོང་བའི་དཔའ་བོ་དང་དཔའ་མོ་ཚོ་རང་གིས་བརླགས་ཤིང་། འུ་ཚང་ལ་སྐྱེས་མྱོང་བའི་མཐའ་ཆོད་ཀྱི་བློ་མིག་ཅན་ཚོ་སྟེ། དཔའ་སྤོབས་ལྡན་པ། སྙིང་རུས་ལྡན་པ། ཐབས་རྩལ་ལྡན་པ། བཤད་ཕོད་པ། སྒྲུབ་ཕོད་པ། ལངས་ཐུབ་པ། འབོད་ཐུབ་པ། བརྩོན་འགྲུས་ཆེ་བ། ཕུགས་འདུན་རིང་བ། མིག་རྒྱང་ཡངས་བ། འཇོན་ནུས་ཅན། ཡོན་ཏན་ཅན། ཚན་རིག་པ་ལ་སོགས་ཐམས་ཅད་རང་གིས་ངན་ལམ་དུ་བརྫངས་ཤིང་། སྐབས་འདིར། ཉི་འོད་ཀྱི་འདབ་མ་མེད་ས། ཚན་རིག་གི་འོད་མདངས་མེད་ས། ལྷན་འཛོམས་ཀྱི་དཀར་འོད་ཙམ་ཡང་མེད་པའི་སྨག་རིམ་ཁྲོད་བགྲོད་དགོས་བྱུང་བ་འདི་སུས་ཀྱང་ཤེས་གསལ་ལྟར་ཡིན་ཕྱིར། ད་ནི་ང་ཚོས་བསམ་བློ་གཏོང་རན་པའི་དུས་ལ་ཐོན་ཡོད། ད་ནི་ང་ཚོས་གོམས་ཁ་བསྒྱུར་རན་པའི་དུས་ལ་ཐོན་ཡོད་དོ།།

• བླུན་པོ་སྙུག་ཐོགས་ཀྱི༼ རྐང་་བའི་སྒྲུང ༽ལས་དྲངས།
• རང་རྩོམ ༼ འགྲོ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དང་བོད་ཀྱི་ཆོས་ལུགས་པའི་སྒེར་གཅོད་ལམ་ལུགས། ༽ ལས་དྲངས།

ཁྲམ་རྟགས་དོན་རྐྱེན།

འཚིག

རིག་གནས།

རིག་གནས་སྣ་གཅིག་གིས་བསྡམས་པའི་མི་ལ་ཁོག་རྒྱ་ཧ་ཅང་ཆུང་། དེ་ནི་རིག་གནས་ལན་པ་རེད་ལ་མི་སྒེར་རེ་རེ་ལན་པའང་རེད། བརྒྱ་ལ་མི་ཞིག་གསོན་པའི་གོ་རིམ་ཁྲོད་བྱུང་དང་འབྱུང་འགྱུར་གྱི་གནད་དོན་དེ་དག རིག་གནས་སྣ་གཅིག་གི་རིན་ཐང་འཁྱེར་སྟངས་ཀྱིས་ཁེབས་མི་སྲིད་ལ། ལྷག་ཏུ་"འཚོ་གནས་ཀྱི་ཕྱིར་དུ་མངོན་པར་རྒྱུག་གིན་པའི་"མི་སེར་ཡིན་པ་སྐད་ཀྱི་ང་ཚོའི་འཚོ་གནས་ཏེ། འཁོར་བ་སྡུག་བསྔལ་འབའ་ཞིག་ཏུ་ལྟ་བའི་ཆོས་ལུགས་ཤིག་གིས་ཇི་ལྟར་ཁེབས་ཨང་ལོ་རྒྱུས་ཁྲོད་རྐང་རྗེས་ནག་པོ་ཕབས་པའི་མྱི་རྣམས་ལགས།
མི་རྣམས་ཀྱིས་དུས་རབས་འདིའི་ཁྲོད་དུ་འཚོ་བ་སྐྱེལ་དུས། རིག་གནས་གང་མང་གི་ཆ་དང་འབྲེལ་བ་ཡོད་པའི་གནད་དོན་བྱེ་བྲག་པ་ཏག་ཏག་འབྱུང་སྲིད་པས། དེ་དག་གང་ཡོད་ལ་རིག་གནས་སྣ་གཅིག་གི་རིན་ཐང་འཁྱེར་སྟངས་ལྟར་བལྟས་པ་ཡིན་ན་དེ་ནི་དགོད་སྤྱད་ཅིག་མ་ཡིན་ནམ།
སྒེར་གྱི་བསམ་ཚུལ་ལྟར་ན་མི་རྣམས་རིག་གནས་ག་གེ་མོའི་ཆེད་དུ་གསོན་པ་མ་ཡིན་པར། རིག་གནས་གང་ཡོད་མི་རྣམས་ཀྱི་འཚོ་བའི་ཟུར་རེ་རེར་ཞབས་ཞུ་སྒྲུབ་ཕྱིར་གནས་པ་ཙམ་མོ། དེ་ལྟར་བལྟས་ཚེ་མི་རྣམས་ལ། རང་བྱུང་ཁྲིམས་ཀྱི་དགོངས་པ་དང་མ་འགལ་བའི་རང་ཉིད་དང་འབྲེལ་མ་འབྲེལ་གྱི་རིག་གནས་མཐའ་དག་སྲུང་སྐྱོབས་བྱེད་པའི་ཁེ་དབང་ཡོད་ལ། དེ་བཞིན་དུ་མི་རྣམས་ལ་རིག་གནས་གང་ཡོད་ལ་དགག་པ་དང་དབྱེ་འབྱེད་བྱེད་པའི་ཁེ་དབང་ཡོད་པའང་ཞོར་ལ་ཤེས་ཐུབ། སྦྱོར་བ་སྔ་གཞུག་གང་གི་སྐབས་སུའང་མི་དང་མི་ཕན་ཚུན་གྱི་བར་དུ། ཧ་ཅང་དཀྱེལ་ཡངས་དང་སྡང་སེམས་མེད་པར་གཟབ་ནན་དུ་ཡོང་ཐུབ་ན། གནད་དེ་ལ་དཔལ་ཡོན་གྱི་རིག་གནས་གྲོས་བསྡུར་ཟེར་ལ། རྣམ་པ་དེ་འདྲའི་འོག་ཏུ་དཔལ་ཡོན་ལྡན་པའི་རིག་གནས་དང་མི་ཡང་འབྱུང་སྲིད་པའོ།།
སྐད་ཆ་དེ་ལྟར་བཤད་ཆོག་མོད། དོན་དངོས་དེ་ལས་གཟུར་འདུག་ནའང་ང་ཚོར་བློ་འགྱོད་སྐྱེ་མི་རིགས།

ཁྲམ་རྟགས་དོན་རྐྱེན།

"ཁྲམ་རྟགས་དོན་རྐྱེན་"ནི་རིག་གནས་དང་ལོ་རྒྱུས་འགྱུར་མཚམས་ཀྱི་རྡོ་རིང་ཞིག་གི་ཁ་བྱང་ཡིན། མི་གསོན་པོ་ཞིག་གི་ངོ་གདོང་དུ་"ཁྲམ་རྟགས་"ཤིག་ཕབས་འདུག་ཟེར། ཁྲམ་རྟགས་ཕབས་མཁན་གྱི་མི་དེ་དག་གིས་ད་ལྟ་ཡོངས་སུ་རྒྱལ་ཁ་ལོན་སོང་བ་རེད་དམ།
ཉིན་ཤས་འགོར་བའི་དེ་རིང་ཁྱོད་ཚོས་ཅི་ཞིག་བསམ་གྱིན་ཡོད་པ་ངས་ཚོད་དཔག་དཀའ་ཡང་། ཁྱོད་ཚོས་ཕབས་པའི་"ཁྲམ་རྟགས་"དེ་ནི་ཁྱོད་ཚོས་ཕབས་པ་ཙམ་མ་ཡིན་པར་རིག་གནས་ཤིག་གིས་ཕབས་པ་ཡིན་པས། སྐད་ཆ་ཉ་ཉོག་འདི་བཤད་མཁན་གྱི་ང་ལ་ཁྱོད་ཚོར་སྡང་སེམས་ཅི་ཡང་མེད། ཡིན་ཡང་ཁྱོད་ཚོར་བརྩེ་བ་ཞིག་སྐྱེ་འོང་། དེ་ནི་དུས་རབས་ཉེར་གཅིག་པའི་ཉི་འོད་ཐོད་ལ་བཞག་པའི་ཉི་མའི་དཀར་ངོགས་འདི་ནས། ཁྱོད་ཚོ་རང་གི་མི་ཚེ་དང་འཚོ་བ་དེ་ཁྱོད་ཚོ་རང་ཉིད་ལ་དབང་གི་མི་འདུག་བསམ་པ་དེའོ།། ཁྱོད་ཚོས་ཁྲམ་རྟགས་ཕབས་པའི་མི་དེ་ཡང་ཁྱོད་ཚོར་སྡང་སེམས་མེད་པར། ཁོས་"ཁྲམ་རྟགས་"ཏེ་གདོང་ལ་ཁུར་ནས་ལོ་རྒྱུས་ཀྱི་ཀློང་དུ་སྔར་བཞིན་གཟི་བརྗིད་ཀྱིས་གསོན་པར། ང་ཡིས་རེ་བ་འཆིང་གི་ཡོད།

ལྕེ་གསུམ་པ།

རིག་གནས་དང་མི་སྒེར་གྱི་འབྲེལ་བ། དེ་གཉིས་ཕན་ཚུན་གྱི་བར་གྱི་དགོས་མཁོ་དང་། བེད་སྤྱོད་བྱེད་སྟངས་སོགས་ངོས་ཟིན་གསལ་བོ་མ་ཐོན་པའི་ས་གནས་དེ་དག་དང་མི་ཚོགས་དེ་དག"དཔལ་ཡོན་དུ་བསྐྱོད་པར། "རྨི་ལམ་ཟུར་གསུམ་རྨིས་མཁན་གྱི་ང་ཚོས་"མནར་གཅོད་གང་མང་མྱོང་དགོས་ཡོད། དེ་ནི་ལོ་རྒྱུས་མདུན་སྐྱོད་ཀྱིས་ང་ཚོར་བསྩལ་བའི་རེ་བ་དང་ང་ཚོས་དཔེ་ཆ་བཀླགས་དང་ཀློག་པའི་ཡོང་འབབ་རེད། དེའི་ཕྱིར་ང་ཚོས་རང་ཉིད་ལ་ཡིད་ཆེས་བྱས་ན་རེད།
ཁྱོད་ཚོས་གཞི་ནས་དུས་རབས་དང་ལོ་རྒྱུས་ལ་བདག་པོ་བརྒྱབས་སོང་བ་རེད། ས་མཐའ་འདི་ནས་མིག་ཟུང་བཙུམ་ན་ངོ་མི་ཤེས་པའི་ཁྱོད་ཚོའི་རྒྱབ་གཟུགས་མཐོང་ཐུབ། དེ་ནི་དཔལ་ཡོན་དང་དུས་རབས་ལ་འཕྱར་བའི་དར་ཆ་ཞིག་རེད། དར་ཆ་དེར་"ན་གཞོན་"ཞེས་བྲིས་འདུག

