[འོས་སྦྱོར]རིག་རྩལ་གློག་བརྙན༼ ལག་དམར ༽གློག་བརྙན་ཁང་དུ་བསྟན་ཏེ་སྒོར་ཁྲི་སྟོང་གཅིག་ལྷག་གི་ཟིན་ཐོ་བརྒལ་འདུག

རིག་རྩལ་གློག་བརྙན༼ ལག་དམར ༽གློག་བརྙན་ཁང་དུ་བསྟན་ཏེ་སྒོར་ཁྲི་སྟོང་གཅིག་ལྷག་གི་ཟིན་ཐོ་བརྒལ་འདུག

གསར་འགོད་པ། འཇམ་དབྱངས་ཉི་མ།

གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་འདིས་འབྲས་བུ་འདི་འདྲ་ཞིག་བླངས་ཐུབ་ཡོད་པ་ནི་མིག་སྔར་གྱི་རིག་རྩལ་གློག་བརྙན་གྱི་གནས་སྟངས་ལ་ལམ་ཁ་གསར་བ་ཞིག་བཏོད་ཡོད་པ་མ་ཟད། བོད་མི་རིགས་རང་གི་གློག་བརྙན་ལས་རིགས་ཀྱི་ཕྱོགས་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཞིག་ཀྱང་བསྐྲུན་ཡོད་པ་རེད།

        རྒྱལ་ཡོངས་ཀྱི་ལྟད་མོ་བའི་སྡེ་ལ་རིག་རྩལ་གློག་བརྙན་གྱི་སྐོར་ལ་གཟིགས་པའི་གོམས་གཤིས་ཡག་པོ་ཞིག་ཆགས་མེད་ལ་མྱོང་རོལ་གྱི་ཆུ་ཚད་ཀྱང་ཅུང་ཞན། དེ་བས་མིག་སྔར་སྒྱུ་རྩལ་གློག་བརྙན་གྱི་འཚོ་སྡོད་ཀྱི་གནས་སྟངས་དེ་ཅུང་གུ་དོག་པའི་རྣམ་པ་ཞིག་གྲུབ་ཡོད་པ་རེད། ཡིན་ཡང་ད་ཐེངས་ཀྱི་གློག་བརྙན་༼ ལག་དམར ༽གྱིས་སྔར་ཡོད་ཀྱི་གནས་སྟངས་དེ་ལ་འདའ་འགོང་མཛད་ཐུབ་ཡོད་པ་རེད།

 

༼ ལག་དམར ༽གྱིས་ནང་དོན་དང་རྣམ་པ་ཀུན་ནས་གཟིགས་མོ་བ་དག་ལ་རིག་རྩལ་གློག་བརྙན་ཞེས་པ་དེ་ག་འདྲ་ཞིག་ཡིན་པ་ལ་ངེས་ཤེས་གཙང་མ་ཞིག་འདྲེན་ཐུབ་ཡོད་པ་མ་ཟད། དེར་མྱོང་རོལ་ཇི་ལྟར་བྱེད་དགོས་པ་དང་ངེས་འཛིན་ཇི་ལྟར་བྱེད་དགོས་པའི་གནད་ལ་ཐབས་ལམ་གསལ་བོ་ཞིག་ཀྱང་འདོན་སྤྲོད་བྱེད་ཐུབ་འདུག དེ་བས་གློག་བརྙན་༼ ལག་དམར ༽གྱིས་རིག་རྩལ་གློག་བརྙན་གྱི་བརྩམས་ཆོས་ཉིད་དང་གཟིགས་མོ་བའི་སྡེ་གཉིས་ཀྱི་བར་ལ་འབྲེལ་ཟམ་ལེགས་པོ་ཞིག་བསྐྲུན་ཡོད་ལ། འདི་ནི་བོད་ཀྱི་གློག་བརྙན་ལས་རིགས་དང་ཡང་ན་རྒྱལ་ཡོངས་ཀྱི་སྒྱུ་རྩལ་གློག་བརྙན་བརྩམས་ཆོས་རིགས་ཀྱི་འཕེལ་ཁ་ལ་རྨང་སྟུག་པོ་ཞིག་འདིང་བཞིན་ཡོད་པའི་ལྟས་ལེགས་པོ་ཞིག་ཀྱང་རེད།

བསྟོད།20

དཔྱད་མཆན་སྤེལ།