[འོས་སྦྱོར]དེབ་གསར་ངོ་སྤྲོད།《བསྡུས་གྲྭའི་ཚིག་འཁྲི་ལ་དཔྱད་པ་བློ་གསར་རིགས་པའི་རྩེད་མོ》

ཚིག་འཁྲི་ཞེས་པ་ནི་ཅི་ཞིག་ཡིན་ནམ།
ཚིག་ལ་འཁྲི་བའི་རིགས་པ་སྣ་ཚོགས་ཀྱིས་ཕྱི་ངོས་ནས་བལྟས་ན་བདེན་པར་སྣང་ཡང་། དོན་གྱིས་དོན་ལ་མི་གནས་པའི་རྩོད་པ་དང་། ཡང་ན་རྩོད་པ་དེའི་རྒྱུར་གྱུར་པའི་དོན་ལ་མི་གནས་པའི་འདང་བརྒྱག་སྟངས་ཤིག་ལ་ཟེར། དངོས་ཡོད་འཚོ་བའི་ཁྲོད་དུ་དོན་ལ་མི་གནས་པའི་འདང་བརྒྱག་སྟངས་ཀྱི་དབང་གིས། རང་དང་འབྲེལ་འདྲིས་ཡོད་པའི་གྲོགས་པོ་དང་གྲོགས་པོའི་བར་དང་། བཟའ་ཟླ་དང་གཉེན་ཚན་གྱི་བར་ལ་སེམས་མི་སྐྱིད་པར་བྱེད་པའི་དགོས་མེད་ཀྱི་ཁ་རྩོད་མང་པོ་ཞིག་འབྱུང་བཞིན་ཡོད། ཁ་རྩོད་དེ་ཡང་མདོར་དེད་ན་གཏན་ཚིགས་མེད་པའི་འདང་བརྒྱག་སྟངས་རགས་མོ་དང་། འདང་བརྒྱག་སྟངས་སྐོར་ལོག་ལས་བྱུང་པ་ཡིན་པས་ང་ཚོས་དེ་དག་ལ་ངོས་ཟིན་ཐོབ་དགོས། ངོས་ཟིན་ཐོབ་དགོས་པར་མ་ཟད། ད་རུང་རང་གི་འདང་བརྒྱག་སྟངས་ཡང་དག་དང་ཞིབ་མོ་ཡོང་བར་གོམས་དགོས་སོ། དེ་ལྟར་བྱས་ན་ད་གཟོད་དོན་གང་ལ་ཞུགས་ཀྱང་ལྷོད་ཆགས་སེ་ཡོད་ལ། རང་གཞན་གཉིས་ཀྱི་བར་ལ་དགོས་མེད་ཀྱི་རྩོད་ཉོག་མང་པོ་ཡང་འབྱུང་དོན་མེད། དེས་ན་དཔེ་ཆ་གསར་བ་སྟེ། 《བསྡུས་གྲྭའི་ཚིག་འཁྲི་ལ་དཔྱད་པ་བློ་གསར་རིགས་པའི་རྩེད་མོ》ཞེས་པ་འདིའི་ནང་དུ། དེ་ལྟ་བུའི་དོན་ལ་མི་གནས་པའི་རྩོད་པ་དེ་དག་གི་ངོ་བོ་དང་སྐྱོན་མཚང་གསལ་བར་བྱས་ཡོད།

བསྡུས་གྲྭའི་ཚིག་འཁྲི་ཞེས་པ་ནི་ཅི་ཞིག་ཡིན་ནམ།
བསྡུས་གྲྭའི་ཚིག་འཁྲི་ཡང་དོན་ལ་མི་གནས་པའི་རྩོད་པ་ཞིག་ཨེ་ཡིན་ནམ། བསྡུས་གྲྭའི་ཚིག་འཁྲི་ཡང་རང་གཞན་གཉིས་ཀྱི་སེམས་མི་སྐྱིད་པར་བྱེད་པའི་རྩོད་པ་ཞིག་ཨེ་ཡིན་ནམ་ཞེ་ན། དེ་འདྲ་ཞིག་གཏན་ནས་མིན་ཏེ། ཐོག་མར་བསྡུས་གྲྭའི་ཚིག་འཁྲི་ནི་རང་གཞན་གཉིས་ཀྱི་རིགས་པ་རྒྱས་པར་བྱེད་པའི་སློབ་གཉེར་བྱེད་སྟངས་ཀྱི་བགྲོ་གླེང་ཞིག་ཏུ་གྱུར་ཡོད། དེ་ནི་གྲྭ་སའི་ཆོས་གྲྭ་ལ་རྒྱུས་ལོན་ཡོད་མཁན་ཞིག་ཡིན་ན་གསལ་བོར་རྟོགས་ངེས། དེའི་རྐྱེན་གྱིས་བསྡུས་གྲྭའི་ཚིག་འཁྲི་ལ་རང་གི་ཐུན་མོང་མ་ཡིན་པའི་ངོ་བོ་དང་ཁྱད་ཆོས་མང་པོ་ཞིག་ལྡན་ཡོད། དེའི་ཚུལ་རྣམས་ཞིབ་ཏུ་《བསྡུས་གྲྭའི་ཚིག་འཁྲི་ལ་དཔྱད་པ་བློ་གསར་རིགས་པའི་རྩེད་མོ》ཞེས་པའི་དཔེ་དེབ་འདིའི་ནང་ན་གསལ་བར་བྱས་ཡོད།

དཔེ་དེབ་འདིའི་ནང་དོན་རགས་བསྡུས་ངོ་སྤྲོད་བྱས་པ་དང་བསྟུན་ནས་ཀློག་པ་པོ་རྣམས་ལ་མཚམས་སྦྱར་བའོ། །

བསྟོད།36

དཔྱད་མཆན་སྤེལ།