༢ / ༢༦ ཉིན་ས་མཐའ་ཞིག་ཏུ་འཚིག་གིས་སྦྱར།

རྔ་བ་ན་ཡི་གེ་བ་དག་ལ་མཚོན་གྱིས་བསྣུན་གྱིན་ཡོད།
བློ་མིག

ཉིན་ཁ་ཤས་ཀྱི་སྔོན་དུ་ཕ་ཡུལ་རྔ་བ་ནས་ན་གཞོན་བཞི་ཡིས་གཙོ་སྒྲུབ་མཛད་པའི་འབར་ཞུན་ཚགས་པར་སྟེང་དུ་སྣང་ཞིག་དགོན་དང་ཅོག་ལོ་དགོན་གཉིས་ཀྱི་ཆོས་མིན་སྲིད་མིན་གྱི་སྣང་ཚུལ་མཐའ་དག་ལ་དགག་སྒྲུབ་བྱས་པའི་རྩོམ་ཡིག་རེ་འགའ་ཞིག་བྲིས་ཏེ་སྒོར་བཀྲམས་རྗེས།ཡུལ་དེའི་མང་ཚོགས་སྐོར་ཞིག་རྩོམ་པོ་གཅིག་གི་ཁྱིམ་ལ་ཡོང་སྟེ།ཁོ་སྒོར་དྲུད་དེ་ཐོད་པའི་སྟེང་དུ་གྲི་མཚོན་གྱིས་ཁྲམ་རྟགས་བརྒྱབ་པར་མ་ཟད།གཅར་རྡུང་ནན་མོ་བྱས་པས་ཁོ་སྨན་ཁང་དུ་ཉལ་དགོས་བྱུང་ཡོད།ཁོའི་རྩོམ་གྲོགས་གཞན་པ་གསུམ་ཡང་རང་ཁྱིམ་དུ་འདུག་ཐབས་མེད་པར་བྲོས་བྱོལ་གྱི་ཉི་མ་གཏོང་དགོས་ཐུག་ཡོད་པ་རེད།

དེ་ལྟར་དུ་བཙན་པོར་འཕྲད་ན་མགོ་བོ་སྒུར་སྒུར་དང་།གཉོམ་ཆུང་ལ་འཕྲད་ན་གྲི་མཚོན་གྱིས་བསྣུན་པའི་འཇིགས་སུ་རུང་བའི་གཡུལ་ས་ཞིག་དང་འདྲ་བའི་ཡུལ་དེ་ལ་ཀུན་གྱིས་འདི་ལྟར་བརྗོད་ཀྱིན་ཡོད་དེ།
རྔ་བ་རྫོང་གི་མངའ་ཁོངས་སུ་དགོན་ཁག་བཞི་བཅུ་ཞེ་གསུམ་ལྷག་ཡོད་པའི་བྱམས་སྙིང་རྗེ་དང་།ཆོས་བསོད་རྒྱུ་བསོད་ཡུལ་གཞན་དང་མི་འདྲ་བ་ཡིན་ཞེས་པ།རྔ་བའི་ཡུལ་མི་གང་གིས་ཀྱང་མ་ཐོས་པ་མེད་པའི་གཏམ་ཞིག་རེད།
འོན་ཀྱང་། དེའི་ཤུགས་ནས་བོད་ཀྱི་དགོན་པ་དག་ཡོད་པས་བོད་མི་རིགས་ནི་ཆོས་ལུགས་ཀྱིས་བསྐྱེད་འབྲས་ཤིག་ཏུ་ངོས་འཛིན་བྱས་ཏེ།
ཡུལ་གང་ལའང་དགོན་པ་ཅི་ལྟར་མང་ན་དེ་ལྟར་དུ་འགྲོ་བ་སེམས་ཅན་ལ་བདེ་སྐྱིད་ཀྱི་ཆར་ཆུ་འབབས་པ་དང་།བྱམས་སྙིང་རྗེ་ཟེར་བ་ནི་དགོན་པ་དང་ལྷ་ཁང་མང་པ་ཙམ་གྱིས་གྲུབ་པར་སྣང་བའི་འདུ་ཤེས་ཤིག་ཡང་དག་འཁྲུལ་མེད་དུ་ངོས་འཛིན་གནང་དང་གནང་མུས་སུ་ཡོད།
དོན་དམ་དུ་དེ་ནི་ཁ་གཡང་དང་མིང་དོན་གྱི་སྟོང་བ་ཉིད་ཁོ་ན་ཡིན་པས།སྣང་ཞིག་དགོན་དང་ཅོག་ལོ་དགོན་སོགས་གཙོས་བྱས་པའི་དགོན་པ་གང་གི་རུལ་སུངས་ལམ་ལུགས་ལ་སྐྱོན་བརྗོད་དང་དགག་པ་བཏང་ན།ནག་ཉེས་ནག་ཉེས་སུ་གཡར་དམ་མི་བྱེད་པར།དངོས་ཤུགས་བརྒྱུད་གསུམ་གྱིས་རྩོམ་པོ་གང་ཉིད་ཚར་གཅོད་ཚུལ་དང་།རྩོམ་པོ་གང་ལ་གཞན་གྱི་གྲི་ཡིས་བསྣུན་ཏེ་ཁྲམ་རྟགས་ཕབ་པ་དང་གཅར་རྡུང་ཚབ་ཆེན་བྱས་ཤིང་།སྨན་ཁང་དུ་ཉལ་དགོས་པའི་ཚད་དུ་བསྐྱལ་བ།
རྔ་བའི་དགོན་པ་དག་ནི་ཆོས་ལུགས་སློབ་སྦྱོང་གི་རྨང་མཐུག་ཅིང་ཆོས་ལུགས་ཉམས་ལེན་ཡོད་པའི་ཁོར་ཡུག་ཅིག་ཡིན་ནམ།ཡང་ན་དགོན་པ་དག་ནི་ཆོས་ཀྱི་མིང་ཐོག་ནས་ཐུབ་པའི་ཞལ་རས་ལ་དྲི་ནག་བྱུག་པའི་ཤེས་རྨོངས་གྲོག་རོང་གི་གཡང་དུ་ལྷུང་བའི་ཚོགས་སྡེ་ཞིག་མ་ཡིན་ནམ།

མདོར་ན།རྔ་བའི་ཕྱོགས་ཀྱི་དགོན་པ་དག་གཙོ་བོར་གྱུར་བའི་དགོན་པ་མང་ཅག་གིས་སྔར་གྱི་གྲུབ་མཐའ་འཐབ་རྩོད་ཀྱི་མེ་རོ་སླར་གསོ་ཡིས་འདུན་པ་ཇེ་ཆེར་རྒྱས་ཏེ།ཅིག་ཅིག་གི་ལྷ་འབངས་དང་ཉིག་ཉིག་སློབ་བརྒྱུད་ཅེས་བསྒྲགས་གཏམ་སྤེལ་བ་དང་།མང་ཚོགས་ཀྱི་ཡར་རྒྱས་ཀྱི་ཆེད་དུ་ཞེས་དགོན་ཁག་བཞི་བཅུ་ཞེ་གསུམ་རེ་མཉམ་འབྲེལ་གྱིས་སྲིད་གཞུང་དང་མཉམ་པོར་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་བཀག་འགོག་གི་གྲིབ་མག་ཇེ་འཐིབ་ནས་ཇེ་འཐིབ་ཏུ་གྱུར་ཡོད་པ་སོགས།
བོད་བརྒྱུད་ནང་བསྟན་གྱི་མ་འོངས་མདུན་ལམ་ལ་འོད་སྣང་གིས་ཁྱབ་པར་བྱེད་པའི་ལས་གང་ཡང་མ་ཡིན་པར།མུན་ནག་རབ་རིབ་ཀྱི་གནས་སུ་བསྐྱལ་བའི་རྒྱུ་རྐྱེན་ཉག་གཅིག་ཡིན་པས།དེང་གི་དུས་སུ་བོད་ནང་དུ་དགོན་པ་དང་སྲིད་གཞུང་མཉམ་འབྲེལ་བྱས་ཏེ་སྨྲ་བརྗོད་རང་དབང་གི་ཆུ་མོ་ཐད་ཀྱིས་བཀག་པའི་གྲོས་བསྡུར་དང་གྲ་སྒྲིག་བྱས་ཏེ།ལག་ལེན་གྱི་ཉི་མ་ཞིག་འཆར་ལ་ཉེ་བ་ཆེས་འཇིགས་སུ་རུང་བ་ཉིད་དོ།།

དེ་བས་དེང་གི་དུས་སུ་དགོན་པ་གང་གིས་གཏན་ཕུད་བྱས་པ་དང་།དགོན་པ་གང་ལ་དགག་པ་བཏང་བ།དགོན་པ་གང་གིས་ཆོས་སྒོ་བརྒྱབ་པ་སོགས།དོན་གྱིས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཁྲོད་དུ་སྐར་འོད་བཞིན་འཚེར་བའི་སྐྱེས་ཆེན་གང་ལ་ཁྲེལ་མེད་བྱས་པ་མིན་པ་དང་།བོད་བརྒྱུད་ནང་བསྟན་གྱི་ཉིང་བཅུད་དང་ཕྱིའི་ལྕགས་རི་ལྟ་བུ་ལ་ངོས་འཛིན་གནང་གིན་ཡོད་པའི་ཚད་མ་རྣམ་འགྲེལ་གྱི་གཏན་ཚིགས་རི་མོ་ལ་ནག་བསུབ་ཅི་ཡང་བྱས་པ་མ་ཡིན་པས།
དེ་ལྟ་བས་ན།དགོན་པ་དག་ནི་དེ་དག་སྲུང་སྐྱོབ་བྱེད་པའི་གནས་ཤིག་མ་ཡིན་པར་དེ་དག་གཏོར་བཤིགས་གཏོང་བའི་གནས་ཁོ་ན་ཉིད་དུ་གྱུར་བས།གལ་ཏེ་སུ་ཞིག་གིས་བོད་བརྒྱུད་ནང་བསྟན་ལ་ལྷག་བསམ་གྱི་དོ་ཁུར་སོགས་བྱས་ན།ནང་བསྟན་རུལ་སུངས་ཅན་དུ་གཏོང་བའི་ལམ་ལུགས་གང་ལ་དགག་པ་བྱས་པའི་མི་དག་ལ་གྲི་ཡིས་བསྣུན་ཏེ།ཐོད་པའི་སྟེང་དུ་ཁྲམ་རྟགས་བྱས་པ་ཙམ་གྱིས་གང་ཡང་མི་ཁོག་ལ་ཅི་ཡང་མི་སོད་ལ།དེ་བས་བོད་ཀྱི་དགོན་པ་དག་ནི་ཐོས་བསམ་སློབ་གཉེར་བྱེད་སའི་གནས་ཤིག་མ་ཡིན་པར།དབང་བསྒྱུར་མེ་ཏོག་གི་འདབ་བརྒྱ་བཞད་པའི་གནས་ཤིག་ཏུ་ངོས་འཛིན་གནང་ན་ཆོག་ཆོག་རེད།
གོ་ཐོས་ལྟར་ན་རྔ་བའི་དགོན་པ་དག་དང་སྲིད་གཞུང་གཉིས་མཉམ་འབྲེལ་བྱས་ཏེ།སྐྱ་ཁྲིམས་སེར་ཁྲིམས་ཤིག་འཇོག་གི་ཡོད་པ་རེད་ཅེས་བཤད་ཀྱིན་ཡོད་ཀྱང་།ཁོ་བོས་ནི་ཁྲིམས་ལུགས་མི་ཤེས་པའི་གྲྭ་རྒན་སྐོར་ཅིག་དང་ཁྲིམས་ལུགས་མི་བརྩི་བའི་དཔོན་པོ་སྐོར་ཅིག་གིས་རང་སྣང་གང་ཤར་དུ་ལོག་ཁྲིམས་དང་བཙན་ཁྲིམས་གང་ཞིག་བཟོས་རུང་།གྲྭ་རྐྱང་སྨྱུག་འཛིན་པ་བདག་གིས་གཏན་དུ་རྒོལ་བར་བྱའོ།།

