བོད་ཀྱི་ཟློས་གར་ཆེན་མོ་ཡིད་འཕྲོག་ལྷ་མོའི་འཁྲབ་སྟོན་བདེ་ལེགས་ངང་མཇུག་སྒྲིལ།

 རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པའམ་མཚོ་སྔོན་བོད་ཀྱི་ཟློས་གར་ཚོགས་པས་སྤྱི་ཟླ་5པའི་ཚེས་23དང་ཉེར་བཞི་སྟེ། ཉིན་གཉིས་ཀྱི་རིང་ལ་བོད་ཀྱི་ཟློས་གར་ཆེན་མོ་ཡིད་འཕྲོག་ལྷ་མོ་མཚོ་སྔོན་ཟློས་གར་ཁང་ཆེན་མོའི་ནང་དུ་རྒྱ་ཆེའི་ལྟད་མོ་བ་དག་གི་སྤྱན་ལམ་དུ་ཕུལ་བ་དང་མཚོ་སྔོན་ཟློས་གར་ཁང་ཆེན་མོ་ནས་ཐོག་མོའི་འཁྲབ་སྟོན་གནང་བ་བདེ་ལེགས་ངང་ལེགས་འགྲུབ་བྱུང་བ་དང་། འཁྲབ་སྟོན་བྱས་མཐར་ཆེད་མཁས་པ་དང་རྒྱ་ཆེའི་ལྟད་མོ་བ་དག་གིས་ཀྱང་དགའ་བསུ་རྒྱ་ཆེར་ཐོབ་པར་མ་ཟད། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་མགོ་ཁྲིད་དག་གིས་ཀྱང་གདེང་འཇོག་མི་དམན་པ་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པའམ་མཚོ་སྔོན་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་བཅོས་སྒྲིག་པ། འཁྲབ་སྟོན་པ་ཚང་མས་ཟླ་ངོ་གསུམ་ལྷག་གི་རིང་ལ་རྡོག་རྩ་གཅིག་སྒྲིལ་གྱིས་ངང་ནས་འབད་འབུངས་དང་སྟ་གོན་གྱ་ནོམ་པ་བྱས་པར་མ་ཟད།   ཁོ་ཚོས་མཐུན་སྒྲིལ་གྱི་ལག་ཟུང་དམ་དུ་སྦྲེལ་ནས་དཀའ་ཁག་དང་བར་ཆད་ཡོད་ཚད་ལ་གདོང་གཏད་ནས་གྲུབ་འབྲས་རྒྱ་ཆེར་བླངས་པ་ནི། རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པའམ་མཚོ་སྔོན་བོད་ཀྱི་ཟློས་གར་ཚོགས་པའི་གྲུབ་འབྲས་ཡིན་པར་མ་ཟད། བོད་ཀྱི་ཟློས་གར་སྤྱིའི་སྡིངས་ཆ་ལ་ཡང་ཁ་དོག་རྣམ་པར་བཀྲ་བའི་གཟི་དཔལ་བསྩལ་ཡོད་འདུག

འཁྲབ་གཞུང་ངོ་སྤྲོད་མདོ་བསྡུས།

     གནའ་སྔ་མོའི་དུས་ཀྱི་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་ཞིག་ལ། ལྗོན་པའི་ཡུལ་གྱི་ལྷ་མོ་རྣམས་དུས་ལྟར་མངའ་ལྡན་ཁབ་ཀྱི་མཛེས་སྡུག་ངོ་མཚར་ལྡན་པའི་ཚངས་པ་འདུས་པའི་རྫིང་བུ་རུ་ཁྲུས་ལ་ཕེབས། ཁྲུས་ཀྱི་བྱ་བ་ལེགས་པར་གྲུབ་ནས་ཕྱིར་རང་ཡུལ་དུ་ལྡོག་པར་རྩོམ་པའི་ཚེ། སྔ་མོ་ནས་ནགས་གསེབ་ཏུ་ཡིབས་པའི་རྔོན་པ་སྤང་ལེབ་འཛིན་པས་དོན་ཡོད་ཞགས་པ་འཕངས་ནས་དྲི་ཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་གྱི་སྲས་མོ་ཡིད་འཕྲོག་ལྷ་མོ་བཟུང་། རྔོན་པས་ཡིད་འཕྲོག་བཟུང་ནས་རང་གི་གཏན་གྲོགས་བྱ་བསམ་མོད་ཡིད་འཕྲོག་གཏན་ནས་མ་འཐད། སྐབས་དེར་ཀེའུ་རིའི་དྲང་སྲོང་བློ་གྲོགས་རབ་གསལ་ཕེབས་ནས་འདུམ་མཛད་དེ་ཡིད་འཕྲོག་ལྷ་མོ་མངའ་ལྡན་ཁབ་ཀྱི་རྒྱལ་སྲས་ནོར་བཟང་མཆོག་ལ་འབུལ་དགོས་པར་གདམས། ཕོ་བྲང་བུ་མོ་ལྔ་བརྒྱ་དང་འགྲོ་རྣམས་བདེ་ལ་འགོད་ཕྱིར་ཡིད་འཕྲོག་མས་ཀྱང་དྲང་སྲོང་གི་ངག་བཞིན་ཁས་ལེན་དམ་བཅའ་མཛད།