2014。2。26。ཉིན་རྔ་བའི་ཇ་ཁང་ཞིག་ཏུ་བྲིས།

བདེན་པ་སྲོག་གིས་བསྲུངས་པའི་དགེ་ཕན།
དགེ་ཆོས།

ཡེ་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་བའི་ཚེས་དགུ་ཉིན་པཱ་ཅི་སི་ཐན་གྱི་སཱཝཐཱི་ལུང་གཞུང་དུ་ཡ་ང་བའི་དོན་རྐྱེན་ཞིག་བྱུང་བ་ནི། བྱིས་པ་ཆུང་ཆུང་ཞིག་གི་མགོར་མེ་མདས་བརྒྱབ་ཅིང་གཞན་ཁ་ཤས་ལའང་རྨས་སྐྱོན་ཚབས་ཆེན་བཟོས་པ་དེ་རེད། ཁོ་མོ་ནི་ཕྱིས་སུ་ཡེ་ལོ་༢༠༡༣ལོའི་ནོ་འབེར་ཞི་བདེའི་བྱ་དགའི་འོས་མིར་ཚུད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ལེན་མཁན། རྒྱལ་སྤྱིའི་བྱིས་པའི་ཞི་བདེའི་གསོལ་རས་ལེན་མཁན་སྐྱེས་མའི་སློབ་གསོ་འདྲ་མཉམ་དུ་འཐོབ་པར་རེ་བའི་རྩོད་ལེན་པ་མཱ་ལ་ལ་ཟེར་བའོ།། ཁོ་མོས་ང་ནི་མཱ་ལ་ལ་ཡིན་ཞེས་པའི་མིང་ཐོག་ནས་སྐྱེས་མ་སྤྱི་དང་བྱིས་པ་བུ་མོ་ཚོས་སློབ་གསོའི་གོ་སྐབས་འདྲ་མཉམ་དུ་འཐོབ་པའི་ཉིན་ཐོ་མང་དུ་སྤེལ་བས། ཏལིསབྷན་གྱིས་ཁོ་མོའི་མགོར་མེ་མདས་བརྒྱབ་སྟེ་མེད་པར་གཏང་རྩིས་བྱས་མོད། འོན་ཀྱང་སྟབས་ལེགས་ཏེ་ཚེ་སྲོག་གི་མཆོད་མེ་མ་གཟིམས་པར་མ་ཟད་ཁོ་མོ་འཛམ་གླིང་ལ་སྐད་གྲགས་ཆོད་པའི་སློབ་གསོའི་ཁེ་དབང་རྩོད་ལེན་པ་ཞིག་ཏུ་ཆགས་ཤིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བྷན་ཀི་མོན་སོགས་ཀྱིས་ལོ་རེའི་ཟླ་༡༡པའི་ཚེས་༡༠ཉིན་ནི་མཱ་ལ་ལའི་ཉིན་མོར་གཏན་ཁེལ་བ་རེད།
སྣང་ཚུལ་འདི་ལས་བལྟས་ན། གཅིག་ནས་ཏལིསབྷན་གྱིས་སེམས་སུ་ཁོ་མོ་གཅིག་པུ་མེད་པར་བཏང་ན་ཡོད་ཚད་མཇུག་རྫོགས་སོང་བར་འདོད་མོད། དེ་ལས་ལྡོག་པའི་སྣང་བ་འདིས་བདེན་པ་ནི་དུས་ཀྱི་སྔ་གཞུག་ལས་སུས་ཀྱང་འགོག་ཏུ་མེད་པ་ཞིག་ཡིན་ཚུལ་ངོ་སྤྲད་ཅིང་། འཇིགས་སྐུལ་བ་ཁོ་རང་དང་དེའི་རྒྱབ་ལོགས་ཀྱི་གཞུང་
ངམ་ཆེ་གེ་མོ་དེར་མགོ་ཡར་འགྱོགས་མི་ཐུབ་པའི་ཕམ་ཁ་སྤྲད་ཚུལ་ནི་ཤེས་ནས་བསམ་མཁན་ཞིག་ཡིན་ན་གསལ་ལེར་མངོན་ཡོང་། གཉིས་ནས་ཤེས་ཡོན་ནི་རལ་གྲི་ལས་རྣོ་དབལ་ཚ་བའི་ལག་ཆ་མཆོག་གྱུར་ཅིག་ཡིན་པ་ཧ་མ་གོ་ཞིང་། བདེན་པ་ནི་དད་པ་དང་དུང་ཞེན་གྱིས་འགེབ་མི་ཐུབ་པའི་ནོར་བུ་འོད་འབར་ཞིག་ཡིན་ཚུལ་མ་རྟོགས་པས་ཡ་ང་ཞེ་མེར་གྱི་དོན་བྱ་སྣ་ཚོགས་བྱུང་བ་དང་། གདུག་རྩུབ་སྦྱོར་ངན་གྱི་ལས་འདྲ་མིན་ཡང་བྱས་པ་རེད་བསམ་སོང་།

འབར་ཞུན་ཚགས་པར་ཁྲི་ལོར་ཤོག
བཙན་སྒྲ

ཉིན་འདི་གར་སྐད་འཕྲིན་གྱི་བར་སྟོང་གང་ཞིག་ཏུ་གསལ་འགྱུར་འདི་འདྲ་ཞིག་སྤེལ་འདུག བོད་ཨ་མདོ་རྔ་བའི༼ཨ་ཁམས༽སྡེ་བའི་གྲྭ་གྲོང་འདྲེས་མའི་ན་གཞོན་སྐོར་ཞིག་གིས༼འབར་ཞུན༽ཞེས་པའི་ཚགས་པར་ཞིག་ཕུད་དེ་སྤྱི་ཚོགས་སུ་བཀྲམས། དེ་བཀྲམས་མ་ཐག་རྩོམ་པོ་དག་ལ་རྡུང་རྡེག་དྲག་པོ་བྱས་པར་མ་ཟད་གྲི་མཚོན་གྱིས་གདོང་ལ་ཁྲམ་བརྒྱབ་པ་སོགས་ཐ་ན་རང་ཡུལ་ལོང་པ་ན་སྡོད་མི་བདེ་བའི་གནས་སུ་བཅལ་འདུག ཚགས་པར་དེའི་ལངས་ཕྱོགས་དང་བརྗོད་དོན་གཙོ་བོ་ནི་ཆོས་ལུགས་སྒེར་སྡོམ་རང་ལུགས་པ་དག་གིས་ཉམས་ང་བའི་སྤྱི་ཚོགས་ཤིག་གི་སྟེང་ལ་འདྲ་མཉམ་མིན་པའི་སྤྱོར་བ་རྩོམ་གྱིན་པ་སེམས་ཀྱིས་མ་བཟོད་པའི་འོས་ལངས་ཤིག་རེད་འདོད། དེ་ལྟར་ན་མི་ཞིག་གི་གཞི་རྩའི་ཁེ་དབང་ལོངས་སུ་སྤྱོད་ནས་དགོན་པ་ཆེ་གེ་མོ་དང་བླ་སྤྲུལ་ག་གེ་མོ་རེ་རེའི་གདོང་ལ་འཛུབ་མོ་ཀེར་སྟངས་འདི་ནི་མི་སོ་སོའི་ལྟ་བ་གླེང་སྟངས་དང་བདེན་པ་བརྗོད་ཚུལ་ཞིག་ཡིན་ལ་ཡིན་ཡང་དགོས། ད་ལྟ་རྩོམ་པོ་དག་གིས་རྡུང་རྡེག་དྲག་པོ་སྨྱོང་སྟེ་ཕ་ཡུལ་གྱི་ལུང་པ་དང་རྒྱང་དུ་གྱེས་དགོས་ལ་ཉེ་ནའང་ཁྱེད་ཚོའི་ཕམ་ཁ་མིན་ལ་ཁོ་ཚོའི་རྒྱལ་ཁ་ཞིག་ཀྱང་ཡིན་མི་སྲིད། ནམ་ཞིག་དུས་རབས་ཀྱིས་དཔང་བོ་བྱས་ཏེ་ཁྱེད་ཚོ་ནི་ལོ་རྒྱུས་ཀྱི་རྡོ་རིང་རེ་རེ་ཡིན་ལ་ཡིན་པར་སྨོན། ཁོ་བོ་ནི་རྟག་པར་དགོན་པ་དང་བླ་སྤྲུལ་གང་རུང་ལ་དད་ཡིད་རྩ་ནས་མེད་པའི་སྤྱིར་བཏང་གི་མི་ཞིག་ཡིན་པས་དགོན་པ་དག་གི་ལམ་ལུགས་དང་བླ་སྤྲུལ་ཚོའི་སྤྱོད་ལམ་སོགས་ལ་སྐད་ཆ་ཅི་ཡང་བཤད་འདོད་མེད་ལ་བཤད་པའི་དགོས་པའང་རང་ལ་མཚོན་ན་མེད། རྒྱུ་མཚན་རང་ལ་མཚོན་ན་ཁོ་པ་ཅག་ལ་དད་པ་དང་ཡིད་ཆེས་རྩ་ནས་མེད་པས་སོ།། གང་ལྟར་ཐེངས་འདིར་རང་ཉིད་དང་ལངས་ཕྱོགས་གཅིག་པའི་གསར་བུ་སྐོར་ཞིག་ལ་འདི་འདྲའི་དཀའ་ངལ་ལ་ཕྲད་སྐབས་སེམས་ཀྱིས་མ་བཟོད་པར་ང་ནི་ཁྱེད་ཚོ་དང་མཉམ་དུ་ཡོད་ཞེས་པའི་བརྡ་ཞིག་དང་། འབྱུང་འགྱུར་ཡང་འདི་ལྟར་འགྲོ་དགོས་པའི་འབོད་སྐུལ་དང་རྒྱབ་སྐྱོར་ཞིག་གི་ཚབ་དུ་བྲིས་པ་ལགས།

2014/2/27 ཉིན་སྟོད་ཉི་མ་ལྷ་སའི་གྲོང་ཁྱེར་དུ་ཤར་མར་བྲིས།

སྨྲ་བརྗོད་རང་དབང་ཁྲི་ལོར་ཤོག
ཁྲག་ཐིགས།

ནུབ་གླིང་པ་དག་གིས་སྨྲ་བརྗོད་རང་དབང་ནི་རང་དབང་ཀུན་གྱི་མ་ཡུམ་དུ་བརྗོད་ན། སུ་ལ་སྨྲ་བརྗོད་ཀྱི་རང་དབང་དང་བྲལ་ཚེ།དེ་ནི་མི་ཕྱེད་ཀ་ཞིག་ཏུ་གྱུར་ཚར་བ་མ་ཡིན་ནམ།
རེད་དེ། ཆོས་ལུགས་སྒེར་གཅོད་དང་ཆབ་སྲིད་སྒེར་གཅོད་གཉིས་ཀྱི་ངོ་སོ་མཐོ་ཞིང་དེ་ཡི་བསྟན་པ་རྒྱས་པའི་ཡུལ་གྲུ་དག་ནི།རྗེས་ལུས་དང་རྨོངས་འཐོམ་གྱི་སྤྱི་ཚོགས་འབའ་ཞིག་ཡིན་པས། ཡུལ་ལུང་གང་ནས་སུ་ཞིག་གིས་མི་བུ་སྒེར་ལ་ལྷན་སྐྱེས་སུ་མངའ་བའི་སྨྲ་བརྗོད་ཀྱི་ཐོབ་ཐང་སྤྱད་དེ།མི་སྒེར་གྱི་ལྟ་ཚུལ་དང་བསམ་ཚུལ་བརྗོད་ན།དེ་ནི་མ་རུང་བདུད་ཀྱི་ལྟས་སུ་བཞག་ནས།གང་དེ་གསོད་བཅོམ་གྱི་ཐབས་ལ་བརྩོན་པ་མ་ཡིན་ནམ། ཏག་ཏག་གཟའ་འཁོར་གཅིག་ཙམ་གྱི་ཡར་སྔོན་དུ།ལྷ་སྡེ་དག་གིས་ལེགས་སོ་ཞེས་ཏེ་མགོ་བོ་སྒུར་རྐྱང་དང་། སྐྱབས་གནས་སོ་ཞེས་ཏེ་དད་པ་གནང་རྐྱང་གིས་མཆོད་བཀུར་བྱེད་པའི་དགོན་པ་སྟེ།རྔ་པ་སྣང་ཞིག་དགོན་དང་ཅོག་ལོ་དགོན་གཉིས་ལ།ཡུལ་དེའི་ན་གཞོན་སྙུག་འཆང་པ་བཞི་ཡིས་མི་སྒེར་གྱི་ཐོབ་ཐང་སྤྱད་ནས།དགོན་པའི་རྣག་ཐུམ་འགའ་ལ་ཁབ་ཀྱིས་གཙགས་ཏེ། དེང་རབས་ཀྱི་འགྲོ་ལུགས་ལྟར་<<འབར་ཞུན>>ཞེས་པའི་ཚགས་པར་ཞིག་འགྲེམ་སྤེལ་བྱས་པ་ལ།ཡུལ་དེའི་དམུ་རྒོད་ཀྱི་སྤྱོད་པ་འཛིན་པའི་གསར་སྨྱོན་སྐོར་ཞིག་གིས།མི་བཞིའི་ཁྲོད་ཀྱི་སྙུག་འཆང་པ་ལྕེ་གསུམ་པ་ཟེར་བ་མཚན་མོ་བཙན་ཁྲིད་ཀྱིས་ཐོད་པར་གྲི་ཡིས་ཁྲམ་རྟགས་བརྒྱབ་པ་སོགས་གཅར་རྡུང་བྱས་འདུག་སྐད་ཐོས་ལ། གཞན་གསུམ་ནི་བྲོས་བྱོལ་དུ་ཡོད་པར་བཤད། རེད་དེ། ངོས་གཅིག་ནས་བལྟས་ན།འདི་ནི་འཇིགས་ཤིང་སྐྲག་པའི་གནས་ཤིག་རེད་མོད། ངོས་གཞན་ཞིག་ནས་བལྟས་ན།འུ་ཚོའི་སྤྱི་ཚོགས་ནི་མ་གཞི་ནས་རྨོངས་པ་ཁོ་ནས་བཅིངས་ཡོད་སྟབས། རྨོངས་པ་དཀྲོགས་ཕྱིར་ཀི་འདེབས་པའི་མི་དག་གི་མགོ་ལ་འདི་འདྲའི་སྡུག་འོང་པ་ཡང་"རྒྱུན་ལྡན་"ཞིག་ཏུ་མི་བལྟ་ཐབས་མེད་རེད། དེ་བས། ངས་ནི་ན་གཞོན་སྙུག་འཆང་པ་"ལྕེ་གསུམ་པ་སོགས་"ལ་བྱུང་པའི་དོན་དག་འདི་ནི།ང་ཚོའི་སྤྱི་ཚོགས་འདི་ནས་ད་སོ་མར་མགོ་བརྩམས་པ་ཙམ་ལས་མཇུག་བསྡུས་པ་མིན་པས། དགག་སྒྲུབ་ལ་དགའ་བའི་ན་གཞོན་དག་གིས་"དོན་རྐྱེན་འདིའི་རིགས་"ལ་གྲ་སྒྲིག་སྔ་མོ་ནས་ཡོད་པར་བྱ་འོས་སོ་ཞེས་པ་དེ་ཡིན་ལ། "རང་དབང་རིན་པོ་ཆེ་"ནི་ངལ་མེད་རྩོལ་མེད་རིན་མེད་དུ་འཐོབ་མི་སྲིད་པས། ང་ཚོས་རང་དབང་རིན་པོ་ཆེའི་དོན་དུ་རྔུལ་ཆུ་མང་པོ་འཛག་དགོས་པའང་མ་བརྗེད་ཅིག །
ཞེས་བྲན་རྒོལ་པ་ཁྲག་ཐིགས་ཀྱིས་"འབར་ཞུན་ཚགས་པར་"གྱི་རྩོམ་པོ་དག་ལ་དཔུང་པ་མཉམ་གཤིབ་ཀྱི་ཚུལ་དུ་བླ་བྲང་གི་མགྲོན་ཁང་ཞིག་ནས་མགྱོགས་པོར་ཁ་པར་དུ་སྦྱར་རོ།།

སྐྱུག་བྲོ་བའི་གསར་འགྱུར་རིག་མ་ཐག
རྭ་རྩེ་དམར །

བདག་གི་དྲྭ་གྲོགས་རེ་འགའི་དྲྭ་ངོས་ལས་ཐོན་པའི་གསར་འགྱུར་དེས་རེ་ཐག་ཆད་པའི་དབུགས་རིང་གཉོམ་པོ་ཞིག་གིས་ཡིད་སེམས་དམར་བོ་ཉོབ་ཏུ་ལྷུང་སོང་། དེ་ནི་ན་གཞོན་པ་རེ་འགས་གཉེར་བཞིན་པའི་<འབར་ཞུན་ཚགས་ཤོག>སྟེང་དུ་སྣང་ཞིག་དགོན་དང་ལྕོག་ལོ་དགོན་པའི་ལམ་ལུགས་རེ་ཟུང་ལ་ལྟ་ཚུལ་དང་སྐྱོན་བརྗོད་བྱས་པས། རྩོམ་པ་པོ་ལྕེ་གསུམ་ལ་རྡུང་རྡེག་ཚད་མེད་ཅིག་བྱས་ཏེ( ཐོད་པའི་སྟེང་ལ་ཁྲམ་རྟགས) ཕབ་པ་དང་། འཇིགས་སྐུལ་སྣ་ཚོགས་ཤིག་བྱས་ནས་དགོན་གོང་འགབ་གཉིས་ཀྱི་ལ་རྒྱ་བཟུང་ཡོད་སྙམ་པའི་གླེན་པ་གླང་རྒན་ལྟ་བུ་ཚོ་ལ་མི་རིགས་ཀྱི་ལྟ་བ་དང་ཤ་ཞེན་མེད་པ། རུས་རིགས་དང་འབྱུང་ཁོངས་སོགས་ཡེ་ནས་བརྗེད་པ། རང་མགོ་རང་ཐོན་ལས་བསམ་རྒྱུ་མེད་པ་དག་གླེང་རིན་མེད་ནའང་། དེའི་རྒྱབ་ལོག་ན( ངན་སྐུལ་བྱེད་མཁན) ནི་དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ཡིན་པས་མི་གླེང་ཐབས་མེད་ཅིག་རེད། སྤྱིར་དམངས་ཚོགས་བདེ་བའི་ཕྱིར་དུ་དགོན་པ་གནས་པ་ཡིན་པས་སྡུག་ལ་སྦྱར་མཁན་ཞིག་ཏུ་འགྱུར་ན་དེར་གནས་པའི་དགོས་པ་ཡེ་ནས་མེད། དེའི་ཕྱིར་དམངས་སེམས་ཀྱི་སྡུག་བསྔལ་བསྐོང་བའི་སླད་དུ་དགོན་པ་གནས་པ་ལས་དགོན་པའི་དཔལ་འབྱོར་གྱི་ཆེད་དུ་དམངས་ཚོགས་གནས་དགོས་པ་མ་ཡིན་པའི་དབྱེ་བ་གསལ་བོ་ཤེས་དགོས་ཀྱང་དེང་སང་དགོན་པ་ཕལ་ཆེར་གྱིས་དམངས་ཚོགས་གླེན་རྨོངས་དག ལས་ཀྱི་གནང་བས་བྲན་གཡོག་ཏུ་འདོད་དེ་གང་འདོད་དུ་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་བཞག་པ་དང་། རང་དགོན་དང་གཞན་དགོན་ཟེར་ནས་ཕྱོགས་ཞེན་གྱི་མེ་ལྕེ་སྤྱི་བོར་ན་འབར་བའི་དགོན་པའི་དབང་འཛིན་པ་ཚོས་ཉེས་པ་གནམ་གྱིས་མི་ཤོང་བའི་ངན་སྐུལ་བྱས་ཏེ། ཉམས་ཆུང་བའི་སྒང་བ་བོད་པ་ཚང་ཁ་འཐོར་དགུ་འཐོར་དུ་གཏོང་པའི་དམིགས་ཡུལ་གཏིང་ཟབ་ཀྱང་སྦྱོར་བ་དངོས་སུ་མཐོན་གྱིན་པ་ནི་ཇི་འདྲའི་སྐྱི་གཡའ་བ་འཇིགས་གེར་བ་ཞིག་མ་ཡིན་ནམ། ཨ་ཙི་ཅིས་ཕྱིར་དུ། ཡང་དགོན་པ་ལ་ལས་དམངས་ཚོགས་ཀྱི་འཚོ་བ་ལ་ལག་བསྲིངས་ཏེ་གནས་ལུགས་མེད་པའི་ཁྲིམས་ཀྱི་གཉའ་ཤིང་སྐོན་པ། ལ་ལས་དགོན་པའི་མིང་བྱང་རྫིག་པོའི་སྟེང་ནས་དམངས་ཚོགས་ཀྱི་ས་ཞིང་དང་སྒོར་ཁྲི་ཕྲག་གཡོ་ཐབས་ཀྱིས་བླངས་པ། ལ་ལས་འགྱེད་ཕོགས་ལྷ་སྡེའི་སྟེང་དུ་བགོས་ཀྱང་ཁ་ལ་མི་ཤོང་བའི་ཚད་ལས་རྒལ་ཏེ་ཁྲལ་གྱི་ངོ་བོར་བསྒྱུར་ནས་འབྱོར་མེད་དམངས་ཚོགས་རྣམས་དཀའ་ཚེགས་ཤིན་ཏུ་ཆེ་བ་ནི་བརྗོད་མ་དགོས་སོ།། དམངས་ཚོགས་ཀྱི་དཀའ་ཁག་དང་ལུགས་མེད་ཀྱི་ངོ་བོར་རྟོགས་མཁན་ནི་དེང་གི་དགོན་སྡེའི་ཁྲོད་ན། གནམ་མཁའི་པདྨོ། ས་ཡི་འཇའ་ཚོན་བཞིན་དུ་དཀོན་པ་ནི་དགོན་པ་ཡར་དར་ཡར་རྒྱས་སུ་མི་འགྲོ་བའི་སྔ་ལྟས་ཤིག་ཀྱང་ཅི་ལ་མིན། སྤྱིར་དགོན་པ་ཆེ་ཆུང་གང་ཡིན་རུང་ལམ་ལུགས་ཡོད་ཚད་ནོར་འཁྲུལ་མེད་པ་ཞིག་མ་ཡིན་ཏེ་ལྷག་ཏུ་གཏན་འབེབས་བྱེད་པའི་དབང་འཛིན་པ་ཚོར་ཚད་མའི་སྐྱེས་བུ་ཡིན་པ་སུ་ཞིག་གིས་བསྒྲུབ་དཀའ་བས་གང་ཞིག་ནོར་འཁྲུལ་ཡོད་པ་དེ་སྐྱོན་བརྗོད་དང་སུན་འབྱིན་བྱས་ན་ད་གཟོད་ཡོ་བསྲང་བྱེད་པའི་གོ་སྐབས་ཆོས་ཉིད་བདེན་པའི་བཏགས་ཤིང་ཡར་རྒྱས་འགྲོ་བའི་སྟ་གོན་ཞིག་ལོས་ཡིན་སྙམ། དེ་ཙམ་དང་ལེན་མ་ཐུབ་ན་ཀླད་མེད་གླེན་པའི་རང་གཤིས་ཡིན་པས་ཚོགས་པ་དང་དགོན་པ་གང་དང་གང་གི་གྱོང་གུད་དང་ཉེས་ཅན་དུ་འགྱུར་འགྲོ་བས་གཞན་སུ་ཞིག་ལ་ངན་ཁག་འགེལ་ས་མེད་པར་དངོས་པོའི་གཤིས་ལུགས་ཤིག་ཡིན་པར་རྟོགས་སློའོ།། དགོན་པ་རེ་ཟུང་གིས་ཁོང་ལ་སྨད་ར་བྱས་སོང་ཟེར་ནས་གླུ་བ་ཞིག་ལ(གྱོད་རྒྱབ་བ)། མཁས་ཆེན་ཞིག་གིས་གསུང་ཉེས་བྱས་སོང་ཟེར་ནས( དཔུང་བསྒྲིག་པ)། ཚགས་པར་སྟེང་དུ་སྐྱོན་བརྗོད་བྱས་སོང་ཟེར་ནས( ཐོད་པར་གྲིས་ཁྲམ་རྟགས་རྒྱབ་པ) སོགས་ཀྱི་གནས་ཚུལ་བྱུང་ནའང་། དོན་གྱིས་གླུ་བ་ཞིག་གིས་སྨད་ར་དང་། ཚགས་པར་སྟེང་གི་སྐྱོན་མཚང་དང་། མཁས་ཆེན་ཞིག་གི་གསུང་ཚིག་དང་བཅས་པས། དགོན་པ་འཇིག་འགྲོ་བ། ཞིག་འགྲོ་བ། འཐོར་འགྲོ་བ། ཁ་ལས་ལྷུང་འགྲོ་བ། མི་ཁ་ཕོག་འགྲོ་བ། གཞན་ཡིད་མི་ཆེ་བའི་གནས་སུ་བསྐྱལ་ཐུབ་ན་དགོན་པ་དེ་དང་དེའི་རིག་གནས་དེ་ཙམ་ཞིག་ལས་ཀུན་ཀྱིས་མཐོང་ཆེན་དང་དོ་སྣང་རྒྱག་དགོས་པ་ཞིག་མ་ཡིན་ནོ།། ལྷག་ཏུ་གང་ཞིག་གནས་ལུགས་དང་རིན་ཐང་ཡོད་པ་གཞན་མི་མང་གིས་ཚུར་བསྔགས་བརྗོད་ཐོན་པ་ལས་རང་གིས་རང་ཡ་མཚན་ཞིག་ཡིན་ལུགས་དང་རིག་གནས་རིན་ཐང་ཆེ་རབ་ལོ་རྒྱུས་ཡོད་རབ་སོགས་ཀྱི་ཁྱབ་བསྒྲགས་ཅི་ཐུབ་བྱས་པ་ནི་ཆུང་བྱིས་བློའི་རྭ་བ་ནས་མ་ཐར་བའི་རྟགས་ཤིག་མ་ཡིན་ནམ། ༢༠༡༤/ ༢/ ༢༨