མངའ་ལྡན་ཁབ་ཏུ་ཡིད་འཕྲོག་དང་ནོར་བཟང་གཉིས་ཀྱིས་གཉེན་གྱི་འདུན་མ་བསྒྲིགས་ཏེ་གཅིག་སེམས་གཅིག་ལ་འདྲེས། སྐབས་དེར་ནོར་བཟང་གི་སྔོན་བཞེས་བཙུན་མོ་དོན་གྲུབ་དཔལ་མོར་ཕྲག་དོག་གི་མེ་ལྕེ་འབར་ཏེ། ཨ་མཆོད་ཧ་རི་དང་ངན་འབྲེལ་སྒོས་ནོར་བཟང་གཡུལ་དུ་བསྐྱོད་པའི་གོ་སྐབས་དང་བསྟུན་ནས་རྒྱལ་པོའི་མཚན་ལམ་དཀྲུགས་ཤིང་། གཡོ་ཐབས་སྣ་ཚོགས་ཀྱིས་ཡིད་འཕྲོག་སྒྲོལ་བའི་བཀའ་མདའ་བླངས། ཡུམ་ཆེན་གྱི་རོགས་རམ་འོག་ཡིད་འཕྲོག་རེ་ཞིག་སྲོག་ལས་ཐར་ཏེ་ལྗོན་པའི་ཡུལ་དུ་ཕེབས།

ནོར་བཟང་གཡུལ་ལས་རྣམ་པར་རྒྱལ་ཏེ་ཕྱིར་ཕེབས་པ་ན། ཡིད་འཕྲོག་མེད་པ་མཁྱེན་ནས་རྒྱལ་སྲིད་རྩྭ་བཞིན་དོར་ཏེ་ཡིད་འཕྲོག་འཚོལ་དུ་སོང་། ཁོང་གིས་འཇིགས་རུང་གི་འགག་ཕྲེང་དང་གཅན་གཟན་གྱི་གནོད་པ། འདྲེ་སྲིན་གྱི་འཚེ་བ་སོགས་ལམ་གྱི་དཀའ་བ་རེ་རེ་ཁྱད་དུ་བསད་ནས་མཐར་དྲི་ཟའི་ཡུལ་དུ་བསླེབས།

དྲི་ཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་གྱིས་ནོར་བཟང་གི་ཤེས་རབ་དང་དཔའ་རྩལ་ལ་ཉམས་སད་པའི་སླད་དུ་ཚོད་བགམ་མང་དུ་བྱས་མོད། ནོར་བཟང་འགག་ཕྲེང་རེ་རེ་ལས་རྣམ་པར་རྒྱལ། མཐར་ཁོང་གིས་གྱོན་གོས་དང་ཆ་ལུགས་སོགས་གཅིག་འདྲ་ཡིན་པའི་དྲི་ཟའི་བུ་མོ་སྟོང་དང་ལྔ་བརྒྱའི་ཁྲོད་ནས་ཡིད་འཕྲོག་རྙེད་པས། ཁོང་གི་ཤེས་རབ་དང་དཔའ་རྩལ་ལ་དྲི་ཟའི་རྒྱལ་པོའང་རྗེས་སུ་ཡི་རང་སྐྱེས་ཏེ་ཡིད་འཕྲོག་ནོར་བཟང་དང་ལྷན་དུ་མངའ་ལྡན་ཁབ་ཏུ་བཏང་།

མངའ་ལྡན་ཁབ་ཏུ་ནོར་བཟང་རྒྱལ་སྲིད་ལ་མངའ་གསོལ་ཞིང་མ་རུང་སྡིག་ཅན་ཐམས་ཅད་ཁྲིམས་ལ་སྦྱར། ཕོ་བྲང་བུ་མོ་ལྔ་བརྒྱར་རང་དབང་གནང་། མཐར་བརྩེ་བ་ལྐོག་གཡོ་ལས་རྒྱལ་ཞིང་། བདེན་པས་སྡིག་པ་མནན་ཏེ་བྱང་ཕྱོགས་མངའ་ལྡན་ཁབ་ཏུ་བཀྲ་ཤིས་མཚན་མས་ཁྱབ་ཅིང་། འབངས་རྣམས་བདེ་སྐྱིད་ཀྱིས་འཚོ་ཞིང་གནས་སོ། །

     ཚང་མས་ཤེས་གསར་ལྟར་ཡིད་འཕྲོག་ལྷ་མོ་ཞེས་པའི་ཟློས་གར་འདི་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་ཀྱི་ཡ་གྱལ་ཆོས་རྒྱལ་ནོར་བཟང་གི་ཆ་ཤས་ཤིག་ཡིན། རེད་དེ་ཐེངས་འདིར་འཁྲབ་སྟོན་བྱས་པའི་ཟློས་གར་ཡིད་འཕྲོག་ལྷ་མོ་འདི་སྔར་སྲོལ་གྱི་འཁྲབ་གཞུང་སོར་བཞག་བྱས་པའི་རྨང་གཞིའི་སྟེང་སྒྱུ་རྩལ་རྩོམ་ཐབས་ཀྱི་ཆ་ནས་ཕྱོགས་ཡོངས་ནས་གསར་བཅོས་བྱས་ཡོད་ལ། ཕྲ་ཞིང་ཞིབ་ཚགས་ལྡན་པའི་དེར་རབས་སྒྱུ་རྩལ་གྱི་ཉམས་འབུར་དུ་དོད་དེ་དུས་རབས་གསར་བའི་རྒྱ་ཆེའི་ལྟད་མོ་བ་དག་གི་མཛེས་དཔྱོད་ཀྱི་དགོས་མཁོ་ཕྱོགས་གང་ཐད་ནས་བསྐངས་ཐུབ་ཡོད་པ་རེད།

བསྟོད།18

དཔྱད་མཆན་སྤེལ།