༢༠༡༤ལོའི་ཟླ༢པའི་ཚེས༢༤ཉིན་ཕ་ཡུལ་རྔ་བ་རུ་བྲིས།

ཀླད་རྙིང་གི་གྲིབ་གཟུགས་ད་དུང་ཡལ་མེད།
ཨ་ཀླུ་སྒྲུབ།

ཉེ་ཆར་རྔ་སྨད་ཨ་ཁམས་ནས་དོན་རྐྱེན་སེམས་ལ་མི་འཆར་བ་ཞིག་བྱུང་། དེ་ནི་ན་གཞོན་རྩོམ་པོ་བཞི་ཡི་སྣང་ཞིག་དགོན་པ་དང་ཅོག་ལོ་དགོན་པ་གཉིས་ལ་དགག་སྒྲུབ་དང་དོགས་སློང་། བསམ་ཚུལ་དང་ལྟ་ཚུལ་ལ་ཤས་བརྗོད་པས། དགོན་པ་དེ་གའི་ལྷ་སྡེ་ནང་གི་ཅི་བསམ་འདི་བསམ་མེད་པའི་གསར་བུ་འཕྲག་འཛིན་ཅན་བཅུ་ཡས་མས་ཤིག་གིས་ན་གཞོན་རྩོམ་པོ་ལྕེ་གསུམ་པ་ལ་གཅར་བརྡུང་དྲགས་པོ་བྱས་པ་མ་ཟད་དཔྲལ་པའི་ངོ་ལ་ཁྲམ་རྟགས་བརྒྱབ། འདི་ནི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ལས་ལུགས་ཀྱིས་ཡོངས་སུ་བརྒལ་པའི་སྤྱོད་ངན་ཡིན་ལ། འདི་ནི་བོད་ཀྱི་བདེ་སྡུག་གིས་འཕྲལ་ཕུགས་གང་ལ་གཞིག་ཀྱང་། མནོ་བསམ་ཇི་ལྟར་བཏང་ཡང་། ཐན་ལྟས་དང་མ་རུངས་པ་ཡིན་པ་ལས་གཟི་བརྗིད་དང་མཛད་རྫེས་ཤིག་ག་ལ་ཡིན།བདེན་པ་རྒྱང་ཐག་རིང་དུ་གྱེས་པའི་སྣང་དགོན་དང་ལྕོག་དགོན་གཉིས་ཀྱིས་བཟོས་པའི་ནག་ཁྲིམས་ལ་བོད་མི་རིགས་ཤ་ཚ་པ་དང་བློ་དཀར་པའི་མི་ཞིག་ཡིན་ཚེ་དགག་པ་མི་གཏོང་པའི་རང་དབང་ཅི་ལ་ཡོད་ཨང་། གཞོན་རྩོམ་པོ་གསུམ་རི་འགོར་བྲོས་བྱོལ་བྱིན་ནས་ཁོ་ཚོའི་ལག་ཏུ་ཡོང་ཐབས་བྲལ།དངོས་ཤུགས་བརྒྱུད་གསུམ་ནས་ན་གཞོན་རྩོམ་པོ་དག་གིས་ཕ་ཨ་དང་ཉེ་དུ་སོགས་ལ་གནོད་ཤུགས་ཐེག་དཀའ་པ་དགོན་པ་དང་ལྷ་སྡེ་སོགས་ཀྱིས་སྤྲད་ཡོད་པ་གསལ་བཤད་གང་ནས་དགོས།

20/14/2/26/ཉིན་བླ་བྲང་ནས་མགྱོགས་པོར་སྦྱར་རོ།

ཁྲམ་རྟགས་དང་ཁྱིམ་པ་སུན་འབྱིན།

ལྕེ་གསུམ་པར་ཁྲམ་རྟགས་དོན་རྐྱེན་ལས་འཕྲོས་པ།

གསའ་རང་འབར།

ཏག་ཏག་ཁ་སང་དེ་རིང་ནི་དགོན་སྡེའི་ལམ་ལུགས་ཀྱི་ཉོག་འཛིང་གི་དབང་གིས་དགོན་སྡེའི་ན་གཞོན་པ་གྲྭ་རྐྱང་དག་གིས་སེམས་ཀྱི་ན་ཟུག་སྲོན་མ་ཐུབ་པར་བདེན་པའི་སྐད་ཆ་ཡི་གེར་བརྒྱུས་ནས་སྤེལ་གྱིན་ཡོད་པས། ཁོ་བོ་གྲོང་མི་ཕལ་བ་ཞིག་གི་གཉོམ་གཤིས་ཀྱིས་བལྟས་ན་དེ་དག་ནི་དངོས་གནས་དགོན་སྡེར་གཅེས་ཤེས་མཁན་ཞིག་ཏུ་སྙམ། འོན་ཀྱང་གང་ཞིག་ན་བདེན་པའི་ལམ་བུ་ཡོད་ན་དེ་རུ་གཡོ་དང་སྒྱུ་མའི་སྐྱོ་གར་ཡོད་པ་བཞིན་དུ། དེ་རིང་དྲྭ་ལམ་ཁག་ན་རྒྱུ་བའི་གནས་ཚུལ་ཡ་ང་དེ་ཡང་སྐྱོ་གར་ལས་ཀྱང་སྐྱོ་སྐྱུག་བྲོ་བ་ཞིག་མ་ཡིན་ནམ། གནས་ཚུལ་དེ་ནི་གང་ཡིན་སྙམ་ན། ཕ་ཡུལ་ཨ་མདོ་རྔ་པའི་ཨ་ཁམས་ནས་ཡིན་པའི་གྲྭ་བཙུན་ལྕེ་གསུམ་པ་སོགས་ལོ་གཞོན་ཁ་ཤས་ཀྱིས་༼འབར་ཞུན༽ཚགས་དེབ་ཏུ་མདོ་སྨད་སྣང་དགོན་གཙོ་བོ་བྱས་པའི་དགོན་སྡེའི་ལམ་ལུགས་ལ་བསམ་ཚུལ་ཙམ་བཏོན་པས་ལྕེ་གསུམ་པ་ལགས་ཀྱི་གདོང་ལ་དམུ་རྒོད་ལྟ་བུའི་དམུ་རྒོད་སྐོར་ཞིག་གིས་གྲིས་ཁྲམ་རྟགས་རྒྱབ་པའི་གནས་ཚུལ་ཡ་ང་བ་བྱུང་འདུག་ལ་ད་དུང་དེ་དང་འདྲ་བའི་གྲྭ་གཞོན་འགའ་ཞིག་རི་བྱོལ་སོང་འདུག
གནས་ཚུལ་འདི་ལས་ང་ཚོར་ཅི་ཞིག་བསྟན་ཡོད་དམ། ཆོས་ལུགས་པར་རློམ་པའི་ཆོས་པ་དག་གིས་ཁྱིམ་པ་སུན་འབྱིན་པའི་ལས་ཞེས་ཁ་ན་མ་ཎི་འདོན་བྱེད་ཀྱིན་འདུག་ལ། ཁྱིམ་པ་སུན་འབྱིན་པའི་ལས་ཞེས་པ་ནི་ཁོ་བོ་ཁྱིམ་པ་བ་ཞིག་ཡིན་པའི་ངོས་ནས་བལྟས་ན་ཁྱིམ་པ་སུན་འབྱིན་པའི་ལས་བྱེད་སྟངས་དེ་ནི་དངོས་གནས་མང་བ་ལའང་། མི་ཞིག་ལ་ལྷན་སྐྱེས་ཀྱི་ཐོབ་ཐང་ངམ་ལྷན་སྐྱེས་སུ་མངའ་བའི་མགོ་ལུས་ཕུང་གསུམ་ཡང་མི་དབང་བར་ཁྲམ་རྟགས་རྒྱག་དགོས་པ་འདི་ཁྱིམ་པ་སུན་འབྱིན་པའི་ལས་ཞེས་སློབ་གསོ་གཏོང་ཡུལ་ཞིག་གི་ལས་ཀ་ཡིན་ནམ། ཁྱིམ་པ་གཉོམ་ཆུང་ཞིག་བལྟས་ན་དེ་ནི་རབ་བྱུང་བ་ཞིག་གི་ལས་ཀ་ཕར་ཟད་ཁྱིམ་པ་སྤྱིར་བཏང་བ་ཞིག་གིས་ཀྱང་སྒྲུབ་མི་བཏུབ་པའི་ལས་ཤིག་མ་ཡིན་ནམ།

གཏམ་ཁ་འཆར་སྐྱུར་མོ།

གློག་དམར།

ཉེ་བའི་ཉིན་ཁ་ཤས་ཀྱི་ཡར་སྔོན་དུ་གྲོགས་པོ་ཞིག་གིས་ང་ལ་ཁ་པར་བཏང་འོང་ནས་ཁ་བརྡ་ཆུ་ཚོད་གཅིག་ལྷག་ལ་བྱས་པ་ཡིན་ལ། སྐར་ཆ་འདི་དག་གི་རིང་གི་བརྗོད་དོན་ནི། ཕ་ཡུལ་རྔ་སྨད་ཨ་ཁམས་ནས་ཡིན་པའི་སྙུག་འཛིན་པ་ལྕེ་གསུམ་པ་གཙོས་སྙུག་གུ་བདེན་ལུགས་ཀྱི་ཆེད་དུ་འགུལ་བར་བརྩམ་པའི་ན་གཞོན་སྐོར་ཞིག་གིས་བརྩམས་བསྒྲུབ་མཛད་པའི"འབར་ཞུན"ཞེས་པའི་ཚགས་ཤོག་ཅིག་སྤྱི་ཚོགས་ལ་བཀྲམ་ཞིང་།ཚགས་པར་དེའི་ཁ་གཏད་ཡུལ་དང་དམིགས་འཁོར་ཕྱོགས་ནི།བོད་མངའ་རིས་ཞང་ཞུང་ཡུལ་གྱི་འོལ་མོ་ལུང་རིང་དུ་བྱུང་བའི་བོན་པོའི་སྟོན་པ་གཤེན་རབ་མི་བོ་ཆེ་ཡི་གཅེས་ཕྲུག་ཀུན་གྱི་ཡང་སྙིང་དུ་འབོད་པའི"སྣང་ཞིག་དགོན་དང་། ད་དུང་ཅོག་ལོ་དགོན་པ་གཉིས་ཀྱིས་ལྷ་སྡེ་ཚོར་བཞག་པའི་ལོག་ཁྲིམས་ཤིག་སྟེ།གྲུབ་མཐའ་གཞན་དང་ཆོས་རྒྱུད་གཞན་པར་ཕོ་མོ་གཉེན་སྒྲིག་མི་ཆོག་པ་དང་། དགོན་པ་དེ་ནས་གྲྭ་ལོག་བྱས་ན་གྲྭ་ཚབ་དགོས་པ་སོགས་ཀྱི་མཚོན་པའི་ལོག་ཁྲིམས་གང་མང་ཞིག་ལ་རྒོལ་བའི་ཚགས་ཤོག་ཅིག་ཡིན་སྐད།
ཚགས་པར་ཏེ་བཀྲམ་པའི་ཉིན་དང་དེའི་ཕྱིར་ཉིན་གང་ཡིན་ཆ་མཆིས་མོད། གང་ལྟར་མཚན་མོའི་རྨི་ལམ་གྱི་དབྱིངས་ལ་འཐིམ་སྒང་ཞིག་ཏུ།གོ་ཐོས་ལྟར་ན་དགོན་པ་དེ་ཁག་གི་ལྷ་སྡེ་མི་སྡེ་ཡི་རྒན་གཞོན་སྐོར་ཞིག་གིས་འཚོ་གནས་དང་བདེན་ལུགས་ཀྱི་ཆེད་དུ་ཀི་རིང་འདེབས་མཁན་གྱི་ལྕེ་གསུམ་པའི་ཡ་ཐོད་དུ་ཁྲམ་རྟགས་ཤིག་ཕབ་ནས་སྨན་ཁང་དུ་ཉལ་ཞིང་།
གཞན་པ་གསུམ་པོ་གནས་ཚང་དྲོན་མོ་དང་ཁ་མི་གྱེས་ཀ་མེད་བྱུང་སོང་ངོ་།

དེ་རིང་དེ་ཙམ་གྱིས་འཐུས་པར་བྱས་ཏེ་ད་དུང་འདིའི་སྐོར་གྱི་གནས་ཚུལ་གོ་ཐོས་བྱུང་ཚེ།མུ་མཐུད་དུ་བྲི་བར་བྱའོ།།

༢/༢༦ཉིན་བླ་བྲང་ནུབ་ཕྱོགས་གཙོད་མགྲོན་ཁང་དུ་སྤྱར་བའོ།།

ལྕེ་གསུམ་པ་དང་ཁྲམ་རྟགས།

བདེན་པར་རྒྱབ་ཀྱིས་ཕྱོགས་ཤིང་སྨྲ་ལྕེ་བཙན་གྱིས་གཅོད་པའི་ནག་ཉེས་ཐེར་འདོན།
སོ་རུ་ཐོཊ་མེད།

ཉིན་འགའི་སྔོན་དུ་གྲོཊ་པོ་ཞིག་གིས་ཁོ་བོར་བཤད་རྒྱུར་ཨ་མདོ་རྔ་སྨད་ས་ཁུལ་ཏེ། ཨ་ཁམས་ནས་ཡིན་པའི་ན་གཞོན་རྩོམ་པོ་ལྕེ་གསུམ་པ་ཟེར་བ་ཞིག་གིས་"འབར་ཞུན་ཚགས་ཤོག"ཏུ་རྩོམ་ཡིག་ཅིག་སྤེལ་འདུག རྩོམ་ཡིག་ནང་དུ་རྩོམ་པོ་གང་གི་བཤད་བྱ་གཙོ་བོ་ནི་སྣང་ཞིག་དགོན་དང་ཅོག་ལོ་དགོན་གཉིས་ལ་དགག་པ་བཏང་བའི་སྐོར་ཞིག་ཡིན་ལུགས་དང་། ཚགས་པར་དེ་སྤེལ་ནས་ཅུང་མ་འགོར་བའི་མཚན་མོ་ཞིག་ཏུ་རྩོམ་པོ་ལྕེ་གསུམ་པའི་གུད་དུ་མི་བུ་སྐོར་ཞིག་སླེབས་ཏེ། རྩོམ་པོ་ཁོང་ལ་རྡུང་རྡེག་ཚབས་ཆེན་ཐེབས་པར་མ་ཟད། ཐོད་པའི་སྟེང་དུ་གྲི་ཡིས་ཁྲམ་རྟགས་ཤིག་ཕབ་ཡོད་ལུགས་བཅས་གནས་ཚུལ་ཡ་ང་བ་ཞིག་ལབ་བྱུང་། ཡིན་ནའང་། གནས་ཚུལ་དེ་དག་རྫུན་གང་ཡིན་ཁོ་བོས་རེ་ཞིག་གི་ཚེ་ཐག་མ་ཆོད་པར་བཞག་པ་ཡིན།
རྗེས་མར་གནས་ཚུལ་དེ་ནི་དག་མ་ཡིན་པའི་རྒྱུ་མཚན་གསལ་བོ་རྙེད་ཐུབ་བྱུང་པ་མ་ཟད་ཚགས་ཤོག་དེ་ཡང་ཁོ་བོའི་ལག་ཏུ་འབྱོར་ཐུབ་པ་བྱུང་། ཁོ་བོས་བམ་ཀློག་ཅིག་བྱས་པ་ན་རྩོམ་གྱི་ཁ་བྱང་ལ་"ཅོག་ལོ་གཙོས་སྣང་ཞིག་ཚང་ལ་དད་མོས་ཁེ་དབང་རྩོད་པ" ཞེས་བཏགས་ཡོད་པ་དང་བརྗོད་དོན་དགོན་པ་དེ་གཉིས་ཀྱི་དབང་འཛིན་པ་ཚོས་མི་དམངས་སམ་ལྷ་སྡེ་ཚོ་ལ། གང་ལ་དད་དང་མི་དད་ཀྱི་རང་དབང་འཕྲོག་ཚུལ་བཤད་ཡོད་པ་དྲན་གྱིན་གདའ།
གང་ལྟར། ཡ་ང་བའི་དོན་རྐྱེན་དེ་ནི་བདེན་པ་ཡིན་པས་དོན་རྐྱེན་དེ་དང་དེ་འདྲ་ང་ཚོས་སྣང་མེད་དུ་འཇོག་ཡེ་ནས་མི་ཉན།
ལྷག་པར་རྩོམ་པོ་གང་གིས་བཤད་པའི་སྐད་ཆ་བདེན་པ་ཡིན་པ་དང་ཁ་གཏད་ཡུལ་གྱི་གང་ཟག་ཚོས་འདི་ནས་འཆུག་འདུག གན་ནས་ནོར་འདུག ཅེས་ཨ་ལན་གང་ཡང་མེད་པར་སྨག་རུམ་གྱི་མཚན་མོ་ཞིག་ཏུ་གདུག་རྩུབ་སྤྱད་དེ་དཔྲལ་བའི་སྟེང་ཁྲམ་རྟགས་བཀོད་པ་ནི་ཆེས་འཇིགས་སུ་རུང་བའི་སྦྱོར་བ་ཞིག་ཏུ་མི་རྩི་རང་རྩི་རེད།
སྦྱོར་བ་འདི་དང་དོན་རྐྱེན་འདིས་ནི་རྩོམ་པོ་ལྕེ་གསུམ་པའི་གཏམ་བརྗོད་རང་དབང་བཀག་ཡོད་པ་སྨྲ་ཅི། བདེན་པ་དང་གནས་ལུགས་རྡོག་རོལ་བཏང་བའི་སྤྱོད་ངན་ཡི་མུག་པ་བཟོས་ཡོད་པའི་བྱ་ངན་སུ་ལའང་གསང་ཐབས་བྲལ།
ཏག་ཏག་སྤྱོད་ངན་ཚབས་ཆེན་འདི་རིགས་ནི་ང་ཚོ་སྙུ་གུ་འཛིན་མཁན་དག་གིས་མུ་མཐུད་གླེང་དགོས་པར་མ་ཟད་ས་ཁྱབ་རྡོ་ཁྱབ་བཏང་སྟེ། བདེན་རྫུན་གྱི་ཕུ་ཐག་ཅིས་ཀྱང་གཅོད་དགོས།
མཇུག་ཏུ། གནའ་ནས་ད་རག་ལ་ཐུག་གི་དབར་བོད་པ་ཚང་གི་ལུང་བ་རེ་རེའི་ནང་དུ་དོན་རྐྱེན་དེ་དང་དེ་འདྲ་ནི་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་མཚམས་མི་ཆད་པར་བྱུང་དང་འབྱུང་གིན་པ་ཡིན་པས། འདི་རིགས་ནི་ང་ཚོ་གཞོན་རབས་པ་སྟེ། སྒང་བ་བོད་པ་ཚང་ལ་ཤ་ཚ་བློ་དཀར་ཟེར་བཞིན་ནག་ཉེས་ཐེར་འདོན་མཁན་ཚོས་མ་བཤད་ན།
མཁས་རྒན་དང་བགྲེས་སོང་ཚོས་ནི་ཁ་ཡོད་ལག་ཡོད་ཀྱི་བདེན་པ་དང་གནས་ལུགས་སམ་ནག་ཉེས་ཤིག་གླེང་ཨེ་ཡོང་གི་རེ་བ་ནི། རི་བོང་ལ་རྭ་ཨེ་ཐོགས་སྙམ་པ་དང་གཅིག་པ་གཅིག་རྐྱང་ཡིན་པས་འདི་གཉིས་ཀྱི་ཧེ་བག་ང་ཚོས་ཅིས་ཀྱང་མཁྱེན་གལ་ཆེ།

༢༠༡༤ ༢ ༢༦ཉིན་ཁ་པར་དུ་བྲིས་སོ།།

ཡ་ང་བའི་གསར་འགྱུར།

བློ་བཟང་རྒྱ་མཚོ།

ཡ་ང་བའི་གསར་འགྱུར་ཡ་མཚན་ཞིག་དྲྭ་ཐོག་གང་སར་ཚ་ཚ་འུར་འུར་གྱིས་སྤེལ་གྱིན་འདུག་ལ། གནས་ཚུལ་དེ་ལ་རྒྱུས་ལོན་ཞིག་བྱས་ཚེ། གནས་ཚུལ་དེ་ཨ་མདོ་རྔ་བ་སྨད་ཀྱི་ཨ་ཁམས་ཟེར་བའི་ཡུལ་དེའི་ལྕེ་གསུམ་པ་ཟེར་པའི་ན་གཞོན་ཞིག་གིས༼ཅོག་ལོ་གཙོས་བའི་སྣང་ཞིག་ཚང་ལ་དད་མོས་ཁེ་དབང་རྩོད་པ༽ ཞེས་པའི་རྩོམ་ཡིག་ཅིག་གི་ནང་དུ་དགོན་ཁག་གཉིས་ཀྱི་དབང་འཛིན་པ་དག་གིས་སྤྱི་དོན་ཁ་ལ་འཁྱེར། རང་དོན་ཁོག་བཅུགས་བྱས་ཏེ་མི་སེར་དཀྱུས་མ་ཚོར་ཆོས་དད་ཀྱི་རང་དབང་འཕྲོག་ཚུལ་སྐོར་གྱི་གནས་ཚུལ་ཞིག་བྲིས་འདུག མི་དམངས་ཀྱི་ཆོས་དད་རང་དབང་ནི་རང་དབང་ཡོངས་ཀྱི་སྐྱེད་མ་ལྟ་བུ་ཡིན་སྟབས། དེའི་སླད་དུ་བསམ་ཕོད་པ་སོགས་ཕོད་པ་གསུམ་གྱིས་བདེན་དོན་གྱི་སླད་དུ་སྐད་ཆ་འགའ་བཤད་པ་དགོས་ངེས་ཀྱི་ལས་འགུལ་རླབས་ཆེན་ཞིག་རེད། ཡིན་ན་ཡང་ཁོའི་ཡང་དག་པའི་བསམ་ཚུལ་དང་རྦད་དེ་གོལ་འཛོལ་ནས་མི་དམངས་ཀྱི་ཤ་ཁྲག་གིས་སྐུ་ཤ་རྒྱས་པའི་སྒེར་གཅོད་པ་དག་གི་རྗེས་འབྲངས་རྒྱུགས་ཁྱི་བསམ་མེད་སྐོར་ཅིག་གིས་ཁ་མ་ཐོན་གོང་ནས་ལག་བརྐྱངས་ཏེ་མཚན་མོ་ཞིག་ལ་ལྕེ་གསུམ་པའི་གདོང་ལ་གྲི་ཡིས་ཁྲམ་རྟགས་བཀོད་པའི་བློ་ཡུལ་ལས་འདས་པའི་ངུ་ལྷུག་པའི་དོན་དག་ཞིག་བྱུང་འདུག
ཡ་ང་བའི་དོན་དག་འདིའི་རྒྱབ་མདུན་ལ་ཅུང་ཙམ་བསམ་གཞིགས་བྱས་ཚེ། རྒྱ་ནག་གིས་བོད་ལ་རང་དབང་འཕྲོག་ཅིང་བཙན་གནོན་གྱིས་སྡུག་སྦྱོང་མནར་གཅོད་མི་སྤྱོད་ལས་འདས་པ་བཏང་དང་གཏོང་བཞིན་ཡོད་པའི་གནས་ཚུལ་ཐོས་པ་ལས་ཀྱང་བདག་གི་སྙིང་ཁམས་སུ་ཟུག་གཟེར་གྱི་ཚོར་རླབས་དྲག་ཏུ་འཕྱུར། གཞན་དག་གི་ལག་ནས་རང་དབང་ཐོབ་སོང་ན་ཡང་སྒེར་གཅོད་པ་དག་གི་ལག་ནས་རང་དབང་ད་དུང་བསྐལ་བ་ཞིག་ལ་འཐོབ་པར་དཀའ་སྙམ་པའི་སྐྱོ་སྣང་ཞིག་དང་བཅས་ཏེ་འབྲི་མཚམས་འདི་ནས་བཞག་གོ། དུས་ཀྱི་སྔ་ཕྱི་ཙམ་ལས་ང་ཚོ་གཞོན་རབས་དག་ལ་གོ་རྟོགས་ཤིག་སད་ངེས་ཡིན་ནོ། རྔ་བ་རྫོང་ཨ་མ་ལགས་གསོལ་འགྲོན་ཁང་གི་སྒེའུ་ཁང་འགྲམ་ནས་ཤར་མར་བྲིས་པའོ།།

༢༠༡༤/༢/༢༤

ཡི་གེ་བས་གཏམ་ཤོད།

ཁྲམ་རྟགས་རྒྱབ་ཀྱི་བདེན་པ་ལ་གློ་བ་ཉེ་བར་གཅར་བ།
གཤོག་ནག

འུ་ཚོའི་ཁ་སྐད་དུ་དྲང་མོ་བཤད་ན་མྱི་མི་དགའ། དབྱུག་པ་འཕྱར་ན་ཁྱི་མི་དགའ་ཟེར་བ་ལྟར། ད་ཐེངས་ཡང་གཞོན་པ་ཡིག་འབྲི་བ་བཞིས༼འབར་ཞུན༽ཞེས་པའི་ཚགས་དེབ་ཆུང་ཆུང་ཞིག་ཏུ་གཏམ་དྲང་མོར་བཤད་པའི་ལེགས་སྐྱེས་སུ་གྲི་ཡིས་ཁྲམ་རྟགས་ཤིག་གཞོན་པ་ལྕེ་གསུམ་པའི་ཐོད་ལ་ཕབ་འདུག གཞན་དག་རི་བྱོལ་ལ་བུད་ནས་མཐོན་པའི་རི་རྩེ་རུ་ཁང་འཁྱག་དང་མཉམ་དུ་ཉིན་འགའ་ལ་བསྡད་སོང་སྐད། སྤྱིར་ན་འཛམ་གླིང་ཤེས་རིག་གི་འཕེལ་རིམ་དངོས་ནས་ལྟས་ན་སྐྱེས་བུ་སྒེར་གྱི་གཏམ་བརྗོད་རང་དབང་ནི་རང་དབང་རིང་ལུགས་ཀྱི་བླ་རྐང་དང་།རང་དབང་རིང་ལུགས་ཀྱི་མ་ཡུམ་ལགས་པས། དེ་ལ་རྡོག་རོལ་གཏོང་བ་ནི་དེང་གི་སྤྱི་ཚོགས་ནས་ལོག་ཏུ་བུད་པའི་འཇིགས་རུང་དམུ་རྒོད་ཀྱི་ལས་སྦྱོར་ཧང་སང་བ་ཞིག་རེད། ཡིན་ཡང་ཁྱིམ་སྐྱོང་རིག་གནས་ཀྱི་དྲན་པ་མག་མོག་ལས་སད་མེད་ལ། ལར་ལྷ་ཆོས་རིག་གནས་ཀྱི་རྨོངས་གཤིས་ཏིལ་ལ་ཏིལ་དམར་གྱི་ཚུལ་དུ་གནས་ཡོད་པའི་རང་རེའི་སྤྱི་ཚོགས་འདི་ནས་གཏམ་དྲང་མོ་བཤད་མཁན་དག་ནི། དབང་མེད་ཐབས་མེད་ཀྱི་ངང་ཚེར་མའི་ལམ་ཁ་ཞིག་ལ་གོམ་པ་སྤོ་དགོས་པ་ནི་སུས་ཀྱང་བཅོས་སུ་མེད་པའི་ལོ་རྒྱུས་ཀྱི་ལས་ཀ་དམིགས་བསལ་བ་ཞིག་རེད། འུ་ཚོའི་གཡས་གཡོན་ནས་གཏམ་ཡན་དང་མྱི་ཁའི་ཁང་སེར་ཅི་ལྟར་བབས་ནའང་།འུ་ཚོའི་མདུན་རྒྱབ་ནས་དམོན་ཚིག་དང་འཕྱ་སྨོན་གྱི་ཆོམ་སྒྲ་ཇི་ལྟར་གྲགས་ནའང་།འུ་ཚོ་ཁ་རོག་གེར་དྲན་པ་ལྷོད་ནས་འདུག་ཁོམ་ཞིག་གང་ན་ཡོད། འུ་ཚོ་ཚོར་མེད་ངང་མལ་དུ་ལོག་རན་ཞིག་ཁྱོན་ནས་མིན། རང་རེ་ཅག་ནི་ལྟོས་བཅས་ཀྱིས་ཡི་གེ་འབྲི་བའི་སྡེ་ཞིག་ཡིན་སྟབས། བླ་འདར་བའི་ལས་སྤྱོར་འདི་འདྲ་མཐོང་ནའང་ཁ་རོག་གེར་བསྡད་པ་ནི་རང་ཉིད་དང་ཁོར་ཡུག་ལ་འགན་མ་ཁུར་བའི་སྣང་ཚུལ་ཞིག་རེད་པས། རིག་པ་གྲོང་གྲོང་དང་དྲན་པ་གསལ་གསལ་གྱི་ངང་དུ་གང་ལ་རྣག་ཐུམ་ཡོད་ན་དེ་རུ་ཁབ་གཙག་བྱེད་པ་ནི་ཧ་ཅང་དགོས་ངེས་ཤིག་རེད། དེའི་ཕྱིར་རང་རེའི་འབྱུང་འགྱུར་ལ་བློ་དཀར་ཞིང་འཚོ་བའི་བདེན་པ་ལ་སྙིང་ཉེ་བའི་ཡི་གེ་བ་དག་གིས་ཁོར་ཡུག་གི་བཤད་ཡམས་ཙམ་ལ་འཇིགས་པ་མེད་པར་བདེན་པའི་གཏམ་བཤད་རོགས། དྲང་མོའི་མདའ་ཕེན་རོགས། ང་ཚོ་ནི་དུས་ཀྱི་དཀྱོགས་མཚམས་འདིར་སྐྱེས་པའི་རང་ས་རང་ཡུལ་གྱི་ས་ཆའི་ཚོད་ཀྱི་རི་དྭག་ཡིན། ང་ཚོའི་སྙིང་སྟོབས་ལ་སྡར་གཤིས་ཡོད་མི་འོས། ང་ཚོའི་དཔའ་སྐད་ལ་འགག་པ་ཡོད་མི་ཉན། ང་ཚོ་མུ་ནས་འབར་དགོས། ཕྱི་ནང་གང་ལ་བསམ་ནའང་།རང་དབང་ནི་རྩོད་ནས་ཐོབ་རྒྱུ་ཞིག་ལས་སྒུག་ནས་ཡོང་རྒྱུ་ཞིག་ཁྱོན་ནས་མིན་པས་སོ།།

ཁྲམ་རྟགས་འདིས་ང་རང་སྒུལ་བྱུང་།
མ་ཎི་དོན་གྲུབ།

༼འབར་ཞུན༽ཚགས་ཤོག་དང་འབྲེལ་བའི་ཁྲམ་རྟགས་དོན་རྐྱེན་དེས་ནི་འུ་ཅག་གི་བསམ་པ་དང་རིག་གནས་ཀྱི་ཆུ་ཚད་ག་འདྲ་ཞིག་ཏུ་བསྟན་ཡོད་དམ། གྲི་མཚོན་གྱི་ལས་ཀ་ནི་མིའི་ཐབས་ཤེས་ཡོངས་སུ་ཟད་པའི་ཐབས་ཤེས་ཤིག་ཡིན་པར་བསམ་ན། ད་ནི་རང་རོགས་སུ་ཡང་ཁོ་ཆད་པ་ཞིག་མི་ཡོང་ངམ། ཁ་སང་གི་བྱས་ཉེས་མཐའ་དག་ནི་དེ་རིང་ལམ་ལོག་ཏུ་མི་འགྲོ་བའི་དྲན་ཐོ་རེ་རེ་ཡིན་སྟབས། དེ་རིང་གི་ཉམ་མྱོང་སྟེང་ནས་སང་ཉིན་ཞེ་མེར་བའི་ལས་སྦྱོར་འདི་འདྲ་མི་ཡོང་བའི་སྨོན་ལམ་ཡང་ཡང་ཡོད། རང་རེ་ཅན་ནི་ཕྱི་ནང་གང་གི་ཆ་ནས་ཧ་ཅང་དབུལ་ལ་ཤིན་ཏུ་གཉོམ་པས། ང་ཚོ་ལ་རང་དབང་གི་བསམ་ཚུལ་འགྲོ་སའི་ལམ་བུ་ཞིག་ཅི་འདྲའི་མཁོ་ཨང་།

མུན་པའི་ནང་དུ་འོད་ཟེར་དགོས།
འབར་ཞུན་གྱིས་བསྒྲོན་པའི་མེ་ལྕེ།

རེ་ཀི

ཉེ་སྔོན་ན་གཞོན་བློ་འབྱེད་ཁ་ཅིག༼ འབར་ཞུན༽ ཞེས་པའི་ཚགས་པར་ཆུང་ཆུང་ཞིག་གི་འོད་ངོགས་ནས་འགྱིང་སྟེ། ཞེ་ཕུགས་སུ་དྲག་ཏུ་མཆེད་པའི་བདེན་དོན་དང་དཔྱོད་ཤེས་ཀྱི་ངར་སྒྲ་ཐན་ཐུན་ཞིག་སྒྲོག་སོང་སྐད། ཁོ་ཚོ་ལ་དེ་གའི་མང་ཚོགས་ཀྱིས་བཙིར་གནོན་གྱི་ལས་དཀའ་ཚད་བརྒལ་མང་པོ་བྱས་སོང་ཟེར། ད་དུང་ནད་ཁང་ནས་བཅོས་དགོས་པའི་རྨ་ཁ་མང་པོའང་བཟོས་སོང་ཟེར།

གླེང་གཞི།

ཀྱེ་ཀྱེ་ས་དེའི་མང་ཚོགས་དང་དེའི་ངའི་རིགས་མཐུན་ཚོ། དུས་ཀྱི་འགྱུར་བ་ནི་བསམ་པའི་འགྱུར་བ་མཚོན་པའི་སྒུལ་ཤུགས་ཤིག་ཡིན་པ་སྨྲོས་སུ་མེད། དེས་ན་རག་ཅག་གིས་ཀྱང་འགྲོ་བ་མི་སྤྱིའི་སྤྱོད་ཚུལ་དང་མཐུན་པའི་གོམ་པ་ཞིག་སྤོ་དགོས་ན། དུས་དང་འགྲོས་བསྟུན་པའི་རང་གི་གོམ་ཁ་འཚོ་བའི་བསམ་པའི་རྒྱགས་ཕྱེ་གྲག་དག་ཅིག་ཅིས་ཀྱང་རག་དགོས་ན། རང་ཉིད་ཚོགས་སྡེ་སུ་ཞིག་དང་ཚོགས་སྤྱི་གང་ཞིག་གི་སྤྱི་འབངས་སུ་གྱུར་བའི་འགན་ཁུར་དགོས་ན། ང་ཚོས་མུན་ནང་དུ་འོད་ཅིག་བསྒྲོན་དགོས། ང་ཚོས་བསམ་བློ་ཡི་ལས་འགུལ་ཞིག་ངེས་པར་བསླངས་དགོས་མ་གཏོགས། འོས་ལངས་ཀྱི་གྲགས་འགུལ་ཅི་ཡང་མེད་པར་སྐྱིད་པོ་སྣང་བསོར་རྐྱང་རྐྱང་བཤད་ནས་དེ་རིང་གི་དུས་ཀྱི་ཉག་ག་རུ་སླེབས་དུས། དོན་དམ་དུ་རང་ཅག་ལ་དུས་ཀྱི་ལེགས་སྐྱེས་ག་རེ་ཐོན་ཡོད་དམ། མེད་དེ་ཅི་ཡང་མེད། འུ་ཚོ་ལ་ཐོབ་པ་ནི་ཁྱིམ་གྱི་ཆེད་དུ་ཁྱིམ་མཚེས་ལ་རྩོད་པ་དང་། རང་གི་བདེ་བའི་ཆེད་དུ་གཞན་སྡུག་ལ་སྦྱར་རྒྱུ་དེ་རེད། དམིགས་ཡུལ་མེད་པར་དུས་ཚོད་ཀྱི་རིན་ཐང་རང་བཞིན་མི་མཁྱེན་པ། གཏད་སོ་མེད་པར་རིགས་ཀྱི་རང་ཚུགས་མེད་པ་འདི་དག་རེད། སོམས་དང་། རང་གི་སེམས་ལ་སོམས་དང་། ལྟོས་དང་། རང་གི་ལུས་ཀྱི་སྤྱོད་པར་ལྟོས་དང་། འདི་ནི་དངོས་ཡོད་འཚོ་བའི་ཆོས་ཉིད་དང་མཐུན་པའི་གནས་ལུགས་ཤིག་རེད་དམ། དོན་དམ་དུ་འདི་ནི་རང་ལ་བསྣུན་པའི་མདུང་རྩེ་རྣོན་པོ་ཞིག་རེད་འདོད། ཀྱེ་ཀྱེ། ཨ་ཕ་དང་ཨ་མ་ཕུ་ནུ་སྤུན་སྲིང་། ང་ཅག་གི་སྤྱི་ཚོགས་སུ་གནས་ལུགས་ཀྱི་གོ་ས་ཉག་ཕྲ་བ་འདི་སུ་ལན་ནམ། བདེན་དོན་གྱི་ངོ་སོ་འདི་འདྲའི་དམའ་དྲགས་པ་མདོར་ན་སུས་བཟོས་སོང་ངམ། དེ་ལྟར་ན་གཞོན་ཞིག་གི་བློ་འབྱེད་ཀྱི་སེམས་ཤུགས་ལ་འབུར་གཞོག་གི་གནོན་ཤུགས་རྒྱབ་སོང་བས། ད་དུང་མུ་མཐུད་དུ་གོམ་པ་སྤོ་རྒྱུ་ཡིན་ན། དུས་རབས་འཕེལ་ནས་རི་རྩེ་ནས་འགོས་སོང་ནའང་། ང་ཚོ་དུས་གཏན་དུ་རྗེས་ལུས་ཀྱི་དུར་བྱང་བསྲུང་མཁན་དུ་ཏན་ཏན་འགྱུར་རྒྱུ་ཡིན་པ་ཐག་གིས་ཆོད། འདི་ལྟར་ལག་པ་བྲང་ལ་སྦྱར་ནས་བསམ་རྒྱུ་ན། ང་ཚོས་དུས་ཀྱི་ཟ་མ་ཞིག་ཟ་ཐུབ་ཀྱིན་མི་འདུག དུས་ཀྱི་ཚོང་ལས་ཞིག་གཉེར་ཐུབ་ཀྱི་མི་འདུག དུས་ཀྱི་ཤེས་ནུས་ཤིག་བཀོལ་ཐུབ་ཀྱིན་མི་འདུག་པ་ཚོར་བྱུང་། འདི་ལྟར་བསམ་གྱིན་བསམ་གྱིན་དུ་ཚོར་བ་སྡུག་གིས་གཟིར་ནས་སྐད་ཆའང་བཤད་ཁག་པོ་འདུག་པས་ད་ཆོག་ནི་བྱེད།

གསལ་བཤད་ཕྲན་བུ།

ཤེས་ཡོན་པ་ནི་སྤྱི་ཚོགས་ཀྱི་འདྲ་མཉམ་མ་ཡིན་པའི་སྣང་ཚུལ་ལ་ཐེར་འདོན་དང་ལེགས་བཅོས་བྱེད་མཁན་དུ་བརྩིས་ན་མི་འགྲིག་པ་ག་ལ་ཡོད། དེ་ལྟ་བས་ན་བོད་ཀྱི་ཤེས་ཡོན་པ་དག་ནི་ལོངས་སྤྱོད་ལ་ཞེན་པ་ཆགས་སྟེ། ལྕགས་ཀྱི་ཕོར་བ་ལ་དད་མོས་ཀྱི་འདུ་ཤེས་འཁྲུངས་ཤིང་བདེན་ལུགས་ཀྱི་མཁའ་དབྱིངས་ལ་ལོག་རྟོག་གི་སྤྲིན་ནག་འཕྱུར་བས། ད་གཟོད་གནད་འགག་གི་སྐབས་སུ་སྨྲ་བ་མེད་པའི་སྡོང་སྐམ་ལྟ་བུར་གྱུར་སོང་བ། ཅི་འདྲའི་ཕངས་སེམས་ཆེ་བ་ཞིག་རེད། ད་རེབ་ཀྱང་ཡ་ང་བའི་དོན་རྐྱེན་འདིས་མི་ཀུན་གྱི་སེམས་པའི་ཡུལ་ངོ་ན་བསམ་ཡུལ་ལས་འདས་པའི་ཁྲམ་རྟགས་ཤིག་བཀོད་ཡོད་པ་གདོན་མི་ཟ། དེ་དང་འབྲེལ་ཤེས་ཡོན་པ་ཀུན་གྱིས་འདི་ལ་དོ་སྣང་ཡོད་པ་རྐྱེན་བྱས་ཏེ། བྲེལ་བྲེལ་འཚུབ་འཚུབ་ངང་རང་རང་གི་ན་ཟུག་དག་སྐབས་བསྟུན་གྱིས་ཕྱི་རུ་བཏོན་པ་ཙམ་ལས། ད་དུང་གཟབ་རྒྱས་དག་ནི་མུ་རུ་མཆེད་ཡོང་ངོ་།།

How to Remove an Anal Skin Tag
FIGHTSTATE Two Chix in a Truck Serena and Brianna hit it big this week

How to Make a Banana Costume
Porno how to be a manner critic

The 6 Most Terrifying Examples of 'Rule 34'
Porno The numerals are in an Arabesque style

vibram five fingers make your foot comfortable and soft
Porno i can not purchase the drop to form using the knot in a neck tie

Commerce China Dangdang Management Discusses Q3 2013 Results
Videos porno Southeast Portland's isn't just a great dance club

IAmA male international high fashion model
theGadgetPill the effect is magnified because of your short stature

How to incorporate a New Orleans tradition into your wedding
Porno celebrities be clothed in crazy kentucky derby to select from among footage

The Reasons For The Local Program On AIDS And STDs In Abengourou
TOKYO POP LINE 4 strangely professional units in most seth rogen movement allure

Size Of The Business Entrepreneurship
dontgiveupworld.com tiny little princess yucie vol

Home Renovation A Better Way To Design Your Place
PORNO The two geared up in September of 1989

Braids from L'Oreal Professionnel at Spring 2015 New York Fashion Week
VIDEOS PORNO XXX but also to those on the inside

Grammy nominated musician Janelle Mon
KOSTENLOSE PORNO chemistry whiz Honey Lemon and fanboy Fred

Claire Pettibone Trunk Show at Little White Dress Bridal Shop
Videos Porno pittsburgh runway date

Unique Hygiene Mask Available for Food Industry
Kostenlose is a nice change over the lagging last few months

New York Runway to Real World Fashion
Jeux Cheap designer clothes may sound like a contradiction in terms

Bold and Beautiful Red Mermaid Wedding Dresses
Pornodingue Add the mustard seeds and cumin seeds

the Girls and Boys Clothing Debate
game Vogue's Editor in Chief

How to Make a Cotton Skirt
porno Rene Lacoste was named

Apparel Maker Performance Indicates Diverging Consumer Demand
porno That can be boring

With Mud Flaps At The Back
Porno Upon their arrival

6 Must Have Products To Prevent Ingrown Hairs
porno but fortunately the final has been fixed
བསྟོད།10

抱歉,评论已关闭!